སྐམས་ཤའི་ཤ་རིལ་རྡོག་གཅིག་གིས་སྐྱེ་ཁམས་མུ་ཕྲེང་རིང་དུ་བསྲིངས།

ཁུངས། ཀློག་གྲངས།

ཡོན་ཉིའུ་ཞང་གི་ཐོན་སྐྱེད་ལས་རིམ། 

མཐོ་སྒང་གི་སྐམས་ཤ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་མ་རྒྱུ་བྱས་པའི་སྐམས་ཤའི་ཤ་རིལ་དང་། འཕང་འབྲས་དམར་པོའི་སྐམས་ཤའི་ཤ་རིལ། ལུག་གྲོད་ཤ་མོའི་སྐམས་ཤའི་ཤ་རིལ། ཤ་མོ་སེར་པོའི་སྐམས་ཤའི་ཤ་རིལ་སོགས་བྲོ་བ་མི་འདྲ་བའི་སྐམས་ཤའི་ཤ་རིལ་ཚང་མ་ཁྲོམ་རར་བཙོངས་རྗེས་འཛད་སྤྱོད་པ་མང་པོའི་དགའ་བསུ་ཚད་མེད་ཐོབ།ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མཚོ་སྔོན་ཡོན་ཉིའུ་ཞང་ཟས་རིགས་ཚད་ཡོད་ཀུང་ཟིའི་གསོག་ཉར་འཁོར་ཁང་དུ། སྤྱི་གཉེར་བ་ལི་དབྱི་ཡིས་བྲེལ་བྲེལ་འཚུབ་འཚུབ་ངང་ལས་བཟོ་པ་རྣམས་ལ་འཁོར་སྒམ་ནང་འཇོག་ཏུ་འཇུག་བཞིན་ཡོད། མ་གཞིར། རླངས་འཁོར་ནང་གི་ཐོན་རྫས་དེ་དག་ཉིན་དེར་ཟི་ལིང་གི་ཅིན་ཏུང་ཟོག་ཁང་དུ་སྐྱེལ་རྗེས། ཧང་ཀྲོའུ་ཡི་གློག་རྡུལ་ཉོ་ཚོང་སྤྱི་ཁྱབ་ཁང་དུ་བསྐུར་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་འཚོང་བྱེད་དགོས་པ་རེད།

ཟོང་སྐྱེལ་རླངས་འཁོར་བཟོ་གྲྭའི་སྒོ་ཆེན་ལས་བུད་རྗེས། ལི་དབྱི་ཡིས་ཡིད་ཆེས་བརྟན་པོས་བཤད་རྒྱུར། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་གྱི་སྐམས་ཤ་ནི་སྤྱིར་བཏང་གི་སྐམས་ཤ་ཙམ་མ་ཡིན་པས། འཛམ་གླིང་གི་སྒལ་ཚིགས་ནས་ཐོན་པའི་ནོར་ནག་དེ་ཡང་བསྐྱར་ཚང་མས་དོ་ཁུར་བྱེད་སར་འགྱུར་བར་བྱེད་དགོས་ཞེས་བཤད་མྱོང་། དེར་བརྟེན། ང་ཚོས་མཚོ་སྔོན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་ཁོར་ཡུག་གིས་བསྩལ་བའི་སྐམས་ཤའི་སྤུས་ལེགས་དགེ་མཚན་ལ་བརྟེན་ནས། སྐྱེ་ལྡན་སྐམས་ཤའི་ཤ་རིལ་ཐོན་སྐྱེད་བྱེད་པ་དང་། སྐྱེ་ཁམས་ཞིང་ཕྱུགས་ས་ཁུལ་གྱི་རྫོང་ཁོངས་དཔལ་འབྱོར་གྱི་ཁྱད་ཆོས་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་དགོས་ཞེས་ཟེར།

