

འབྲོག་པ་མང་ཚོགས་ཀྱིས་གློག་རྡུལ་འཆར་ངོས་སུ་རང་ཉིད་དང་འབྲེལ་བ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ནང་དོན་ལ་ལྟ་བཞིན་པའི་རྣམ་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དཔྱིད་ཀ་ནི་ད་སོ་མ་གཉིད་ལས་སད་མ་ཐག་པའི་བྱིས་པ་ཞིག་དང་འདྲ་ལ། རྨ་ཆུའི་འགོ་ཁུངས་རྨ་སྟོད་རྫོང་དུ་དཔྱིད་ཀྱི་དཔལ་མོ་དལ་གྱིས་སླེབས་དུས། ཚེ་སྲོག་གསར་བ་རེ་རེར་སྐྱེ་སྟོབས་ཀྱི་དཔལ་རྒྱས་མགོ་བརྩམ་པའི་རྣམ་པ་ཞིག་མིག་ལམ་དུ་སྣང་།
ཟླ3པའི་ཚེས13ཉིན། རྨ་སྟོད་རྫོང་གི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཤད་ཚན་ཆུང་གི་ཁོངས་མི་རྣམས་མཛོ་རྒན་རྭ་བར་གྲོང་རྡལ་མཚོ་རུག་སྡེ་བ་དང་མདུང་རྩེ་སྡེ་བ། སྟོང་རི་གཡང་བཅས་ཀྱི་དབུལ་སྐྱོར་གནས་སྤོ་གཅིག་བསྡུས་བདེ་འགོད་ཁུལ་དུ་སོང་ནས། སྲིད་ཇུས་ཀྱི་དགོངས་དོན་དེ་གཞི་རིམ་དུ་སྐྱེལ་བར་མ་ཟད། ལས་ཡུལ་དང་པོར་རིག་ནུས་ཕྱུགས་ཟོག་གསོ་སྤེལ་དང་རིག་དངོས་ཐོན་ལས་ཞིབ་སྤེལ་སོགས་ལ་རྟོག་ཞིབ་བྱས་ཏེ། སྲིད་ཇུས་ཀྱི་དཀའ་གནད་ཐག་གཅོད་བྱས་པར་མ་ཟད་དམངས་འཚོའི་དངོས་དོན་བསྒྲུབ་ལ། རྨ་ཆུའི་འགོ་ཁུངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་དང་འབྲོག་ཁུལ་འཆམ་མཐུན་བརྟན་བརླིང་ཡོང་བར་བསམ་བློའི་རྩ་བ་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིངས།
སྟོང་རི་གཡང་དབུལ་སྐྱོར་གནས་སྤོ་གཅིག་བསྡུས་བདེ་འགོད་ཁུལ་གྱི་བྱེད་སྒོའི་ལྟེ་གནས་སུ། སློབ་གསོ་དང་སྨན་བཅོས། རོང་འབྲོག ཁྲིམས་འཛིན་སོགས་སྡེ་ཁག་ཁག་གི་ལས་སྒོའི་རྐང་འཛིན་མི་སྣས་གྲུབ་པའི་སྒྲོག་བཤད་རུ་ཁག་གིས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་ནས་མགོ་བརྩམས་ཏེ་རིམ་པ་བཞིན་དུ་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་བཤད་བྱེད་ཀྱིན་འདུག
རྫོང་ཁོངས་ཀྱི་དམངས་ཕྱུག་ཁེ་ལས་འཕེལ་རྒྱས་གཏོང་དགོས་ན། ནོར་གནག་ཐོན་ལས་མུ་ཕྲེང་གི་རྒྱུན་བསྲིངས་ནས། ཚང་མར་རིན་འཕར་ཁེ་ཕན་ལོངས་སུ་སྤྱོད་དུ་འཇུག་དགོས། ང་ཚོའི་འབྲོག་ཁུལ་གྱི་གསོ་སྤེལ་མ་རྩ་མཐོ་བ་དང་ཡོང་འབབ་གཏན་འཇགས་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྒྱལ་ཁབ་ཀྱིས་ནོར་སྲིད་ཁ་གསབ་དང་ལག་རྩལ་མཛུབ་སྟོན་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་ངེས་རེད།
