

ཆོས་དབྱིངས་ཚེ་འཛོམས་ཀྱིས་འབྲོག་པ་མང་ཚོགས་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་མཚེར་རྡེའུ་སྡེ་བའི་རིག་གནས་ཐང་ཆེན་དུ། འབྲོག་པ་མང་ཚོགས་གཞི་གཅིག་ཏུ་འཛོམས་ཤིང་གདོང་ལ་རེ་བས་ཁེངས་འདུག མཉམ་སྦྲེལ་རོགས་སྐྱོར་སྡེ་ཁག་ཡིན་པའི་ཡུས་ཧྲུའུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཡུས་ཧྲུའུ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཆེད་དུ་གྲ་སྒྲིག་བྱས་པའི་ཤུན་སྲ་ཤིང་ཏོག་དང་ལེགས་སྐྱེས་ཆུང་ཆུང་འཁྱེར་ནས་ཡུལ་དངོས་སུ་ཐོན་པ་དང་། ལས་བྱེད་པས་ཕྱོགས་གཅིག་ནས་ལེགས་སྐྱེས་སྟེར་བ་དང་ཕྱོགས་གཞན་ཞིག་ནས་འབྲོག་པ་ཚོ་དང་ཁ་བརྡ་བྱས་ཏེ། ཐང་ཆེན་དུ་དགའ་སྤྲོའི་དགོད་སྒྲ་དང་དྲོད་སྣང་གིས་ཁེངས་པར་གྱུར།
“གོ་ཐོས་ལྟར་ན། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བྱེད་པ་ཡོང་ནས་ང་ཚོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པར་མ་ཟད་ལེགས་སྐྱེས་ཀྱང་སྟེར་རྒྱུ་རེད། ང་ཚོ་ནངས་སྔ་མོ་ནས་འདིར་རྒྱལ་ཁབ་ཀྱིས་ང་ཚོར་སྲིད་ཇུས་བཟང་པོ་ཇི་འདྲ་ཞིག་བསྐྱལ་ཡོང་བར་ཉན་དུ་ཡོང་བ་ཡིན།”འབྲོག་པ་བཀྲ་ཚེ་ཡིས་ཤུན་སྲ་ཤིང་ཏོག་བཟུང་ནས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། “ལོ་འདི་ཚོར་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་། ལམ་ལས་པ་དང་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་ཡོད་པས། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ང་ཚོ་མང་ཚོགས་ཀྱིས་སེམས་ལ་བཟུང་ཡོད”ཟེར།
དགའ་སྤྲོའི་དགོད་སྒྲའི་ཁྲོད་སྒྲོག་འགྲེལ་དངོས་སུ་མགོ་བརྩམས་བྱུང་། ཡུས་ཧྲུའུ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྒྲོག་འགྲེལ་པ་ཚེ་རིང་འབྱོར་ལྡན་གྱིས་སྔོན་ལ་བོད་སྐད་ཀྱིས་ཚང་མར་འཚམས་འདྲི་བྱས་པ་དང་། དེའི་རྗེས་སུ་སྡེ་སྡོད་ལས་བྱེད་རུ་ཁག་གི་རུ་དཔོན་ནམ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་ཆོས་དབྱིངས་ཚེ་འཛོམས་ཀྱི་མདུན་དུ་སོང་ནས། སྒྲོག་འགྲེལ་པ་དང་མཉམ་དུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གཞིར་བཟུང་ནས། མཚེར་རྡེའུ་སྡེ་བའི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཤིང་། ཐོན་ལས་འཕེལ་རྒྱས་དང་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་གྱི་ཕྱོགས་ནས། “ཡིག་སྐད”དེ་འབྲོག་པ་མང་ཚོགས་ཀྱི་གོ་བདེ་བའི“ཕལ་སྐད”དུ་བསྒྱུར་ནས་སྒྲོག་འགྲེལ་བྱས།
