རྒྱ་བོད་མཐུན་སྒྲིལ་སྨན་བཅོས་ཀྱིས་ཁྲི་འདུའི་དམངས་ལ་ཕན་བདེ་བསྐྲུན། 

ཁུངས། ཀློག་གྲངས།

                      ཉི་མ་གྲགས་པས་པེ་ཅིང་ནས་ཡོང་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པར་འཚམས་འདྲི་བྱེད་བཞིན་པ། 

དཔྱིད་ཟླ་གསུམ་པར། མཚོ་འཕགས་ལ་རྨིད་བཞི་སྟོང་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་གནམ་གཤིས་ཅུང་འཁྱགས་ནའང་།   ཁྲི་འདུ་རྫོང་མི་དམངས་སྨན་ཁང་དུ།    རྒྱ་བོད་སྐད་གཉིས་ལམ་གྱི་འཚམས་འདྲི་དང་སྨན་བཅོས་མི་སྣའི་བྲེལ་འཚུབ་ཀྱི་སྣང་བརྙན་རེ་རེས་གནས་དེར་དྲོད་སྐྱིད་ཀྱིས་ཁེངས་པར་བྱས་ཡོད།  

ཁྲི་འདུ་རྫོང་མི་དམངས་སྨན་ཁང་སྨན་ཞབས་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་གྲགས་པས་པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་སྨན་ཁང་གི་རོགས་སྐྱོར་ཆེད་མཁས་པ་ཞུའུ་ལེན་ནཱ་ལ་རྒྱང་བསྟེན་སྐུད་ལམ་སྦྲེལ་ནས་ནད་པའི་བརྟག་བཅོས་ཇུས་གཞིའི་ཐད་ནས་གྲོས་མོལ་བརྗེ་རེས་བྱེད་བཞིན་ཡོད་ལ།   རྒྱ་བོད་མི་རིགས་གཉིས་ཀྱི་སྨན་པས་མཉམ་དུ་སྨན་བཅོས་བྱེད་ཐབས་ལ་གྲོས་བསྡུར་བྱེད་པ་དེ་ནི་གངས་ལྗོངས་མཐོ་སྒང་དུ་བཞད་པའི་མི་རིགས་མཐུན་སྒྲིལ་ཐད་ཀྱི་ཆེས་མཛེས་པའི་དཔེ་མཚོན་ཞིག་རེད།

མཐོ་སྒང་གི་སྨན་བཅོས་འཐབ་ཕྱོགས་སུ་གཞི་ཚུགས་ནས་བགྲང་བྱ་སོ་གཉིས་འགོར་བའི་རིང་། ཁྲི་འདུ་རྫོང་མི་དམངས་སྨན་ཁང་གིས་གངས་ལྗོངས་ཀྱི་ས་གཞི་ཆེན་པོ་འདིའི་སྟེང་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་དང་མཉམ་དུ་ཕུགས་འདུན་མངོན་འགྱུར་བྱེད་པའི་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་རི་མོ་ཞིག་ངང་གིས་གྲུབ་པར་བྱས་ཡོད།

མི་རིགས་མཐུན་སྒྲིལ་ནི་ཁ་གཡང་ཙམ་མ་ཡིན་པར།  དེ་ནི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་སེམས་སུ་ཉར་ནས་མང་ཚོགས་ལ་ཕན་པའི་དོན་དངོས་མང་པོ་སྒྲུབ་རྒྱུ་དེ་ཡིན་ཞེས་པ་ནི་ཉི་མ་གྲགས་པས་རྒྱུན་དུ་བཤད་པའི་སྐད་ཆ་ཡིན་ལ།   ཁོས་ཀྱང་ཐོག་མཐའ་བར་གསུམ་དུ་རང་གི་འགུལ་སྐྱོད་དངོས་ལ་བརྟེན་ནས་དམ་བཅའ་དེ་ལག་བསྟར་བྱེད་བཞིན་ཡོད།