རྒྱལ་ཁབ་ཀྱིས་རྫོང་རིམ་པའི་སྨན་ཁང་དང་གྲོང་རྡལ་དང་ཞང་གི་འཕྲོད་བསྟེན་ཁང་གི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ལ། མི་ཡོད་པ་དང་སྒོར་མོ་ཡོད་པ། འཁོར་རྒྱུག་ཐུབ་པ་བཅས་ལ་ཁག་ཐེག་བྱས་ཏེ། ཚང་མས་རྗེས་ཕྱོགས་སུ་སྨན་པར་བསྟེན་ན་སྔར་ལས་སྟབས་བདེ་ཡིན་སྲིད།
ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གཅིག་བསྡུས་སྒྲོག་བཤད་ཚོགས་འདུའི་སྟེང་། སྒྲོག་བཤད་ཚན་ཆུང་གིས་མི་གཅིག་གིས་སྒྲོག་བཤད་བྱེད་པ་དང་ནང་དོན་ཁ་ཚང་མིན་པ་སོགས་ཀྱི་ཞན་ཆ་བཅོས་ནས། ཆེད་ལས་ཤེས་བྱས་ཡིག་ཆའི་དོན་ཚན་ཁག་མང་ཚོགས་ཀྱིས་གོ་ཐུབ་ལ་བེད་སྤྱོད་བྱེད་ཐུབ་པའི་དམངས་འཚོའི་ཕྱོགས་སྟོན་དུ་བསྒྱུར་བར་བརྟེན། མང་ཚོགས་ཀྱིས་རང་འགུལ་ངང་ཉན་འདོད་ཅིང་ཡིད་ལ་འཛིན་བདེ་བ་ཞིག་རེད།
རྨ་སྟོད་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མཛོ་རྒན་རྭ་བར་གྲོང་རྡལ་གྱི་སྒྲོག་བཤད་ཚན་ཆུང་གི་ཚན་གཙོ་བསྟན་པ་དར་རྒྱས་ཀྱིས་བཤད་རྒྱུར། ཚོགས་སྒྲིག་རྣམ་པའི་སྒྲོག་བཤད་བྱེད་ཐབས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་བར་ཐག་ཇེ་ཉེ་རུ་བཏང་བ་དང་འཕེལ་རྒྱས་མཉམ་ཤུགས་གཅིག་སྡུད་བྱས་ཡོད། ཁྱབ་ཁོངས་མང་པོའི་ལས་བྱེད་པས་མཉམ་འགུལ་ཤུགས་འདོན་དང་མཐུན་སྦྱོར་ཞབས་འདེགས་ཞུས་པ་དང་། མང་ཚོགས་ཀྱི་གོ་བདེ་བའི་སྐད་ཆ་དང་དངོས་ཡོད་བྱེད་ཐབས་སྤྱད་ནས། ཏང་གི་ཐུགས་ཁུར་དེ་མང་ཚོགས་ཀྱི་ཉེ་འགྲམ་དུ་སྐྱེལ་ཞིང་། སྲིད་ཇུས་སྒྲོག་བཤད་ལ་མཐོ་ཚད་དང་དྲོད་ཚད་གཉིས་ཀ་ལྡན་པར་བྱས།
སྒྲོག་བཤད་ཚན་ཆུང་ནི་སྲིད་ཇུས་དྲིལ་སྒྲོག་པ་ཡིན་པར་མ་ཟད། དམངས་འཚོའི་ཞབས་ཞུ་བའང་ཡིན། གཅིག་བསྡུས་སྒྲོག་བཤད་བྱེད་སྒོ་མཇུག་སྒྲིལ་རྗེས། ཚང་མ་སྡེ་བའི་ཁྱིམ་ཚང་རེ་རེར་སོང་བ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཤད་དང་དམངས་འཚོའི་ཞབས་ཞུར་གཞི་གཅིག་སྐུལ་འདེད་བཏང་ནས། འདུག་སྟེགས་ཚོགས་འདུ་དེ་ཡུལ་དངོས་གཞུང་སྒྲུབ་ཚོགས་འདུའི་རྣམ་པར་བསྒྱུར།
