

སྨན་གཉེར་ཆེད་ལས་པུའུ་ཡི་དངོས་སྦྱོང་སློབ་ཁྲིད། 
ནད་གཡོག་ཆེད་ལས་པུའུ་ཡི་ཁོང་ནད་དངོས་སྦྱོང་ཡུལ་དངོས།
ད་ལྟ་སློབ་གྲྭར་འགྲོ་ན་སློབ་ཡོན་སྟེར་མི་དགོས་ལ། ཁྱིམ་གྱི་དཔལ་འབྱོར་ཁུར་བོ་དངོས་གནས་ཇེ་ཡང་དུ་བཏང་ཡོད།
སློབ་གྲྭས་སློབ་ཡོན་མི་བསྡུ་བ་མ་ཟད་ད་དུང་ང་ཚོར་བསླབ་དེབ་ཀྱི་རིན་ཡང་མི་ལེན་པས། ངོ་མ་ཡིད་ལ་དྲན་མི་ཐུབ་པ་ཞིག་རེད།
སློབ་གྲྭར་མ་སོང་སྔོན། ང་ཟི་ལིང་ལ་ཐེངས་འགའ་ཡང་སོང་མ་མྱོང་། སློབ་གྲྭར་སོང་རྗེས། དགེ་རྒན་གྱིས་ང་ཚོ་ས་གནས་གཞན་ལ་ཁྲིད་དེ་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ལ་ཞུགས་སུ་བཅུག་པ་དང་། དེས་མིག་རྒྱ་བསྐྱེད་པ་མ་ཟད་ངས་རང་ཉིད་ཀྱི་མི་ཚེ་ལ་འཆར་འགོད་སྔར་ལས་གསལ་བོ་ཡོད་པར་གྱུར།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་སྐད་ཆ་འདི་དག་གི་ཁྲོད། རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་དམངས་ཕན་སྲིད་ཇུས་མཐོ་སྒང་དུ་ལག་བསྟར་བྱས་ཏེ་རྩ་བ་ཚུགས་ཡོད་པ་ཤེས་ཐུབ། “མེས་རྒྱལ་བཟང”བ་དེ་བྱིས་པ་ཚང་མའི་ངོ་གདོང་གི་འཛུམ་མདངས་ལས་མངོན་ཡོད། “མེས་རྒྱལ་བཟང”བས་གཞི་ནས་བྱིས་པ་ཚོའི“ཕ་ཡུལ་མཛེས་པའི”གཏིང་ཤུགས་མངོན་ཡོད།
རྔམ་བརྗིད་ལྡན་པའི་ཨ་མྱེས་རྨ་ཆེན་གངས་འདབས་སུ། ཀྱག་ཀྱོག་གི་དགེ་ཆུ་གཙང་པོའི་འགྲམ་དུ་བསྡོམས་པའི་ས་མུའུ252བཟུང་བ་དང་སྒྲིག་བཀོད་འཐུས་སྒོ་ཚང་བའི་དེང་རབས་ཅན་གྱི་སློབ་གྲྭ་ཞིག་ལྷིང་འཇགས་ངང་ཀྲོང་ངེར་འགྱིང་བཞིན་ཡོད། མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དེ་ཁུལ་ཡོངས་ཀྱི་གཞུང་གཉེར་ལས་རིགས་ལག་རྩལ་སློབ་གྲྭ་གཅིག་པུ་ཡིན་པའི་ངོས་ནས། གནས་དེ་རུ་འབྲོག་པའི་བུ་བུ་མོ་སྟོང་ལྷག་ཙམ་གྱི་སློབ་གཉེར་ཕུགས་འདུན་ཡོད་ལ། ས་གནས་དེ་གའི་གྲོང་གསེབ་དར་སྤེལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འབྱུང་འགྱུར་གྱི་རེ་བ་ཡང་ལྡན་ཡོད།
ཉེ་ལམ། མགོ་ལོག་ལས་རིགས་ལག་རྩལ་སློབ་གྲྭའི་ནད་གཡོག་ཆེད་ལས་ཚན་ཁག་གི་ཁོང་ནད་ཚོད་ལྟ་ཁང་དུ། པད་མ་རྫོང་ཡར་ཐང་ཞང་གི་བསྟན་འཛིན་འཚོ་དང་སློབ་གྲོགས་རྣམས་ཀྱིས་དགེ་རྒན་པེ་ཧོས་མིང་གི་མཛུབ་ཁྲིད་འོག ནན་ཏན་སྒོས་ནད་གཡོག་གི་ནད་ཐོག་ལག་ལེན་གྱི་ཤེས་བྱ་སྦྱོང་བཞིན་འདུག