2024ལོའི་ཟླ7པའི་ཉིན་ཞིག་ལ།   སྨན་ཁང་གི་སྒོ་བསྟེན་ཁང་དུ།   དམིགས་བསལ་གྱི་ནད་པ་ཞིག་ཡོང་སྟེ་ཁ་ནས་གོ་དཀའ་བའི་ཡུལ་སྐད་ལབ་ཅིང་ཐོབ་ཐང་ལག་ཁྱེར་སོགས་གང་ཡང་མེད་ལ།   ཕོ་བ་ན་ནས་བཟོད་དཀའ་བའི་རྣམ་པ་དེས་ལས་རེས་སྨན་པ་དཀའ་སྡུག་གི་གནས་སུ་བསྐྱལ། 

ཉི་མ་གྲགས་པར་གནས་ཚུལ་འབྱོར་མ་ཐག སྨན་ཁང་དུ་ཡོང་ནས་ལུས་པོ་སྒུར་ཏེ་སུན་སྣང་མེད་པར་ནད་པར་བརྟག་དཔྱད་བྱས་པ་དང་།    ཁོའི་ལོ་མང་པོའི་རིང་གི་ཉམས་མྱོང་བརྒྱུད་དེ་ནད་པ་དེར་ནད་མང་པོ་ཡོད་པ་ཤེས་རྟོགས་བྱུང་།

བྲེལ་བ་མ་ལངས།  སྔོན་ལ་བརྟག་དཔྱད་བྱོས།  སྨན་རིན་ངས་སྟེར།  ཁྱོད་དྲག་སྐྱེད་འབྱུང་ངེས་ཡིན་ཞེས་ཉི་མ་གྲགས་པས་ནད་པར་སེམས་གསོ་བྱེད་ཞོར་དུ་ནད་བརྟག་ཞིབ་བཤེར་ལས་དོན་བཀོད་སྒྲིག་བྱས་ཤིང་།   རང་གི་སྒོར་མོ་བཏང་ནས་སྨན་རིན་རྩིས་བརྒྱབ་པར་མ་ཟད།   ནད་པར་སྨན་ཁབ་བརྒྱབ་ནས་སྨན་བཅོས་བྱས།    ནད་པའི་ནད་གཞི་ཇེ་བཟང་དུ་སོང་རྗེས།  ཁོས་ད་རུང་དམངས་སྲིད་སྡེ་ཁག་ལ་འབྲེལ་གཏུགས་བྱས་ཏེ་ནད་པར་སྡོད་གནས་སོགས་བཀོད་སྒྲིག་བྱེད་དུ་བཅུག་པ་མ་ཟད།  ད་རུང་སྨན་རྫས་དང་གོན་པ།  བཟའ་བཅའི་རིགས་སོགས་ཉོས་ཡོང་ནས་ཡང་དང་བསྐྱར་དུ་དུས་ལྟར་སྨན་འཐུང་དགོས་པའི་མངག་བཅོལ་བྱས།   ནད་པར་སེམས་འགུལ་ཐེབས་ཏེ་མིག་ཟུང་ལས་མཆི་མ་གཏོར་བཞིན་ཉི་མ་གྲགས་པའི་ལག་པར་འཇུས་ནས་བཀའ་དྲིན་ཡང་ཡང་ཞུས།  ཁོ་གཉིས་ཀྱི་སྐད་ཆ་མི་མཐུན་ནའང་།   མི་རིགས་མཐུན་སྒྲིལ་གྱི་བརྩེ་མ་ངོ་མ་ཞིག་ཕན་ཚུན་གྱི་སེམས་ལ་འཇགས་ཡོད།