སྒྲོག་བཤད་ཚན་ཆུང་གི་ཁོངས་མིའི་བཅར་འདྲི་རྟོག་ཞིབ་ལ་གཞིགས་ནས། མཚོ་རུག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་བཟང་གིས་བཤད་རྒྱུར། ད་སྐབས། ང་ཚོས་རིག་ནུས་ཕྱུགས་ཟོག་གསོ་སྤེལ་མ་ལག་བརྒྱུད་དེ། དུས་དང་རྣམ་པ་ཀུན་ཏུ་ཕྱུགས་ཟོག་གསོ་ཁ་ནས་འབུད་ཚད་དང་སྐྱེ་འཚར་གནས་ཚུལ་སོགས་འགག་རྩའི་གསོ་སྤེལ་གཞི་གྲངས་ལ་ལྟ་ཞིབ་བྱེད་ཐུབ་པས། སྔོན་ཆད་ཀྱི་ཕྱུགས་ཟོག་འཚོ་སྟངས་དང་མི་འདྲ་ས་མང་པོ་འདུག མིག་སྔར་གྱི་གནད་དོན་ནི་ཚོང་ལམ་སྔར་ལས་རྒྱ་བསྐྱེད་དགོས་ལ། ཕྱོགས་འདིའི་ཐད་ནས་སྒྲོག་བཤད་ཚན་ཆུང་གིས་ང་ཚོའི་ཆེད་དུ་བྱེད་ཐབས་མང་པོ་འདོན་རོགས་ཞེས་ཟེར།
སྡེ་བའི་ཕྱུགས་རིགས་ཐོན་རྫས་ཀྱི་བགྲོད་ལམ་དོག་པའི་གནད་དོན་ལ་དམིགས་ནས། སྒྲོག་བཤད་ཚན་ཆུང་གི་ཁོངས་མིས་ཚང་མས་སྤུས་འདེགས་རིམ་སྤོར་དང་གློག་རྡུལ་ཚོང་དོན་ཐད་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ལས་རིམ་མང་པོ་ཇེ་ཉུང་དུ་གཏོང་བ་དང་། རང་འགུལ་ནུས་པ་བཏོན་ནས་ཚོང་ལམ་རྒྱ་བསྐྱེད་པའི་གྲོས་གཞི་བཏོན། དེ་དང་མཉམ་དུ། དུས་རིམ་རྗེས་མར་རང་འགུལ་ངང་སྦྲེལ་ཟམ་འཛུགས་པ་དང་། སློབ་གྲྭ་དང་ཉོ་བསྡུ་ཚོང་ཁང་མཉམ་འགུལ་གྱིས་ཡུལ་དངོས་སུ་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ཀྱི་ཕྱིར་འཚོང་ཐབས་ལམ་བསྐྲུན་དགོས་པ་གཏན་འཁེལ་བྱས།
མདུང་རྩེ་སྡེ་བའི་རྨ་སྟོད་རིག་དངོས་ཐོན་རྫས་གསར་སྤེལ་རྟེན་གཞིར་འབྱོར་དུས། འབྲོག་པ་མང་ཚོགས་ཀྱིས་ལག་བཟོས་བལ་བཟོས་ཐོན་རྫས་ལས་སྣོན་བྱེད་ཀྱིན་པ་མཐོང་།
སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀུན་དགའ་དབང་མཚོས་ངོ་སྤྲོད་བྱེད་རྒྱུར། མདུང་རྩེ་སྡེ་བས་ས་གནས་ཀྱི་ནོར་གནག་གསོ་སྤེལ་གྱི་དགེ་མཚན་ལ་བརྟེན་ནས། འབྲོག་པ་མང་ཚོགས་ཀྱི་ལག་ནས་སྤུས་ཀ་ལེགས་པའི་ནོར་གྱི་རྩིད་པ་དང་ནོར་གྱི་ཁུ་ལུ། ལུག་བལ་སོགས་ཉོ་བསྡུ་བྱས་ཏེ། རྒྱབ་ཁུག་དང་སྐེ་དཀྲིས། ནོར་ཀོ་ཡིས་བཟོས་པའི་ཅོག་གདན་སོགས་རིག་དངོས་ཐོན་རྫས་སུམ་ཅུ་ལྷག་ཐོན་སྐྱེད་བྱས།