སློབ་གསེང་གི་སྐབས་སུ་བསྟན་འཛིན་འཚོའི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ངེད་ཚང་དུ་བྱིས་པ་མང་ལ་དཔལ་འབྱོར་གྱི་འགྲོ་གྲོན་ཅུང་ཆེ། ད་ལྟ་ང་སློབ་གྲྭར་འགྲིམ་པ་དང་སློབ་ཡོན་ཡང་སྤྲོད་མི་དགོས་པས། ཁྱིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ཡོད་ཟེར།
འགྲམ་དུ་ཡོད་པའི་སྨན་མོ་སྐྱིད་ཀྱིས་བསྟན་འཛིན་འཚོའི་སྐད་ཆར་ཁ་སྣོན་བྱས་ཏེ་བཤད་རྒྱུར། སློབ་རིན་སྤྲོད་མི་དགོས་ལ་བསླབ་དེབ་ཀྱང་རིན་མེད་ཡིན་པ་མ་ཟད། ཟླ་རེར་ཟ་ཁང་དུ་ད་དུང་ཁ་གསབ་ཡོད་པས་ཟ་མ་ཟོས་ན་ཡང་རང་གིས་དངུལ་བཀོལ་མི་དགོས་ཟེར།
སྨན་མོ་སྐྱིད་ནི་གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གི་འབྲོག་པའི་ཁྱིམ་ཚང་དུ་ཞིག་ཏུ་སྐྱེས་པ་དང་། སློབ་ཆེན་ལ་རྒྱུགས་མ་འཕྲོད་རུང་། འོན་ཀྱང་མོས་ཆེད་སྦྱོང་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གཉེར་བྱེད་པའི་འདུན་པ་ཡོད་ལ། མ་འོངས་པར་ལས་ཞུགས་བྱེད་པར་རྨང་གཞི་བརྟན་པོ་འདིང་རྩིས་ཡོད།
སློབ་ཁྲིད་ཀྱི་ཅོང་བརྡ་གྲགས་པ་ན། སྨན་གཉེར་ཆེད་ལས་པུའུ་ཡི་སློབ་མ་ཚེ་རིང་དོན་གྲུབ་ཚོད་ལྟ་ཁང་དུ་ཐོན་པ་དང་། བཀོལ་སྤྱོད་སྟེགས་བུའི་སྟེང་གི་འཇལ་ཕོར་བཟུང་ནས་དགེ་རྒན་གྱིས་འགྲེལ་བཤད་བྱས་པའི་གོ་རིམ་ལྟར་ཚོད་ལྟ་བྱེད་མགོ་བརྩམས།
སྨན་གཉེར་ཆེད་ལས་པུའུ་ཡི་པུའུ་ཀྲང་དགེ་རྒན་ཚེ་རིང་གི་མིག་ལམ་དུ། སློབ་མ་འདི་དེ་སྔོན་དྲི་བ་དྲིས་ན་ངོ་ཚ་དགའ་ཆེ་ལ། འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ལ་ཞུགས་རྗེས། ཁོ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་དེ་སྔོན་ལས་སྤོབས་པ་ཆེ་ལ་བརྩོན་པ་ཡོད་པ་ཞིག་ཏུ་གྱུར།
ན་ནིང་། ཚེ་རིང་དོན་གྲུབ་ཀྱིས་མགོ་ལོག་ལས་རིགས་ལག་རྩལ་སློབ་གྲྭའི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གླིང་ནས་རྩལ་ནུས་འགྲན་བསྡུར་བྱས་ཏེ་དངུལ་གྱི་རྟགས་མ་ཐོབ་རྗེས། ཡང་འགྲན་བསྡུར་བྱས་ནས་ཧྲན་ཏུང་ནས་འཛམ་གླིང་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ལ་ཞུགས། མཇུག་མཐར། རྫས་འགྱུར་བཟོ་ལས་ལག་རྩལ་གྱི་འགྲན་བསྡུར་གྱི་གྲུབ་འབྲས་རྫས་འགྱུར་ཚོད་ལྟའི་ལག་རྩལ་དམའ་རིམ་ལས་རིགས་ནུས་པའི་ཆུ་ཚད་དུ་སླེབས་པ་དང་། ཀྲུང་གོ་རྫས་འགྱུར་བཟོ་ལས་མཐུན་ཚོགས་ཀྱི་དམའ་རིམ་གྱི་དཔང་ཡིག་བྱིན།
