
དཔྱིད་རླུང་ལྡང་། སྐྱེ་རྒུ་སོས། ཞིང་ལས་བྲེལ།
“སོན་ལས་ནི་གལ་ཆེ་ཤོས་ཡིན་ཞིང་། ཞིང་ལས་གཉེར་བར་སོན་ལས་ཡར་རྒྱས་གཏོང་དགོས”ཞེས་པ་འདི་ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་དུས་ཀྱི་གསུང་བཤད་རེད། གྲོ་ཡི་སོན་གསོ་གཉེར་བའི་འཐུས་མི་ཀའོ་ཏི་རུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ལ་འགོག་མཐོ་ཐོན་མཐོའི་སོན་རིགས་གསོ་སྐྱོང་བྱས་ནས་ཞིང་པའི་འབྲུ་རིགས་ཐོན་འབབ་འཕར་བའི་མྱོང་བ་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་བརྩེ་བ་ཟབ་མོས་ཐུགས་ཁུར་དང་འདྲི་ཞིབ་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཔྱིད་ཀའི་རྒྱས་ཚོགས”ཐོག་ས་བོན་སྐོར་གླེང་བ་དང་འབྲུ་རིགས་བདེ་འཇགས་སྐོར་ནན་བཤད་ཐེངས་མང་གནང་ཡོད། 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིང་ལས་ལས་རིགས་དང་། སྤྱི་ཚོགས་ཀྱི་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་གི་ཚོགས་འདུར་ཞུགས་ནས། “ངེས་པར་དུ་སེམས་ཐག་བཅད་ནས་རང་རྒྱལ་གྱི་སོན་ལས་འཕེལ་རྒྱས་གཏོང་དགོས”ཞེས་ནན་མངག་གནང་བས་ཚང་མའི་སེམས་སུ་སོན་ལས་ཀྱི་ཚན་རྩལ་རང་ཚུགས་རང་དར་གྱི“ས་བོན”བཏབ་ཡོད།
“འབྲུ་རིགས་མང་ཙམ་དང་ཉུང་ཙམ་ནི་འཐབ་རྩལ་གྱི་གནད་དོན་ཡིན་པ་དང་འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་ཡིན་ཞེས་ངས་ནན་བཤད་ཡང་ཡང་བྱས་པ་ཡིན།” “ངས་བསམ་གཞིགས་ཡང་ཡང་བྱས་པ་ལས་ངེས་པར་དུ་ཁ་གསལ་བཟོ་དགོས་པ་ཞིག་ཡོད་པ་དེ་ནི་ཞིང་ལས་དེང་རབས་ཅན་དང་ས་བོན་ནི་རྨང་གཞི་ཡིན” འདི་ལྟར་ནན་བཤད་ཡང་ཡང་གནང་བ་དང་བསམ་གཞིགས་ཡང་ཡང་གནང་བའི་རྒྱབ་ཏུ“ཀྲུང་གོའི་ས་བོན་དམ་འཛིན་བྱ་རྒྱུ”དང“ཀྲུང་གོའི་ཟས་ཕོར་བརྟན་པོ་ཡོང་བ་བྱ་རྒྱུའི”ཐུགས་དགོངས་ཟབ་མོ་བཞེས་ཡོད།
ལོ་དེར་ཧྲའན་པེ་གྲོང་གསེབ་ཀྱི་རུ་ཁག་ཏུ་ཞུགས་མ་ཐག་ལེའང་ཅ་ཧོ་རུ་ཆེན་གྱིས་གཞོན་ནུ་ཞི་ཅིན་ཕིང་རྫོང་གི་སོན་འདེབས་ས་ཚིགས་སུ་སོན་བཟང་གསོ་སྐྱོང་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་ལས་དོན་འདིར་ཧ་ཅང་ནན་ཏན་གནང་བ་དང་། འབྲེལ་ཡོད་ཤེས་བྱར་ཧ་ཅང་དགའ་པོ་ཡོད་པས་ཆེད་དུ་ཟིན་དེབ་ཆུང་ཆུང་ཞིག་གི་སྟེང་དུ་ཟིན་བྲིས་བརྒྱབ་པ་རེད། ས་ཁང་དུ་ལོག་ནས་གོ་སྐབས་བྱུང་ཚེ་ཚང་མར“ཕ་རྒྱུད་ཨང་དང་པོ་དང་། བུ་རབས་དང་པོ། བུ་རབས་གཉིས་པ་བཅས་བར་གྱི་འབྲེལ་བ”དང་། “རྒྱུད་འདྲེས་ལ་རྒྱུད་འདྲེས་ཀྱི་ལེགས་ཆ་ལྡན་དོན་ཅི་ཡིན”སོགས་སོན་འདེབས་ཤེས་བྱ་བཤད་པས་ཚང་མས་སྤྲོ་སྣང་ཆེན་པོའི་ངང་ནས་ཉན་པ་རེད། ཕྱིས་སུ་ཧྭ་བྱང་བདེ་ཐང་གི་ཞིང་ལས་རྫོང་ཀྲིན་ཏིན་དུ་འགོ་ཁྲིད་གཙོ་བོ་བྱས་ཏེ། ས་དེའི་སྲིང་བལ་སོན་གསོའི“ཡུལ་ཕྱོགས་ཆེད་མཁས་པ”ཡི་བྱས་རྗེས་ལ་རྒྱུས་མངའ་བྱུང་བས་ཚོགས་ཆེན་ཐོག་བསྟོད་བསྔགས་བྱས། ཧྥུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་དུས་ཞིང་ལས་ལས་བགོས་དོ་དམ་བྱས་ཏེ། “སོན་ལས་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་བ”དང་། ཀྲེ་ཅང་དུ་འགོ་གཙོ་དང་པོས“ཞིང་གསུམ”གྱི་ལས་དོན་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། ས་བོན་གྱི་སོན་མྱུག་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དར་སྤེལ་བཏང་། ཧྲང་ཧའེ་རུ་ས་ཁུལ་ཐོན་སྐྱེད་སྤྱི་འབོར་གྱི1%ཡང་མི་ཟིན་པའི་ཞིང་ལས་ལ་ཚད་མཐོའི་དོ་ཁུར་གནང་བ་དང་། “སོན་ཁུངས་ཞིང་ལས”ཀྱི་ཐ་སྙད་གླེང་སྐབས་དེང་རབས་ཞིང་ལས་འཕེལ་རྒྱས་བཏང་ནས་སྤུས་ལེགས་དང་། ལེགས་སྒྲིག སྟོབས་ཆེར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བྱང་ཤར་ཅན་སན་ཅང་གི་ས་ནག་དང་། སི་ཁྲོན་མེ་ཧྲན་གྱི་ཆུ་འབྲས་ཞིང་། ཀོང་ཏུང་ཀྲན་ཅང་གི་མཚོ་ཆུའི་གསོ་སྤེལ་ས་བོན་ལས་གྲྭའི་ལྷོ་ཕྱོགས་རྟེན་གཞི་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་ཡུལ་མང་པོར་ས་བོན་ལ་གཟིགས་སྐོར་གནང་བ་དང་ས་བོན་འདྲི་རྩད་གནང་བ་རེད། གསུང་བཤད་གལ་ཆེན་ཐེངས་མང་པོའི་ནང“བུ་བཟང་ལ་ཨ་མ་བཟང་དགོས་ཤིང་། སོན་བཟང་ལ་འབྲུ་མང་ལོན་པ”དང་། “ས་ཞིང་འདེབས་ན་ས་བོན་མ་འདེམས་ན་ཐང་ཆད་རུང་སྟོང་བར་འགྱུར་རྒྱུ”སོགས་རྒྱུན་དུ་སྤྱོད་པའི་སོ་ནམ་གཏམ་དཔེ་དང་། “ཡུའེ་རྒྱལ་བོ་ཀོའུ་ཅན་གྱིས་ས་བོན་བཙོས་ནས་ཝུའུ་རྒྱལ་ཁབ་ལ་ཕུལ་བ་དང་། འབྲུ་རིགས་བསྡུ་མི་ཐུབ་པའི་སྐབས་དང་བསྟུན་ནས་ཝུའུ་རྒྱལ་ཁབ་རྩ་མེད་དུ་བཏང་བ”སོགས་གནའ་རབས་ཀྱི་གཏམ་རྒྱུད་ཁུངས་འདྲེན་བྱས། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་། ཞིང་ལས་ཀྱི་ལྟ་བ་ཆེན་པོ། ཟས་རིགས་ཀྱི་ལྟ་བ་ཆེན་པོ་བཅས་ཀྱི་ཟུར་ཚད་ཐོག་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་བརྗོད་གཞི་ཆེན་པོར་བསམ་གཞིགས་བཏང་སྟེ་སོན་ལས་ཀྱི་ལས་དོན་ཞིབ་ཚགས་ལེགས་པོར་སྒྲུབ་པ་དང་བརྟན་བགྲོད་རྒྱང་འཁྱོལ་བྱེད་པར་ཁྲིད་སྟོན་བྱས།
ས་བོན་གཅིག་གི་ནང་དུ་རྒྱལ་ཁབ་ཀྱི་དོན་ཆེན་ཡོད། 2021ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་བསྡུས་པ་དང་།《སོན་ལས་དར་རྒྱས་བྱ་སྤྱོད་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། རང་རྒྱལ་འདི་ཉིད་སོན་ལས་རྒྱལ་ཁབ་ཆེན་པོ་ནས་སོན་ལས་སྟོབས་ཆེའི་རྒྱལ་ཁབ་ཏུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་ལམ་རིས་དང་ལས་འགན་ཡི་གེ་ཁ་གསལ་བཟོས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་ཏུ་སྤེལ་རྒྱུ་ཁ་གསལ་བཟོས་པ། “སོན་རྒྱུ་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།” “སོན་གསོ་མཉམ་འབྲེལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ།” “སོན་ཁུངས་བདེ་འཇགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ”བཅས་བཏོན་ཡོད།