མགོ་ལོག་ཁུལ་དེ་མཚོ་བོད་མཐོ་སྒང་གི་ཕང་བར་ཆགས་ཡོད་ལ། རང་བྱུང་རྩྭ་ས་ཡངས་ཤིང་རྒྱ་ཆེ་བས། ནམ་རྒྱུན་ནོར་ནག་མཚོ་འཕགས་སྨི་སུམ་སྟོང་ཡན་གྱི་གངས་ལྗོངས་འབྲོག་རར་འཚོ་བཞིན་ཡོད་ལ། སྨན་རྩྭ་ཟོས་ཤིང་རྫ་ཆུ་འཐུང་བའི་སྟབས་ཀྱིས་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་རིགས་ངོ་མ་ཡིན་པར་མ་ཟད། ས་གནས་དེ་གའི་འབྲོག་པ་རྣམས་འཚོ་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱང་ཡིན།

ཡིན་ཡང་། དུས་ཡུན་རིང་པོར་མཐོ་སྒང་གི་ནོར་ནག་ཐོན་ལས་ཀྱིས་མ་རྒྱུ་ཕྱིར་གཏོང་དང་ཐོག་མའི་ལས་སྣོན་གཙོ་བོར་བཟུང་བས། ཟུར་སྣོན་རིན་ཐང་དམའ་ཞིང་ཚོང་རྟགས་ཀྱི་ཤུགས་རྐྱེན་ཆུང་། ཡོན་ཉིའུ་ཞང་གིས་ཁྲོམ་རའི་འགག་གནད་དམ་འཛིན་བྱས་པ་དང་། སྐམས་ཤའི་ཤ་རིལ་གྱི་ཚད་ལྡན་ཅན་དང་ཁྱབ་གདལ་གཏོང་སླ་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས། མཐོ་སྒང་གི་སྤུས་ལེགས་སྐམས་ཤ་དེ་བྲིན་ཆེ་བའི་ཐོན་རྫས་སུ་བསྒྱུར།

ཐོན་སྐྱེད་ལྟ་སྐུལ་བ་དབྱང་དབྱི་ཡུང་གིས་བཤད་རྒྱུར།  འབྲོག་ཁྱིམ་དང་མཉམ་ལས་ཁང་ནས་ཉོས་པའི་ནོར་ནག་དག་ང་ཚོའི་བཤས་རའི་འཁོར་ཁང་དུ་བཅུག་རྗེས་ཐད་ཀར་ཐོན་སྐྱེད་ལས་རིམ་དུ་སྐྱེལ་བ་ཡིན། མྱུར་རེངས་བཅུད་འཛིན་གྱི་ལག་རྩལ་བརྒྱུད། ཆུ་ཚོད་གསུམ་ལྷག་འགོར་རྗེས་ཐོན་རྫས་དག་གསོག་ཉར་འཁོར་ཁང་དུ་བསྐྱལ་ཆོག ཟས་རིགས་ཀྱི་སྔར་ཡོད་སྤུས་ཀ་སོར་འཇོག་བྱས་པའི་ཞོར་དུ་ཐོན་སྐྱེད་ལས་ཆོད་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་ཡོད་ཅེས་ཟེར།

ཡོན་ཉིའུ་ཞང་གིས་ཁེ་ལས་དང་མཉམ་ལས་ཁང་དང་འབྲོག་ཁྱིམ་བཅས་མཉམ་འབྲེལ་གྱི་མངགས་ཐོའི་རྣམ་པ་བརྒྱུད་དེ། ཁྲོམ་རའི་རིན་གོང་ལས་སྒོར་ཉིས་བརྒྱ་ཡས་མས་ཀྱིས་མཐོ་བའི་རིན་གོང་གིས་ནོར་གནག་ཉོ་བསྡུ་བྱས་པར་བརྟེན། སྤུས་ལེགས་མ་རྒྱུའི་མཁོ་འདོན་ལ་འགན་སྲུང་བྱས་པར་མ་ཟད། མཉམ་ལས་བྱས་པའི་འབྲོག་ཁྱིམ་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་བྱས།

