

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡི་དཀར་འོམ་ལུང་ཞང་གཉའ་གོང་མ་སྡེ་བའི་ཁྲི་ལུག་གསོ་སྤེལ་རྟེན་གཞིར་སོང་བ་ན། ཕྲེང་དུ་བསྟར་པའི་དེང་རབས་ཅན་གྱི་ལུག་ཁང་རེ་རེ་མཐོང་ལ། དེ་དག་གི་ནང་དུ་འབྲོག་ལུག500ལྷག་ཡོད་པ་དང་། ལ་ལ་བག་ཡངས་སུ་རྒྱུ་ཞིང་ལ་ལ་མགོ་བོ་སྨད་ནས་གཟན་ཆས་ཟ་བཞིན་ཡོད་པ་དང་། ཚང་མར་ཤ་ཤེད་རྒྱས་ཤིང་བལ་ཁ་ཡག
ལུག་རྫིས་བྱང་ཆ་ལྡན་པའི་ངང་གཟན་རྩྭ་ཆ་སྙོམས་པོར་གཟན་གཞོང་དུ་གཏོར་བ་ན་ཤ་ཤེད་རྒྱས་པའི་འབྲོག་ལུག་དག་འཚང་ཁ་ཤིག་ཤིག་གིས་རུབ་ཡོང་ཞིང་འབའ་སྒྲ་དང་བསྡོངས་ནས་འཕྲོག་རེས་བྱེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་མཐོར་འདེགས་བཏང་ནས། བདེ་སྡོད་ལས་བརྩོན་དང་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་པ་སྟོབས་ལྡན་དུ་གཏོང་བ། ཞིང་པར་ཕན་བདེ་སྐྲུན་པ། ཞིང་པ་ཕྱུག་པོར་བསྒྱུར་པའི་སྲིད་ཇུས་ཕན་ནུས་མཐོར་འདེགས་གཏོང་དགོས་པ”གསལ་བོར་བསྟན་ཡོད། དེ་བས་གཉའ་གོང་མ་སྡེ་བས་ཁ་ཕྱོགས་འདི་ལ་དམིགས་ནས་ཚན་རིག་དང་མཐུན་པའི་གསོ་སྤེལ་གྱིས་སྲོལ་རྒྱུན་གྱི་འཕེལ་རྒྱས་གེགས་རྒྱ་བཀྲོལ་བར་བྱས།
“ང་ཚོས‘གཅིག་གྱུར་དྲུག’གི་ཐོན་སྐྱེད་དོ་དམ་བྱེད་སྟངས་ཏེ། ཕྱུགས་རྒྱུད་གཅིག་གྱུར་དང་། གཟན་ཆས་གཅིག་གྱུར། རིམས་འགོག་གཅིག་གྱུར། དོ་དམ་གཅིག་གྱུར། ཆེད་འཚོང་གཅིག་གྱུར། ཞིབ་རྩིས་གཅིག་གྱུར་བཅས་བྱས་ཏེ། གསོ་སྤེལ་གྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་མངོན་འགྱུར་བྱས་པ་ཡིན་ལ། དེ་དང་མཉམ་དུ་ལུ་གུར་སྔ་མོ་ནས་ནུ་མཚམས་གཅོད་པ་དང་། མ་མོས་ལོ་གཉིས་ལ་ལུ་གུ་གསུམ་རྩེབས་པ་སོགས་ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་ཤུགས་ཆེན་པོས་ཁྱབ་སྤེལ་བྱས་པ་དང་། གནད་ལ་ཁེལ་བས་གཟན་རྩྭ་ཁ་གསབ་དང་ཚན་རིག་ལྟར་ལྟ་སྲུང་བྱས་པས། གསོ་སྤེལ་ཕན་འབྲས་དང་ཤ་སྤུས་གཉིས་ཀ་མཐོ་འདེགས་བཏང་ཡོད”ཅེས་གཉའ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རབ་བཟང་རྣམ་རྒྱལ་གྱིས་ལུག་ཁང་ལ་མིག་ཞགས་འཕེན་ཞོར་འཛུམ་དམུལ་དམུལ་གྱིས་དེ་ལྟར་བཤད།