ཁྲི་འདུ་རྫོང་དུ།    མི་རིགས་མང་པོ་འདུས་སྡོད་བྱས་ཡོད་ལ།    ནད་སྟོན་པའི་ལམ་ཐག་རིང་བ་དང་ནད་སྟོན་དཀའ་བའི་གནས་ཚུལ་དེ་ཡུལ་དེའི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཁྲལ་ཞིག་ཏུ་གྱུར་ཡོད།  ཉི་མ་གྲགས་པས་སྨན་བཅོས་འགན་སྲུང་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ཡིན་པ་གསལ་བོར་རྟོགས་ཡོད།  ཁོས་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་ལ་དང་ལུང་པ་བརྒལ་ནས་རྫོང་ཡོངས་ཀྱི་སྡེ་བ་སོ་སོར་སོང་སྟེ་ཐུམ་འབུའི་ནད་དང་རུས་ཚིགས་ཀྱི་ནད་སོགས་མཐོ་སྒང་དུ་འབྱུང་སླ་ཞིང་འབྱུང་ཐེངས་མང་བའི་ནད་ལ་རིན་མེད་བརྟག་དཔྱད་དང་སྨན་བཅོས་བྱས་པར་མ་ཟད།    མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆའི་ལམ་ནས་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་ཁྲི་འདུ་རྫོང་གི་མང་ཚོགས་ཡོངས་ལ་ནད་རིགས་འགོག་བཅོས་ཐད་ཀྱི་ཤེས་བྱར་རྒྱུས་མངའ་ཡོད་པར་བྱས།   དེ་མིན།  ཉི་མ་གྲགས་པས་ད་རུང་དམིགས་བསལ་མི་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས།   ལོ་ལོན་རྒན་པ་དང་དཀའ་ཁག་ཡོད་པའི་མང་ཚོགས།   དམིགས་བསལ་མི་ཚོགས་ལ་སྟབས་བདེའི་སྨན་བཅོས་ཞབས་ཞུ་དང་ཁྱིམ་ཚང་དུ་སོང་ནས་སྨན་བཅོས་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་བདེ་ཐང་ལས་ཐོན་པའི་བདེ་སྐྱིད་དེ་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་སིམ་པར་བྱས།

ཉི་མ་གྲགས་པ་ཞེས་གླེང་མ་ཐག  ས་དེའི་མང་ཚོགས་ཀྱིས་ཧྲུའུ་ཅི་ཉི་མའི་སེམས་སུ་ནམ་ཡང་ང་ཚོ་བཅངས་ཡོད།  བོད་རིགས་དང་རྒྱ་རིགས་གང་ཡིན་ཡང་ཁོས་འདྲ་མཉམ་གྱི་ལྟ་ཚུལ་འཛིན་ངེས།   ཁོ་ཡོད་ན།   ང་ཚོས་ནད་སྟོན་པར་སེམས་ཁུར་ཅི་ཡང་མེད་ཅེས་ཁོ་ལ་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད།

པེ་ཅིང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ།    ཉི་མ་གྲགས་པ་ནི་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་དེའི་འབྲེལ་ཟམ་ལྟ་བུ་དང་དེར་སྲུང་སྐྱོབ་བྱེད་མཁན་ཡིན།  