ད་དུང་། རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་ཀྱིས་སྐམས་ཤའི་ཤ་རིལ་གྱི་བྲོ་བ་དང་སྤུས་ཀར་ཁག་ཐེག་བྱས་ནས། སྲོལ་རྒྱུན་གྱི་སྐམས་ཤ་ལས་སྣོན་བྱས་པའི་བྲོ་བ་འགྱུར་སླ་བ་དང་ཚད་གཞི་འཛིན་དཀའ་བའི་གནད་དོན་ཐག་གཅོད་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་རྒྱབ་ལྗོངས་འོག སྔོན་ཐོན་ཐོན་སྐྱེད་སྒྲིག་ཆས་ཀྱིས་སྲོལ་རྒྱུན་གྱི་སྐམས་ཤའི་ལས་སྣོན་ཐོན་ལས་ལ་སྒུལ་ནུས་ཆེན་པོ་བསྣན་པ་དང་།  མ་རྒྱུན་ཕྱིར་གཏོང་ནས་ཚོང་རྟགས་ཕྱིར་གཏོང་གི་སྤུས་ཚད་མཐོ་བའི་ཚུལ་སྒྱུར་ལ་སྐུལ་འདེད་བཏང་།

ཐབས་ལམ་ནི་ཐོན་རྫས་ཁྲོམ་རར་ཕྱིར་འཚོང་བྱེད་པའི་སྦྲེལ་ཟམ་ཡིན།

ད་ལོའི་ཟླ་དང་པོར་དངོས་སུ་ཐོན་སྐྱེད་བྱས་པའི་ཚུན་ལ། ཡོན་ཉིའུ་ཞང་གིས་མགོ་ལོག་དང་ཟི་ལིང་གནམ་གྲུ་ཐང་དུ་ཡུལ་དངོས་ཕྱིར་འཚོང་ཐབས་ལམ་བཀོད་སྒྲིག་བྱས་པ་ལས་གཞན། འདར་དབྱངས་སུ་གློག་རྡུལ་ཚོང་དོན་ཐད་གཏོང་ཁང་གི་སྒོ་ཕྱེས་སྟབས།  མིག་སྔར་ཕྱིར་འཚོང་མངགས་ཐོ་སུམ་སྟོང་ལྷག་ལ་སླེབས་ཡོད། དེའི་རྗེས་སུ། ཐེན་མའོ་དང་ཅིན་ཏུང་སོགས་ལས་དྲ་ཐོག་ཕྱིར་འཚོང་བྱས།

ཉི་དབྱི་ཡིས་བཤད་རྒྱུར། མིག་སྔར། ང་ཚོའི་ཐོན་རྫས་དག་གཙོ་བོ་ཧྲང་ཧའེ་དང་ཅང་སུའུ་སོགས་སུ་བཙོང་བཞིན་ཡོད་ལ། མངགས་ཐོའི་ཚད་སྒོར་ས་ཡ་ལྔ་ལས་བརྒལ་ཡོད། ལས་གཞི་འདིས་ད་སྐབས་ལས་ཞུགས་ལས་གནས་སུམ་ཅུ་ལྷག་མཁོ་འདོན་བྱས་ཡོད། ཐོན་སྐྱེད་ལས་རིམ་ཚང་མ་མགོ་བརྩམ་རྗེས། སྔོན་དཔག་བྱས་ན་ས་གནས་ཀྱི་འབྲོག་པ་མང་ཚོགས་ཉིས་བརྒྱ་ལྷག་ལ་ལས་ཞུགས་འདོན་སྤྲོད་བྱ་ཐུབ་ངེས་ཞེས་ཟེར།

མགོ་ལོག་ཁུར་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཀླུ་མཚོ་ནི་ལི་དབྱི་ཡིས་བཤད་པའི་ལས་ཞུགས་མི་སྣའི་གྲས་ཀྱི་གཅིག་ཡིན། སྔོན་ཆད་བཟོ་གྲྭ་འཛུགས་དུས་ཀྱི་གཙང་སྦྲ་མཁན་ནས་ད་སྐབས་ཐུམ་རྒྱག་འཁོར་ཁང་གི་ལས་མིར་གྱུར་བའི་བར། ཁོ་མོའི་ཡོང་སྒོ་སྒོར་སྟོང་བཞི་ལ་འཕར་བ་དང་། མོར་མཚོན་ནས་བཤད་ན་གཏན་འཇགས་ཀྱི་དཔལ་འབྱོར་ཡོང་འབབ་འདིས་ཁྱིམ་ཚང་གི་འཚོ་བའི་ཁྲོད་ཀྱི་དཀའ་ཁག་མང་པོ་ཞིག་དངོས་སུ་ཐག་གཅོད་ཐུབ་ཡོད།