2021ལོར། སྡེ་བས་ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་དང་སྐུལ་འདེད་གཏོང་བའི་གསབ་དངུལ་སྒོར་ས་ཡ་བརྒྱད་དང་རྫོང་རིམ་པའི་ཆ་སྒྲིག་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ལ་བརྟེན་ནས་གཞི་ཁྱོན་ཅན་གྱི་ནོར་ལུག་གསོ་སྤེལ་ར་བ་འཛུགས་སྐྲུན་བྱས། སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་འདྲེན་ནུས་པ་བཏོན་ཞིང་མཉམ་ལས་ཁང་གིས་ཐོན་སྐྱེད་དང་ཕྱིར་འཚོང་རྩ་འཛུགས་བྱེད་པའི་འགན་འཁུར་པ་དང་། ཁྱིམ་ཚང་ཕྱུགས་རའི་ཐད་ནས་གསོ་སྤེལ་གྱི་བར་མཚམས་ལ་དོ་སྣང་བྱས། འབྲོག་ཁྱིམ་གྱིས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དེའི་ནང་ཟབ་ཞུགས་བྱས་པས་ཁེ་ཕན་སྦྲེལ་མཐུད་དམ་ཟབ་ཀྱི་ནང་རྐྱེན་གྲུབ་ཡོད།
ལག་ལེན་འདི་ནི་རྐང་ཚ་རྫོང་གི“ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན། སྐྱེ་ཁམས་ཅན། ཟོང་རྟགས་ཅན། བློ་གྲོས་ཅན”གྱི་རྣམ་པ་གསར་པའི་ཞིང་སྡེ་འཕེལ་རྒྱས་འགྲོ་སྟངས་ཀྱི་ལག་ལེན་གསོན་པོ་རེད། ཐོག་མར་འཛུགས་སྐབས་སྒེར་ཚུགས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་ནས། ད་ལྟའི“ལྟེ1ཁུལ6ཚན20”ཡི་ཟོང་རྟགས་གསར་སྐྲུན་བྱས་པའི་བར། གཉའ་གོང་མ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་འོག སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་སྡེ་མི་ཐུན་མོང་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་པའི་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་གསར་པ་ཞིག་ཏུ་གོམ་པ་བརྟན་པོས་སྐྱོད་ཀྱིན་ཡོད། ཐོན་ལས་མུ་ཕྲེང་གི་མགོ་ཁུངས་རྟེན་གཞི་སྲ་བརྟན་དུ་གཏོང་ཆེད། རྐང་ཚ་རྫོང་གིས་ངེས་པ་དོན་གྱིས་དངུལ་རྩའི་སྲིད་ཇུས་ཁ་གསབ་བྱིན་པར་མ་ཟད། ཆེད་ལས་ལག་རྩལ་དཔུང་ཁག་གཞི་རིམ་གྱི་ལས་ཡུལ་དང་པོར་མངགས་ཏེ། གསོ་སྤེལ་ཁྱིམ་ཚང་ལ་ཕྱུགས་རྒྱུད་ལེགས་པོ་ནང་འདྲེན་དང་རིམས་ནད་སྔོན་འགོག་ཚོད་འཛིན། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་བ་སོགས་གོ་རིམ་ཡོངས་སུ་མཛུབ་སྟོན་བྱས་ཤིང་། གསོ་སྤེལ་བར་མཚམས་དེ“རགས་ལས་ཅན”ནས“ཚད་གཞི་ཅན་དང་གཞི་ཁྱོན་ཅན”དུ་བསྒྱུར་བར་སྐུལ་འདེད་བཏང་།
གཉའ་གོང་མ་སྡེ་བའི་སྐམས་ཤ་དང་ལུག་ཤའི་ཐད་འཚོང་ཁང་གི་ཟོང་སྒྲོམ་དུ་སྤུས་ལེགས་ལུག་གི་རྩིབ་ཤ་དང་ལག་ཡས། ཉྭ་རིལ་སོགས་རིགས་བཀར་ཏེ་བཤམས་ཡོད་པ་དང་། བལྟས་ན་མདོག་དྭངས་པས་ཟ་འདོད་ཀྱི་འདུན་པ་སྐྱེས་སུ་འཇུག