“2024ལོར། ང་ཚོས་དབྱི་ཐ་ལི་མཱེ་ཡ་ཉོ་ཚོང་ཚད་ཡོད་ཀུང་ཟི་པེ་ཅིང་ཡན་ལག་ཀུང་ཟི་ནས་མཉམ་འབྲེལ་གན་རྒྱ་བཞག་སྟེ། ཐོན་སྐྱེད་བྱས་པའི་ནོར་གནག་གི་ཀོ་ཁུག་ཡོ་རོབ་གླིང་དུ་བཙོང་བ་ཡིན།”ཀུན་དགའ་དབང་འཚོ་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་དེ་ལྟར་བཤད།
དྲིལ་བསྒྲགས་ཚན་ཆུང་གི་ཁོངས་མིས་རིག་དངོས་ཐོན་རྫས་གསར་གཏོད་ཀྱི་གྲུབ་འབྲས་ལ་ཁེས་ལེན་བྱེད་པ་དང་མཉམ་དུ། རིགས་སྣ་རྒྱ་བསྐྱེད་པའི་རེ་བ་བཏོན་པ་དང་། ཀོ་ཁུག་དང་སྐེ་དཀྲིས་སོགས་རྒྱུན་མཐོང་གི་ཐོན་རྫས་ཀྱི་རིགས་གཅིག་པུ་མ་ཡིན་པར། རྒྱབ་སྙེས་དང་སྒོར་ཁུག ལྡེ་མིག་གི་ལོང་ཐག གཞུང་ཡིག་ཁུག་མ་སོགས་རིག་གནས་དང་འབྲེལ་བའི་ལག་རྟགས་དང་། ཡང་ན་ཟུང་རྟགས་ལ་བརྟེན་ནས་ཐོན་རྫས་རྒྱ་ཁྱབ་དུ་གཏོང་བར་ཚོད་ལྟ་བྱེད་པ་དང་། རྒྱུ་ཆ་མི་གཅིག་པ་དང་བྱེད་ནུས་མི་གཅིག་པ་མཉམ་འདྲེས་བྱེད་པར་འཚོལ་ཞིབ་བྱེད་དགོས། ད་དུང་། སྲོལ་རྒྱུན་གྱི་ཀོ་བའི་ཐོན་རྫས་མ་ཡིན་པའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། ནོར་གནག་གི་ཀོ་བའི་ཁྲ་རིས་དང་ཡང་ན་བོད་མི་རིགས་ཀྱི་པར་རིས་སྲོག་ཤིང་བྱས་ཏེ་མེ་ཏོག་གིས་བརྒྱན་པའི་གྱོན་གོས་དང་། འཁལ་འཐག་ཐོན་རྫས་ཀྱི་ཁྱིམ་ཆས། ཨང་ཀིའི་ཐོན་རྫས་ཀྱི་ཕྱི་ཤུན་སོགས་གསར་གཏོད་བྱས་ཏེ། རིམ་པ་མང་ཞིང་འཛད་སྤྱོད་ཡུལ་རྣམ་སྣ་མང་ཡོངས་སུ་ཁེབས་པའི་ཐོན་རྫས་ཀྱི་སྐྱེ་ཁམས་མ་ལག་བསྐྲུན་དགོས།
སྒྲོག་བཤད་རེ་རེ་དང་། ལག་ལེན་རེ་རེ། ཇུས་འགོད་བྱེད་ཐབས་རེ་རེ་ཡིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་རྩྭ་ཐང་དུ་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་པར་བྱས།
མདུང་རྩེ་སྡེ་བའི་འབྲོག་པ་འཇིགས་འཚོ་ཡིས། སྒྲོག་འགྲེལ་ཚན་ཆུང་གིས་སྲིད་ཇུས་བཟང་བོ་ཁྱིམ་དུ་བསྐྱལ་ཡོད་པར་མ་ཟད། དེ་བས་ཀྱང་ཚོང་ལམ་བཏོད་ནས། དོན་དངོས་ཀྱི་འབབ་འཕར་དང་ལམ་ལས་ཏེ། མིའི་སེམས་ལ་འབབ་པའི་ཞབས་ཞུ་དངོས་སྒྲུབ་ཡོད་ཟེར།
“མཛོ་རྒན་རྭ་བར་གྲོང་རྡལ་གྱི་ས་རྒྱ་ཆེ་ལ་མི་གྲངས་མང་བ། ཁྱིམ་ཚང་ཁ་ཐོར་དུ་ཡོད་པའི་ཁྱད་ཆོས་ལ་དམིགས་ཏེ། ལས་རིགས་མང་བོས་མཉམ་འབྲེལ་སྒོས་སྟོབས་ཤུགས་བཏོན་ནས། སྒྲོག་འགྲེལ་ཚན་ཆུང་གིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་གཅིག་བསྡུས་དྲིལ་བསྒྲགས་བྱེད་པ་དང་། སྡེ་བའི་ནང་དུ་སོང་ནས་བརྟག་དཔྱད་དང་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཡོད་ཚད་ཀྱིས་ཤེས་རྟོགས་ཐུབ་པ་མངོན་འགྱུར་བྱས། ”