ཤ་རིལ་རྡོག་གཅིག་ནས་ཐོན་ལས་མུ་ཕྲེང་གཅིག་གི་བར། ཡོན་ཉིའུ་ཞང་གིས་ཤ་བཟོས་ཐོན་རྫས་ལས་སྣོན་བྱ་རྒྱུ་ཁོ་ནར་དམིགས་ནས་

བློ་རིག་མྱུར་བའི་ལི་དབྱི་ཡིས་བཤད་རྒྱུར། སྐམས་ཤའི་ཤ་རིལ་ཁྲོད་འཕང་འབྲས་དམར་པོ་དང་ཤ་མོ་སེར་པོ། ལུག་གྲོད་ཤ་མོ་སོགས་ལྗང་མདོག་གནོད་མེད་ཁྱད་ལྡན་ཐོན་རྫས་ཁ་སྣོན་བྱེད་པ་ལས་གཞན། ད་རུང་མཚོ་སྔོན་ས་གནས་རང་གི་ཞུན་ཧྭའི་སུར་པན་དང་སྒོག་པ་སོགས་སྤུས་ལེགས་མ་རྒྱུ་སྤྱད་དེ། སུར་འདག་དང་བྲོ་རྫས་ཐོན་སྐྱེད་བྱས་ན། འཛད་སྤྱོད་པས་སྐམས་ཤའི་ཤ་རིལ་དང་སྡེབ་ནས་ཟོས་ཆོག

ལི་དབྱི་ཡིས་ས་གནས་གཞན་པའི་འཛད་སྤྱོད་པ་དག་གིས་ནམ་རྒྱུན་སྐམས་ཤའི་ཤ་རིལ་ཟ་ཞོར་དུ་སྐུད་ཐུག་འཐུང་བཞིན་འདུག ང་ཚོའི་མཚོ་སྔོན་དུ་སོ་བ་དང་ཡུག་པོ། བྲ་བོ་སོགས་འབྲུ་རིགས་མང་པོ་ཡོད་པས། དེ་དག་བེད་སྤྱད་ནས་སྐུད་ཐུག་རིགས་སྣ་ཚོགས་ཐོན་སྐྱེད་བྱས་ན་མི་ཆོག་གམ་སྙམ་བཞིན་ཡོད།

ཁོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཧ་ཅང་གསལ་བོ་ཡིན་ཏེ། མ་འོངས་པའི་ཡོན་ཉིའུ་ཞང་གིས་ནོར་གནག་གི་ཐོན་ལས་མུ་ཕྲེང་རིང་དུ་བསྲིང་བར་རྐང་བཙུགས་ནས། ནོར་གནག་རིག་གནས་ཀྱི་ནང་སྙིང་སྔོག་འདོན་བྱེད་པ་དང་། ནོར་གནག་གི་རྭ་ཅོ་དང་རུས་པ་སྤྱད་དེ། ཆང་བུམ་དང་སྡེར་མ། ཐུར་མ། སོ་ཤིང་སྣོད་སོགས་རིག་གནས་ལས་གཏོད་ཐོན་རྫས་ཐོན་སྐྱེད་བྱས་ནས། སྐྱེ་ཁམས་རིན་ཐང་དང་རིག་གནས་རིན་ཐང་། ཐོན་ལས་རིན་ཐང་བཅས་མཉམ་འདྲེས་ཟབ་མོ་བྱེད་པ་དང་། མཚོ་སྔོན་གྱི་ནོར་གནག་ནི་སྤུས་ལེགས་ཟས་རིགས་ཁོ་ན་མ་ཡིན་པར་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་ཁོངས་ཚོང་རྟགས་ཀྱི་མཚོན་བྱེད་དུ་འགྱུར་བར་བྱ་རྒྱུ་རེད།