ཚེ་རིང་དོན་འགྲུབ་ཀྱིས་དམིགས་འབེན་ཧ་ཅང་གསལ་བོ་ཡིན་ལ། སྨན་གཉེར་ཆེད་ལས་བཟང་བོ་སྦྱངས་ཏེ། ཕྱིར་ཕ་ཡུལ་གྱི་བོད་སྨན་ཁང་དུ་སོང་ནས། ཆེད་ལས་རྩལ་ནུས་ལ་བརྟེན་ནས་ཡུལ་མི་རྣམས་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་རེད།
དོན་དངོས་སུ། མགོ་ལོག་ལས་རིགས་ལག་རྩལ་སློབ་གྲྭ་རུ་ཚེ་རིང་དོན་འགྲུབ་ལྟ་བུའི་སློབ་མ་མང་པོ་ཡོད། འབྲོག་པའི་བྱིས་པ་དེ་དག་ལག་རིགས་སློབ་གསོའི་སློབ་ཁྲིད་དུ་ཞུགས་ཏེ། མ་ལག་ལྡན་པའི་གསོ་སྦྱོང་དང་ལག་ལེན་བྱས་པ་བརྒྱུད། རྩལ་ནུས་ལེགས་པོ་འབྱོར་བ་མ་ཟད་མ་འོངས་པའི་ཕ་ཡུལ་འཛུགས་སྐྲུན་ཐད་ཤེས་ལྡན་མི་སྣ་བཟང་བོ་གསོ་སྐྱོང་བྱས་ཡོད།
“ལས་རིགས་སློབ་གསོ་ནི‘མཇུག་མཐའི་སློབ་གསོ’མིན་པར‘འཚར་ལོངས་ཀྱི་སློབ་གསོ’ཡིན། ང་ཚོས་སློབ་མར་སློབ་རིམ་འཕར་བ་དང་ལས་ཞུགས། འགྲན་བསྡུར་སོགས་སྣ་མང་འཚར་ལོངས་ཀྱི་ལམ་བུ་བཏོད་དེ། སློབ་མ་ཚང་མས་རང་ཉིད་ལ་འཚམ་པའི་འཕེལ་རྒྱས་ཐབས་ལམ་འཚོལ་ཐུབ་པ་བྱེད་དགོས”ཞེས་མགོ་ལོག་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་ཏིག་ཡུས་ཨིན་གྱི་སྐད་ཆ་དེ་སློབ་གྲྭའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ལྟེ་བའི་ཚད་གཞི་རུ་གྱུར་ཡོད།
ལས་རིགས་སློབ་གསོ་དེ་རང་ཡུལ་དུ་རྩ་བ་ཚུགས་པ་དང་རང་ཡུལ་ལ་ཞབས་འདེགས་ཞུ་དགོས་ཤིང་། ས་གནས་རང་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཆེད་ལས་བཙུགས་ཚེ་གཞི་ནས་སློབ་མར་སྦྱངས་པ་སྤྱོད་སྒོ་ཡོད་པ་དང་སྦྱངས་པ་གྲུབ་འབྲས་ཐོབ་པ་བྱེད་ཐུབ། སློབ་གཉེར་འདུ་ཤེས་དེ་ཆེད་ལས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།
མིག་སྔར། མགོ་ལོག་ལས་རིགས་སློབ་གྲྭར་སློབ་མ1939ཡོད། སྨན་གཉེར་དང་ནད་གཡོག སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་ལག་རྩལ། བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་སོགས་ཆེད་ལས16བཙུགས་ཡོད། ཆེད་ལས་ཀྱི་ཐད་སྐྱེ་ཁམས་སྲུང་སྐྱོབ་དང་གཟུགས་འདས་ཤུལ་བཞག་རྒྱུན་འཛིན། སྨན་བཅོས་འཕྲོད་བསྟེན། གྲོང་གསེབ་དར་སྤེལ་སོགས་ལྟེ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཡོད།