2025ལོའི་ཟླ8པའི་ཟླ་འགོར།   ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་རུ་ཁག་ཁྲི་འདུ་རྫོང་དུ་ཡོང་བ་དང་།   པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་སྨན་ཁང་གི་ཞུའུ་ལེན་ནཱ་ཡིས་ཁྲི་འདུ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གི་འགན་བཞེས།   ཐེངས་དང་པོར་མཐོ་སྒང་དུ་ཡོང་བའི་ཁོ་མོར་མཚོན་ན།   གནས་དེའི་ཡུལ་སྲོལ་གོམས་གཤིས་ལ་ཆ་རྒྱུས་མེད་པས།  རང་འཁྲིའི་ལས་འགན་བདེ་བླག་ངང་སྤེལ་ཐུབ་མིན་དེ་སེམས་ཁུར་ཆེན་པོ་ཞིག་ཏུ་གྱུར་ཡོད།   ཉི་མ་གྲགས་པས་གནས་ཚུལ་དེ་ཤེས་རྗེས།   རང་འགུལ་གྱིས་ཡོན་ཀྲང་ཞུའུ་ལེན་ནཱ་བཙལ་ཏེ།  ཡོན་ཀྲང་ཞུའུ་ལགས།   སེམས་ཁུར་བྱེད་མི་དགོས།   ས་གནས་འདིའི་གནས་ཚུལ་ང་ལ་ཆ་རྒྱུས་ཆེན་པོ་ཡོད།   གནད་དོན་ཅི་ཡོད་ན་ང་ཚོས་མཉམ་དུ་ཐག་གཅོད།   ཁྱེད་ཚོ་ང་ཚོར་རོགས་སྐྱོར་བྱེད་དུ་ཡོང་བ་རེད།  ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་ཞེས་ཉི་མ་གྲགས་པས་གནས་དེའི་ཡུལ་སྲོལ་གོམས་གཤིས་དང་ས་ཁམས་གནས་ཚུལ་ཞིབ་ཏུ་ངོ་སྤྲོད་བྱས་པ་མ་ཟད།    ད་རུང་རྒྱུན་དུ་སིལ་ཏོག་དང་རྒྱུན་བཀོལ་སྨན་རྫས་བཟུང་ནས་ཆེད་མཁས་པའི་ཉལ་ཁང་དུ་སོང་སྟེ་ཁོ་ཚོར་འཚམས་འདྲི་བྱས་ཤིང་།   ཁོ་ཚོའི་འཚོ་བའི་ཁྲོད་གནས་པའི་གནད་དོན་དུས་ཐོག་ཏུ་ཐག་བཅད།  

རྒྱུན་ལྡན་གྱི་བྱ་བ་དང་འཚོ་བ་གང་ཡིན་ཡང་།   ཧྲུའུ་ཅི་ཉི་མ་གྲགས་པས་ང་ཚོར་རོགས་རམ་དང་གཅེས་སྐྱོང་གང་ལེགས་བྱས་ནས།  ང་ལ་ཡུལ་གཞན་དུ་ཁེར་རྐྱང་དུ་སྡོད་པའི་ཚོར་སྣང་མེད་པར་བྱས།   ཧྲུའུ་ཅི་ཉི་མ་གྲགས་པ་ལྟ་བུའི་ལས་གྲོགས་ཤིག་ཡོད་པས།  ངའི་སེམས་བདེ་བར་མ་ཟད།   གནས་དེའི་མང་ཚོགས་ལ་དོན་དངོས་མང་པོ་བསྒྲུབ་པའི་ཡིད་ཆེས་དང་ངར་ཤུགས་ཀྱང་ཆེ་རུ་ཕྱིན་ཞེས་ཞུའུ་ལེན་ནཱ་ཡིས་ཡིད་འགུལ་ཐེབས་པའི་ངང་དེ་ལྟར་བཤད་བྱུང་། 

ཉི་མ་གྲགས་པའི་སྐུལ་འདེད་འོག    ཁྲི་འདུ་རྫོང་མི་དམངས་སྨན་ཁང་གིས་པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་སྨན་ཁང་དང་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་བར་ཡུན་ཕན་རོགས་སྐྱོར་རྐྱེན་སྲོལ་བཙུགས་པ་དང་།   པེ་ཅིང་གི་ཆེད་མཁས་པ་དང་ས་གནས་ཀྱི་སྨན་བཅོས་མི་སྣའི་བར་རྒྱུད་རོགས་ཁྲིད་གསུམ་གྱི་འབྲེལ་བ་བཙུགས་པར་མ་ཟད།    སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་ཉམས་མྱོང་མཐོ་སྒང་དུ་རྩ་བ་ཚུགས་པར་བྱས་ལ།   སྨན་ཁང་གིས་ཀ་རིམ་པ་གཉིས་པའི་སྨན་ཁང་གི་དཔྱད་ཞིབ་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་།   ལྟེ་གནས་ལྔའི་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་སྟེ་རིགས་སོ་སོའི་མང་ཚོགས་ཀྱིས་རང་ས་གནས་སུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས།