གངས་རི་དཔང་དུ་བཞག་ཅིང་སྐྱེ་ཁམས་ཀྱིས་སྟོབས་ནུས་བསྩལ། སྐྱེ་དངོས་ཡོད་དོ་ཅོག་ལ་གསོན་ཤུགས་རྒྱས་པའི་དུས་ཚིགས་འདིར། ཡོན་ཉིའུ་ཞང་གིས་ངར་ཤུགས་ཆེན་པོས་འཕེལ་རྒྱས་དམ་འཛིན་བྱས་ཏེ། སྐམས་ཤའི་ཤ་རིལ་རྡོག་གཅིག་གིས་སྐྱེ་ཁམས་མུ་ཕྲེང་གཅིག་རིང་དུ་བསྲིངས་ཡོད།

གངས་ལྗོངས་མཐོ་སྒང་དུ། ཡོན་ཉིའུ་ཞང་གིས་ཁྱད་དུ་འཕགས་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་པ་དང་། ལས་སྣོན་ཞིབ་མོར་བརྟེན་ནས་ཟུར་སྣོན་རིན་ཐང་མཐོར་འདེགས་བཏང་ཞིང་། ཐབས་ལམ་གསར་གཏོད་ལ་བརྟེན་ནས་ཁྲོམ་རའི་བར་སྟོང་རྒྱ་བསྐྱེད་པ་དང་།  རིག་གནས་ཀྱིས་ཐོན་ལས་ཀྱི་མུ་ཕྲེང་རིང་དུ་བསྲིངས་བར་སྟོབས་ནུས་བསྩལ་ཏེ། སྤུས་ལེགས་ནོར་གནག་མཐོ་སྒང་ལས་རྩེ་གྲས་ཁྲོམ་རར་བསྐྱོད་པ་དང་། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་ཡོང་བར་སྐུལ་ཁྲིད་བྱས་ནས། སྲོལ་རྒྱུན་ཕྱུགས་ལས་དེ་དེང་རབས་ཅན་དང་ཚོང་རྟགས་ཅན། མཉམ་འདྲེས་ཅན་གྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་།  

ལྗང་མདོག་སྐྱེ་ལྡན་ནི་མཚོ་སྔོན་གྱིས་ཕྱིར་གཏོང་ཁུལ་བསྐྲུན་པའི་ཆེས་ཆེ་བའི་གདིང་ཤུགས་ཡིན་པར་མ་ཟད་དགེ་མཚན་ཆེ་ཤོས་ཀྱང་ཡིན།

ལོ་ངོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་གོ་གནས་ལ་རྐང་བཙུགས་ཤིང་། སྐྱེ་ཁམས་ཞིང་ཆེན་འཛུགས་པའི་ལས་འགན་གྱི་འཐབ་ཇུས་གདམ་ག་ལག་བསྟར་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བསྟུད་མར་མཐོར་འདེགས་བཏང་བ་དང་། ཁྱད་ལྡན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་ཞིང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་དང་ཕྱུག་པོར་འགྱུར་བ་བཅས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།

ཕྱིར་གཏོང་ཁུལ་བསྐྲུན་ནས། མཐོ་སྒང་གི་རོང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་ཟས་ཕོར་ལག་ཏུ་དམ་པོར་བཟུང་བ་དང་། རིན་ཐང་ཆེས་ཆེ་བའི་སྐྱེ་ཁམས་ཀྱི་དགེ་མཚན་གཙོ་བོ་དམ་འཛིན་བྱས་ཤིང་། ལམ་ལུགས་གསར་གཏོད་དང་ཐོན་ལས་རིམ་སྤོར། ཁྲོམ་རའི་རྐྱེན་སྲོལ་བཅས་བརྒྱུད། འཕེལ་རྒྱས་ཀྱི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་མཉམ་དུ་མཐོར་འདེགས་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་རེད།

ལྷ་མོ་འཚོས་བསྒྱུར།