བོད་ལྭ་གྱོན་པའི་སྡེ་མི་འགའ་སྒྲོམ་སྟེགས་ཀྱི་མཐའ་རུ་བསྐོར་ཏེ་ཚོང་ཁང་གི་འགན་འཁུར་པ་ནོར་བུ་རྒྱལ་མཚན་ལ་འཚམས་འདྲི་བྱེད་ཞོར་ཤ་ཉོ་བཞིན་ཡོད་ལ། དེའི་ཁྲོད་ནས་མི་ཞིག་གིས་ཤ་ཚིལ་འདྲེས་མའི་བྲང་སྐྱི་ཞིག་ལ་མཛུབ་མོས་བཙུགས་ནས། ཞོག་ཁོག་དང་མཉམ་དུ་འཚོད་དགོས་པའི་འདོད་ཚུལ་བསྟན། ནོར་བུ་རྒྱལ་མཚན་གྱིས་ཨ་ལན་བྱིན་རྗེས་བདེ་ལྕག་འཁྱུག་པོས་ཤ་གཏུབ་ཅིང་རྒྱ་མར་འཇལ་བ་དང་། ཐུམ་རྒྱག་པ་བཅས་དབུགས་ཐེངས་གཅིག་གིས་གྲུབ་སོང་།
ད་ལོ་ལོ34རུ་སོན་པའི་ནོར་བུ་རྒྱལ་མཚན་ནི་ཆེད་འཚོང་ཁང་གི་འགན་འཁུར་པ་ཡིན་པར་མ་ཟད། སྡེ་བའི་ནང་དུ་མིང་གྲགས་ཅུང་ཡོད་པའི་གསོ་སྤེལ་འཇོན་མི་ཞིག་ཀྱང་རེད། 2021ལོར། ཁོས་ཁྱིམ་ཚང་གཅིག་གི་རྩྭ་ས་འགན་གཙང་ལེན་བྱས་ལ། སྤྱི་ཆིངས58ཡོད་པའི་རྩྭ་ས་ཆེན་པོའི་ནང་ནོར་གནག320དང་ལུག40འཚོས་ཡོད། “ཕྱུགས་ཟོག་གི་ཕྱེད་ཀ་འབྲི་མོ་ཡིན་པས་འོ་མ་གཅིག་པུ་བཙོང་ནའང་ངས་ལོ་རེར་སྒོར་འབུམ་གཅིག་དང་ཁྲི་ལྔ་ལེན་ཐུབ། དེའི་ཁར་སྐམས་ཤ་དང་ལུག་ཤ་བཙོངས་པའི་ཡོང་འབབ་བསྣན་ན། ལོ་ཧྲིལ་པོར་སྒོར་འབུམ་གཉིས་ཡས་མས་ལེན་ཐུབ”ཅེས་ནོར་བུ་རྒྱལ་མཚན་གྱིས་སྨུག་ནག་གི་གདོང་ལ་འཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད།
“འདི་ལྟ་བུའི་ཡོང་སྒོ་ལེན་ཐུབ་པ་སྔོན་ཆད་སེམས་ལའང་དྲན་མི་ཕོད།”ཁོའི་མིག་མདངས་ལ་རྣམ་རིག་རྒྱས་ཏེ། “སྔོན་ཆད་སྡེ་བའི་ནང་དུ་ཚང་མས་རང་རང་ས་ནས་འཚོས་པ་ཡིན་ལ་ཕྱིར་འཚོང་གི་ལམ་ཁའང་རྙོག་འཛིང་ཆེ། ངེད་ཅག་གི་སྐམས་ལུག་གི་ཤ་སྤུས་ལེགས་ཤིང་ཁ་ལ་ཞིམ་མོད། དེ་མཐུན་གྱི་རིན་གོང་མཐོན་པོ་ཞིག་ལ་འཚོང་མི་ཐུབ།” འོན་ཀྱང་ད་ལྟ་གནས་ཚུལ་དེ་ཚང་མར་འགྱུར་ལྡོག་བྱུང་ཡོད། སྡེ་བ་ཡོངས་ཀྱི་གསོ་སྤེལ་ཐོན་ཁུངས་གཅིག་སྡུད་བྱས་ཤིང་གཅིག་གྱུར་གྱིས་སྡེབ་ཉོ་དང་གཅིག་བསྡུས་ཀྱིས་ཚད་གཞི་ཅན་གྱི་ལས་སྣོན་བྱེད་པ། ཟོང་རྟགས་ཅན་གྱི་ཐུམ་བརྒྱབ་སྟེ་ཕྱིར་འཚོང་བྱེད་པའི་རྣམ་པ་གསར་པ་དར་སྤེལ་བཏང་བས། སྡེ་མི་དག་གི“བཤམས་འཚོང་བྱེད་པ་དང་། རིན་གོང་དམའ་མོར་བཙོང་བའི”སེམས་ནད་སེལ་བར་མ་ཟད། གཉའ་གོང་མ་སྡེ་བའི་ལུག་ཤ་དང་སྐམས་ཤ་དེ་ཚོང་རའི་སྟེང་མིང་གྲགས་ཡོད་པར་གྱུར།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་བཞི་པས“ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་སྤེལ་ཏན་ཏིག་གཏོང་དགོས་པ”བསྟན་ཡོད། བླང་བྱ་འདི་ཉིད་གཉའ་གོང་མ་སྡེ་བའི་ཐོན་ལས་དར་རྒྱས་འགྲོ་བ་དང་སྡེ་མིའི་ཡོང་སྒོ་འཕར་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