“ཡུལ་མི་རྣམ་པ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་ཐོན་ལས་རོགས་སྐྱོར་གྱི་རྣམ་པ་ལེགས་བསྒྱུར་དང་། ཚོང་རའི་འགྲན་རྩོད་ཆེ་བའི་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཟེར། འདིར་བཤད་པ་ནི་འུ་ཚོ་མཚེར་རྡེའུ་སྡེ་བའི་དོན་དག་རེད།” ཆོས་དབྱངས་ཚེ་འཛོམས་ཀྱི་སྐད་སྒྲ་གསལ་པོ་དེ་སྒྲ་སྒམ་ནས་ཐང་ཆེན་དུ་མཆེད། “2025ལོར་རྫོང་གིས་ང་ཚོར་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་འབུམ་བདུན་ལྷག་བཏང་ནས། ཤ་སྐམ་ཚབ་ལས་བཟོ་གྲྭ་འཛུགས་སྐྲུན་བྱེད་པར་བཀོལ། ད་ལྟ་སྒྲིག་ཆས་ཚང་ལ་ཅུང་མི་འགོར་བར་ཚོད་ལྟའི་ལས་གཉེར་བྱེད་རྒྱུ་ཡིན་པས། རྗེས་ཕྱོགས་འུ་ཚོའི་སྐམ་ཤ་ཤ་སྐམ་དུ་ལས་སྣོན་བྱེད་པ་དང་། དེ་རིན་གོང་མཐོན་པོར་བཙོང་ནས་ཁེ་སྤོགས་ཁྱིམ་ཚང་སོ་སོར་བགོ་ཆོག”ཟེར།
འབྲོག་པ་ཚོས་ནན་ཏན་གྱིས་ཉན་ཏེ་མགོ་བོ་ནང་དུ་བཀུག མི་ཞིག་གིས་ལག་པ་ཡར་བཀྱགས་ཏེ་དྲི་བ་དྲིས་བྱུང་། “ལས་སྣོན་བཟོ་གྲྭ་འགོ་བརྩམས་རྗེས་ང་ཚོ་སོང་ནས་ལས་ཀ་ལས་ཆོག་གམ།” ཆོས་དབྱིངས་ཚེ་འཛོམས་ཀྱིས“ལོས་ཆོག ལས་སྣོན་བཟོ་གྲྭས་ཁེ་སྤོགས་བགོ་བར་མ་ཟད། གཞན་ད་དུང་ཁྱིམ་གྱི་སྒོ་འགྲམ་ནས་ལས་རྐང་ཡང་མཁོ་སྤྲོད་བྱེད། འུ་ཚོས་ཕྱུགས་འཚོས་ཆོག་ལ་ལས་ཀ་ཡང་ལས་ཆོག ཡོང་སྒོ་སྣ་གཅིག་མང་ན་འཚོ་བ་དེ་ལས་ཀྱང་སྐྱིད་པ་རེད”ཅེས་ལན་བཏབ། དྲིས་ལན་སྟབས་བདེ་མོ་བཏབ་པ་དེས་འབྲོག་པ་ཚོའི་སེམས་ཀྱི་རེ་བ་ཇེ་ཆེར་ཕྱིན་ནས། ཐང་ཆེན་དུ་ཐལ་མོའི་རྡེབ་སྒྲས་ཁེངས།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་བདེ་ཆེན་གྱིས་དེར་མཐུད་ནས་བཤད་རྒྱུར། “ཡིག་ཆ་ཨང་དང་པོའི་ནང་དུ་གཞན་ད་དུང་ཡུལ་བབ་དང་བསྟུན་ནས་ཞིང་སྡེ་འཛུགས་སྐྲུན་གྱི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིགས་དགར་བ་གོ་རིམ་ལྡན་པ། ཡུག་ཁུལ་ཅན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པ། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛོམས་ཚད་དང་སྤྱི་པའི་ཞབས་ཞུའི་ལེགས་ཚད། མི་སྡོད་ཁོར་ཡུག་གི་བདེ་ཚད་བཅས་རིམ་བཞིན་ཇེ་མཐོར་གཏོང་བར་མ་ཟད། ཞིང་སྡེའི་དེང་རབས་འཚོ་བའི་ཆ་རྐྱེན་ཞན་ས་མགྱོགས་མྱུར་གྱིས་ཁ་གསབ་བྱས་ཏེ། ཞིང་སྡེའི་སྤུས་ལེགས་འཚོ་བའི་རྣམ་པ་གསར་སྐྲུན་བྱེད་རྒྱུ་ཡིན་ཞེས་བཤད་འདུག མཚེར་རྡེའུ་སྡེ་བ་ཏང་གི་རྗེས་འབྲངས་ཏེ། སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཇེ་ཚང་དང་མི་སྡོད་ཁོར་ཡུག་ཇེ་སྐྱིད་དུ་བཏང་ནས། ཚང་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན”ཟེར།
སྒྲོག་འགྲེལ་དགའ་སྤྲོའི་དགོད་སྒྲའི་ཁྲོད་མཇུག་རྫོགས་པ་དང་། ཆོས་དབྱིངས་ཚེ་འཛོམས་དང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཡོན་ལས་བྱེད་པས་འབྲས་དང་ཕྱེ། སྣུམ་སོགས་འཁྱེར་ནས་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་དུ་འཚམས་འདྲི་བྱེད་དུ་སོང་སྟེ། སྲིད་ཇུས་ཀྱི་དྲོད་ཁོལ་དང་དངོས་ཡོད་ཀྱི་ཐུགས་ཁུར་མང་ཚོགས་ཀྱི་གམ་དུ་བསྐྱལ།