ཁྲི་འདུ་རྫོང་མི་དམངས་སྨན་ཁང་དུ་རྒྱ་རིགས་དང་བོད་རིགས།    ཧོས་རིགས།    སོག་རིགས་སོགས་རིགས་སོ་སོའི་སྨན་དོན་མི་སྣས་ཕན་ཚུན་གཅིག་རམ་གཅིག་འདེགས་ཀྱིས་བྱ་བ་སྒྲུབ་རྒྱུ་དེ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད།    ཉི་མ་གྲགས་པས་ལས་གྲོགས་ཕན་ཚུན་བར་བརྩི་འཇོག་དང་སློབ་སྦྱོང་།    རོགས་སྐྱོར་སོགས་བྱེད་པ་དང་།    མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་སྐད་ཆའི་རིག་གནས་ལ་བརྩི་འཇོག་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས་དུས་རྒྱུན་རིགས་སོ་སོའི་ལས་བྱེད་མི་སྣའི་བར་བརྩེ་བས་ཁ་བརྡ་བྱས་ཏེ་འགལ་བ་ཐག་གཅོད་དང་བརྩེ་བ་ཇེ་ཟབ་ཏུ་གཏོང་བཞིན་ཡོད།   ཁོས་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ལས་དོན་དེ་སྨན་ཁང་གི་རིག་གནས་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ནས།  དྲིལ་སྒྲོག་ལག་དེབ་སྟེར་བ་དང་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁ་འབྲལ་ཐབས་མེད་པ་གསུམ་དང་ངོས་འཛིན་ལྔའི་བསམ་བློ་ཀུན་གྱི་སེམས་སུ་འཇགས་པར་བྱས།   

ཉི་མ་གྲགས་པས་རྒྱུན་པར་མཐུན་སྒྲིལ་ནི་ས་གནས་སོ་སོ་དང་མི་རིགས་སོ་སོར་རག་ལས་ཡོད་པ་དང་།   མི་རིགས་སོ་སོས་སེ་འབྲུ་གཅིག་ལྟར་མཐུན་སྒྲིལ་འབད་འཐབ་བྱས་ན། ད་གཟོད་བྱ་བ་བཟང་བོ་སྒྲུབ་ཐུབ་པ་དང་དེ་ལེགས་འགྲུབ་འབྱུང་ངེས་ཡིན་ཞེས་བཤད་བཞིན་ཡོད།  

བགྲང་བྱ་སུམ་ཅུའི་དཀའ་སྤྱད་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད་དུ་ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་མྱོང་མེད།   ཉི་མ་གྲགས་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་མཛད་རྗེས་ཆེན་པོ་མེད་ཀྱང་།     ཉིན་ཐོག་ཉིན་བརྩེགས་ཀྱི་བརྟན་སྲུང་དང་སྨན་པའི་བྱམས་སེམས་ལ་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས་པར་མ་ཟད།   བརྩེ་བ་རྣལ་མ་དང་དངོས་སྒྲུབ་འབད་བརྩོན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་བཙུགས་པ་རེད།  ད་ལྟ།  ཁོའི་སྣེ་ཁྲིད་འོག  ཁྲི་འདུ་རྫོང་མི་དམངས་སྨན་ཁང་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་དུ་གྱུར་ཡོད་པ་དང་།    རིགས་སོ་སོའི་མང་ཚོགས་ཀྱི་ནད་སྟོན་པའི་ཐོབ་ཚོར་དང་བདེ་ཚོར།  སྐྱིད་ཚོར་བཅས་རྒྱུན་མཐུད་ངང་ཇེ་དྲག་ཏུ་སོང་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་མཐོ་སྒང་དུ་རྣམ་པར་བཞད་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།