ས་བོན་གཅིག་གི་ནང་དུ་རང་ཚུགས་རང་དར་ཡོད་པ་སྟེ། “ས་བོན་གཅིག་གིས་འཛམ་གླིང་ཞིག་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་། ལག་རྩལ་གཅིག་གིས་བྱས་རྗེས་ངོ་མཚར་ཅན་ཞིག་གཏོད་ཐུབ” ཐོན་བརྟན་ཐོན་འཕར་གྱི་རྩ་བའི་བགྲོད་ལམ་ནི་ཚན་རྩལ་ལ་ཐུག་ཡོད། སོན་ཁུངས་རང་བདག་གིས་ཚོད་འཛིན་ཐུབ་པ་བྱ་དགོས་ན། སོན་ལས་ཀྱི་ཚན་རྩལ་རང་ཚུགས་རང་དར་བྱ་དགོས། ནུས་ཤུགས་འདོན་པ་དང་མ་དངུལ་ཆེ་རུ་གཏོང་ཕོད་ཚེ་གཞི་ནས་དཀའ་ངལ་འཕྲད་མི་སྲིད།
ས་བོན་གཅིག་གི་ནང་དུ་དམ་འཛིན་དངོས་སྒྲུབ་ཡོད་པ་སྟེ། “ས་བོན་དམ་འཛིན་བྱེད་པར་འགག་གནད་སྒྲོལ་ས་འདེམས་དགོས” “སོན་ལས་དར་རྒྱས་བྱ་སྤྱོད་དམ་འཛིན་ཏན་ཏིག་བྱས་ནས་ཕན་འབྲས་ཐོན་དགོས” “རང་བདག་སོན་རིགས་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས”ཞེས་གསུངས། སོན་ལས་ལས་དོན“དམ་འཛིན”དང་“འཆང་འཛིན”བརྟན་པོ་བྱས་ཏེ་སོན་ལས་ཏན་ཏན་ཏིག་ཏིག་ངང་སྤེལ་ནས་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་བརྟན་པོར་འཛིན་དགོས།
ལོ་ལྔའི་ཡར་སྔོན་ལ“ལོ་ལྔའི་འཆར་འགོད་བཅུ་བཞི་པ”འགོ་ཚུགས་པ་དང་། 2021ལོའི་ཟླ5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་རིང་གནས་སྐབས་རླངས་འཁོར་ནས་བབས་ཏེ་གྲོ་ཞིང་དུ་ཕེབས་ནས་གྲོ་ཡི་སྐྱེ་སྟོབས་ལ་གཟིགས་ཞིབ་གནང་བ་རེད། ལོ་ལེགས་ཡོང་རེ་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཡིས“འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ངེས་པར་དུ་ས་བོན་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས། ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་དར་རྒྱུན་འཁྱོངས་བྱས་ཏེ་སོན་བཟང་གསོ་སྐྱོང་བྱེད་པ་ནས་འགོ་བཙུགས་ཏེ་སོན་བཟང་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ས་བོན་ལ་བརྟེན་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་དགོས”ཞེས་བསྟན་པ་རེད།
ད་ལྟ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཚུགས་སྐབས་སོན་ལས་ཀྱི་གལ་ཆེའི་རང་བཞིན་སླར་ཡང་ནན་བཤད་གནང་བ་འདིའི་ནང་ཞིང་ལས་རྩ་བར་འཛིན་པར་མཐོང་ཆེན་བྱེད་པའི་སྙིང་རུས་གཏན་འཁྱོངས་འདུས་ཡོད་པས། སོན་བཟང་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ཆོད་སེམས་དང་འགན་ཁུར་མངོན་པར་མཚོན་ཡོད།