ལོ་ན52ཡིན་པའི་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་ཐུབ་ཚེ་ཚང་དུ་སོང་རྗེས། ཆོས་དབྱངས་ཚེ་འཛོམས་ཀྱིས་འཚམས་འདྲིའི་ལག་རྟགས་བྱིན་ཅིང་། བཟའ་མི་གང་བོ་དང་མཉམ་དུ་ཁ་བརྡ་བྱས།
“ཕུ་བོ་ཐུབ་ཚེ། ཉེ་ལམ་བྱིས་པ་ཚོ་བདེ་མོ་ཡིན་ནམ། སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་ཡིན་པས། ཁྱོད་ཚོས་འབད་པ་བྱས་ན་འཚོ་བ་ཇེ་སྐྱིད་ཡིན་ངེས།”ལས་བྱེད་པ་ཚོའི་སྐད་ཆ་ནི་དྲོད་ཁོལ་དང་མཛའ་བརྩེ་ལྡན་པ་ཞིག་རེད། ཐུབ་ཚེ་དགོད་ཞོར་དུ་མགོ་བོ་ནང་དུ་བཀུག་ནས་བཤད་རྒྱུར།“བྱིས་པ་ཚོ་མཐར་ཕྱིན་པ་མཐར་ཕྱིན་ལ། ལས་ཞུགས་བྱས་པ་ལས་ཞུགས་བྱས་ཡོད་པས། གནོན་ཤུགས་ཇེ་ཆུང་དུ་སོང་ཡོད། ”ཁོས་བུ་པད་ཚེ་བསྟན་ནས་གདོང་ལ་གཟི་བརྗིད་ཀྱིས་ཁེངས། “བྱིས་པ་འདི་མཐར་ཕྱིན་རྗེས་ཕྱིར་སྡེ་བར་ཡོང་བ་དང་། ད་ལོར་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ལ། སྡེ་དོན་མང་པོ་ཞིག་བསྒྲུབ་འདོད་ཡོད་པ་རེད”ཟེར།
“པད་ཚེ་ལོ་ན་གཞོན་ལ་ནུས་པ་ཡོད་པས། ཡུལ་མི་ཚོའི་སྣེ་ཁྲིད་དེ་བྱ་བ་བསྒྲུབ་དགོས། ང་ཚོའི་སྡེ་བའི་འཕེལ་རྒྱས་ནི་ན་གཞོན་ཚོའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད”ཅེས་ཆོས་དབྱིངས་ཚེ་འཛོམས་ཀྱིས་སྐུལ་ལྕག་བྱས་སོང་། “དཀའ་ངལ་ཡོད་ཚེ་བཤད་དགོས། ང་ཚོས་ནམ་ཡང་རོགས་སྐྱོར་བྱེད་ངེས། ཁྱིམ་མི་གང་བོས་རྡོག་རྩ་གཅིག་སྒྲིལ་བྱས་ན་ད་གཟོད་འཚོ་བ་སྐྱིད་པོ་ཡོང་ངེས་ཡིན”ཟེར།
པད་ཚེ་ཡིས་བྲེལ་འཚུབ་ངང་བཤད་རྒྱུར། “ཚང་མར་བཀའ་དྲིན་ཆེ། ངས་འབད་པ་བྱེད་ཁོ་ཐག་ཡིན། ཚང་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་བྱས་ཏེ་ཕྱུག་འགྱུར་བྱེད་རྒྱུ་ཡིན”ཟེར།
ཐང་ཆེན་དུ་སྒྲོག་འགྲེལ་བྱེད་པ་ནས་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱེད་པའི་བར། སྒྲོག་འགྲེལ་རུ་ཁག་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་མཐོ་སྒང་འབྲོག་ཁུལ་དུ་དོན་འཁྱོལ་བྱས་ལ། དེ་བས་ཀྱང་དངོས་ཡོད་འགུལ་སྐྱོད་ཀྱིས་ཏང་དང་མི་དམངས་བར་དུ་སེམས་སྦྲེལ་ཟམ་པ་བཙུགས།
ད་ལྟའི་མཚེར་རྡེའུ་སྡེ་བའི་ཐོན་ལས་ལ་རེ་བ་ཡོད་པ་དང་། ཞིང་སྡེ་འཛུགས་སྐྲུན་ལ་ཁ་ཕྱོགས་གསར་པ་ཡོད་པས། འབྲོག་པ་ཚོས་སྲིད་ཇུས་ཀྱི་དཔྱིད་རླུང་ཁྲོད་ཡིད་ཆེས་ཀྱིས་ཁེངས་ནས་གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་གི་མ་འོངས་པའི་ཕྱོགས་སུ་བརྟན་བརླིང་ངང་མདུན་སྐྱོད་བྱེད་ཀྱིན་ཡོད།
ཤ་བོ་རིན་མཚོས་བསྒྱུར།