མཛོ་རྒན་རྭ་བར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀུན་དགའ་རྒྱལ་མཚན་གྱི་སྐད་ཆ་དེ་ལས། སྒྲོག་འགྲེལ་ཚན་ཆུང་གིས“ཁེ་ཕན་གང་དུ་ཡོད་པ”གསལ་བོར་བཤད་ཡོད་པར་མ་ཟད། “ཇི་ལྟར་བསྒྲུབ་དགོས་པ་དང་སུ་བཙལ་ནས་བསྒྲུབ་དགོས་པ”གསལ་བོར་བཤད་ཡོད་པ་ཤེས་ཐུབ་ལ། སྲིད་ཇུས་ཀྱི་ཁེ་ཕན་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་གཉིས་གནད་ཁེལ་སྦྲེལ་མཐུད་བྱས་ཏེ། ནུས་ལྡན་ངང་འབྲོག་པ་མང་ཚོགས་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པ་དང་། སྐྱེ་ཁམས་ཀྱི་གཞིས་ཁྱིམ་སྲུང་བ། དམངས་འཚོའི་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས།
ཟླ3པའི་ཚེས5ཉིན་མགོ་ལོག་ཁུལ་གྱིས་ལས་བྱེད་མི་སྣ་སྟོང་གཅིག་ལྷག་གཞི་རིམ་དུ་སོང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བཀོད་སྒྲིག་ཚོགས་འདུ་བསྡུས་པ་ནས་བཟུང་། ས་གནས་སོ་སོ་རུ་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཁྱོན་ཡོངས་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། སྲིད་ཇུས་འགྲེལ་བཤད་དང་དམངས་འཚིའི་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ཚུལ་སྒྱུར་རིམ་འཕར། ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད། འབྲོག་པའི་ཡོང་འབབ་བརྟན་བརླིང་སོགས་ལས་འགན་གཙོ་བོར་དམིགས་ཏེ། སྲིད་ཇུས་ཀྱི་ཁེ་ཕན་དེ་མཐོ་སྒང་གི་ས་གཞིའི་སྟེང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག
དཔིད་རླུང་དལ་གྱིས་ལྡང་ཞིང་། ཆར་བས་ས་གཞི་བརླན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ཁྱེར་ཡོང་བའི་སྲིད་ཇུས་ཀྱི་རླུང་བུ་འཇམ་པོ་དེ། མགོ་ལོག་རྩྭ་ཐང་ཆེན་མོའི་གང་སར་ལྡང་སྟེ། འབྲོག་པ་རེ་རེའི་སེམས་ལ་བརྩེ་བའི་དྲོལ་ཁོལ་སྦྱིན་ཡོད། དཔྱིད་ཀ་འདི་ནས་མགོ་ཚུགས་པ་ཡིན་ལ། རེ་བ་ཡང་འདི་ནས་ལམ་ལ་ཆས་པ་ཡིན།
ཁོན་ཐར་དབང་རྒྱལ་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།