ན་ནིང་། མགོ་ལོག་ལས་རིགས་ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མ338ནང་ནས་སློབ་མ308ཀྱིས་མཐོ་རྒྱུགས་ལ་མིང་ཐོ་བཀོད་པ་དང་། མཇུག་མཐར་སློབ་མ290ཡིས་རྒྱུགས་འཕྲོད། མཐོ་རྒྱུགས་ལ་མ་ཞུགས་པའི་སློབ་མ་སུམ་ཅུའི་ཁྲོད་སློབ་མ29ཡིས་གཏན་འཇགས་ལས་ཀ་གཉེར།
མགོ་ལོག་ལས་རིགས་སློབ་གྲྭས་ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་འོག འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སྦྲེལ་མཐུད་བགྲོད་ལམ་བཏོད་དེ། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཨར་ལས་ལས་རིགས་ལག་རྩལ་སློབ་གླིང་སོགས་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་མཉམ་ལས་འབྲེལ་བ་བཙུགས་པ་དང་། “3+3”དང“3+2”དང“ལོ་ལྔའི་རྒྱུན་འཇགས་ལམ་ལུགས”ཀྱི་མཉམ་འབྲེལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ལག་བསྟར་བྱས་པས། ཆེད་ལས་ཁག་གི་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭ་སྦྲེལ་མཐུད་བྱེད་པ་ཡོངས་སུ་ཁྱབ་ནས་སློབ་མར་མུ་མཐུད་ཟབ་སྦྱོང་བྱེད་པའི་གོ་སྐབས་བྱུང་ཡོད།
སློབ་གྲྭ་བཙུགས་མ་ཐག་པའི་སློབ་མ་བཅུ་ཕྲག་ཁ་ཤས་ནས་ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ་སྟོང་ལྷག་ཙམ་བར་དང་། འཕྲོད་བསྟེན་གྱི་ཆེད་ལས་རྐྱང་བ་ནས་མངའ་ཁོངས་མང་པོར་ཁྱབ་པའི་ཆེད་ལས་མ་ལག་བར། སློབ་གྲྭའི་སློབ་ཁང་དང་ཉལ་ཁང་རྙིང་བ་ནས་དེང་རབས་ཅན་གྱི་སློབ་གྲྭའི་འཛུགས་སྐྲུན་བར་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེ་ནི་རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་དང་། ས་གནས་སྲིད་གཞུང་གི་རྒྱབ་སྐྱོར། དེ་མིན་ལས་རིགས་སློབ་གསོའི་ལས་དོན་པས་མི་རབས་ནས་མི་རབས་བར་གྱི་བརྟན་སྲུང་དང་ཁ་འབྲལ་ཐབས་མེད།