བཞིན་ཡོད། ད་ལྟ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང170ཡི་སྡེ་མི་ཚང་མས་ཕལ་ཆེར་ཕྱུགས་ལས་གཉེར་བ་ཐོན་ལས་གཙོ་བོར་བྱེད་ཅིང་། ནོར་ལུག་གི་གྲངས་ཚད་ལོ་ལྔའི་སྔོན་དང་བསྡུར་ན་མངོན་གསལ་གྱིས་འཕར་ཡོད་པ་དང་། སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་སྒོའང་མཆོང་སྐྱོད་རང་བཞིན་གྱིས་འཕར་ཡོད་དེ། 2024ལོར་སྒོར་འབུམ་ལྔ་དང་ཁྲི་བཞི་ལ་སླེབས་པ་དང་། 2025ལོར་འབུམ་ལྔ་དང་ཁྲི་དྲུག་ལ་སླེབས་ཡོད། ཞིང་པ་སྟོབས་ལྡན་དུ་གཏོང་བ་དང་ཞིང་པར་ཕན་བདེ་སྐྲུན་པའི་སྲིད་ཇུས་ཀྱི་ཕན་འབྲས་དེ་རྒྱུན་མཐུད་ངང་གྲོང་གསེབ་དར་སྤེལ་གྱི་ནང་གནས་སྒུལ་ཤུགས་སུ་སྒྱུར་བཞིན་ཡོད། “མིག་སྔར། རྟེན་གཞིས་གྲུབ་འབྲས་ངེས་ཅན་བླངས་ཡོད་ལ། ‘ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར། འབྲོག་ཁྱིམ’གྱི་ཐོན་ལས་རྣམ་པ་གྲུབ་ཅིང་། ཐོན་ཁུངས་ཀྱི་ནུས་ལྡན་སྒྲིག་བཅོས་དང་སྒྲིག་བཀོད་ལེགས་འགྱུར་བྱུང་ཡོད། ཆེད་འཚོང་ལམ་ཁ་སྔར་ལས་ལྷག་པས་རྒྱ་བསྐྱེད་ཆེད། ང་ཚོས་རྐང་ཚའི་ཆིང་ཧུའུ་ཞིང་ཕྱུགས་དངུལ་གཏོང་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ཏེ། ཚོང་རའི་ཁྱབ་ཚད་ཇེ་ཆེར་བཏང་བའི་ཁར་ཕྱུགས་རྒྱུད་ཇེ་ལེགས་སུ་བཏང་བ་བརྒྱུད་ནས།‘མཚོ་སྔོན་པོའི་ནོར་གནག’དང‘མཚོ་སྔོན་པོའི་འབྲོག་ལུག’སོགས་ཡུལ་ཁོངས་ཟོང་རྟགས་བསྐྲུན་ཡོད”ཅེས་རབ་བཟང་རྣམ་རྒྱལ་གྱིས་དེ་ལྟར་བཤད།
“ང་ཚོས་ཧུར་ཐག་གིས་ཚོང་ར་རྒྱ་བསྐྱེད་པ་སྟེ། ཉེ་འཁོར་ས་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར་སོགས་དང་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་བཙུགས་ཏེ། ཐོན་རྫས་ཀྱིས་རང་ས་གནས་ཀྱི་ཚོང་རའི་ཟིན་ཚད10%ལ་སླེབས་པར་བརྩོན་ལེན་བྱེད་ཀྱིན་ཡོད། མ་འོངས་པར་རང་ས་གནས་ཀྱི་ཚོང་རའི་ཐོབ་ཆ་སྲ་བརྟན་དུ་གཏོང་རྒྱུ་ཡིན་པར་མ་ཟད། ཀན་སུའུ་དང་ཉིང་ཞ། ཧྲའན་ཞི་སོགས་མཐའ་འཁོར་ཞིང་ཆེན་དུ་རྒྱ་བསྐྱེད་དེ། གཉའ་གོང་མ་སྡེ་བའི་སྤུས་ལེགས་སྐམས་ཤ་དང་ལུག་ཤ་དེ་སྔར་བས་མི་མང་པོའི་ཟས་ཅོག་སྟེང་ཐོན་དུ་འཇུག་རྒྱུ་དང་། སྡེ་མི་རྣམས་ཀྱི་འཚོ་བ་ཇེ་རྒྱས་ཇེ་བཟང་དུ་གཏོང་རྒྱུ་ཡིན”ཞེས་རབ་བཟང་རྣམ་རྒྱལ་གྱིས་མ་འོངས་པར་ཡིད་ཆེས་ཆེན་པོ་བཅངས་ཏེ་དེ་ལྟར་བཤད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།