ལོ་ངོ་འདི་དག་གི་རིང་ལ། རྒྱལ་ཁབ་ཀྱིས་མཐོ་རིམ་སློབ་གསོའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་དུས་རིམ་དུ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། རྒྱལ་ཁབ་ཀྱི་བརྩོན་སྐྱེད་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སྦྱངས་འབྲས་རོགས་སྐྱོར་གྱི་དངུལ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སོགས་མཐོ་རིམ་སློབ་གྲྭའི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྣ་ཚོགས་བཏོན། རང་ཞིང་གིས་འགྲོ་གྲོན་དོན་འཁྱོལ་ཧུར་ཐག་བྱས་ཏེ་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་།
ད་ལྟ། རང་ཞིང་གི་ལས་རིགས་སློབ་གསོར“ལས་རིགས་དངོས་གཞིའི་ཚན་ཁག་དང་ཁྱད་ལྡན་ཆེད་ལས་ཚན་ཁག”གི་མ་ལག་ཆགས་པ་དང་། ཆེད་ལས་བཀོད་སྒྲིག་དེ་མཚོ་སྔོན་གྱི་གཙོ་རྟེན་ཐོན་ལས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། འབྲིང་རིམ་དང་མཐོ་རིམ་དངོས་གཞིའི་ཚན་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་གཞི་རྩའི་ཆ་ནས་ཆགས་པ་དང་། རྒྱལ་ཁབ་རིམ་པའི“མཐོ་གཉིས་འཆར་གཞིའི”འཛུགས་སྐྲུན་མངོན་འགྱུར་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་རྒྱུན་ཆད་མེད་པར་འདོན་སྤྲོད་བྱས་ཡོད།
ལས་རིགས་སློབ་གསོའི་ཕྱོགས་གཅིག་དམངས་འཚོར་འབྲེལ་ཡོད་པ་དང་ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་ལ་འབྲེལ་ཡོད། མེས་རྒྱལ་གྱི་རྒྱབ་རྟེན་སྟོབས་ཆེན་ཡོད་པའི་དབང་གིས་དེ་སྔོན་རྩྭ་ཐང་དུ་བསྡད་དེ་ཕུགས་འདུན་མངོན་འགྱུར་བྱེད་ཐབས་བྲལ་བའི་བྱིས་པ་དེ་དག་ད་ལྟ་རང་ཉིད་ཀྱི་ལག་རྩལ་དང་གཤོག་ཟུང་ལ་བརྟེན་ནས་མདུན་སྐྱོད་བྱེད་ཀྱིན་ཡོད།
གངས་རིས་འགུལ་མེད་ངང་འཚར་ལོངས་བདེན་དཔང་བྱས་ཤིང་། དགེ་ཆུའི་ཆུ་རྒྱུན་རིང་མོས་རེ་བ་སྦྲུམ་བཞིན་ཡོད།
དཔྱིད་ཀྱི་དུས་སུ། མགོ་ལོག་ལས་རིགས་ལག་རྩལ་སློབ་གྲྭས་གོམ་སྟབས་བརྟན་པོར་བརྟེན་ནས་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་སློབ་གསོས་དམངས་ལ་ཕན་བདེ་བསྐྲུན་པ་དང་འཇོན་མིས་ཁུལ་དར་སྤེལ་གཏོང་བའི་ལེའུ་གསར་བ་བྲིས་ཏེ། མེས་རྒྱལ་བཟང་ཞིང་ཕ་ཡུལ་མཛེས་པའི་ཆེད་དུ་ལང་ཚོའི་སྟོབས་ཤུགས་མུ་མཐུད་དུ་འབུལ་བཞིན་ཡོད།
ཤ་བོ་རིན་མཚོས་བསྒྱུར།