

བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་ཁྱད་ལྡན་སློབ་ཁྲིད།

ཞབས་བྲོའི་ཁྱད་ལྡན་སློབ་ཁྲིད་སྐབས་སུ་འཁྲབ་སྟོན་བྱེད་བཞིན་པ།

ལུས་རྩལ་ཁྱད་ལྡན་སློབ་ཁྲིད་སྐབས་སུ། སློབ་མ་ཚོས་མཆོང་འཕེན་བྱེད་བཞིན་པ།
“ངར་བ་རེད ”ཅེས་པའི་འུར་སྒྲ་ཞིག་གིས་གསར་འགོད་པའི་མཐོང་སྣེ་མི་ཚོགས་ཀྱི་ཕྱོགས་སུ་ཁྲིད།
ཟླ4པའི་ཚེས7ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་ལག་རྩེད་སྤོ་ལོའི་ཐང་ཆེན་དུ་སློབ་མ་མང་པོས་རུབ་ནས་འདུག ལྟད་མོ་བའི་གྲས་སུ་འཚང་ནས་བལྟས་པ་ན། ལག་རྩེད་སྤོ་ལོའི་དགའ་ཕྱོགས་འཛིན་གྲྭའི་སློབ་མ་བུ་གཟུགས་རིང་འགས་མཆོང་འཕེན་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་སྟངས་སྦྱོང་བརྡར་བྱེད་ཀྱིན་ཡོད་ལ། གནམ་ལ་ལྡིང་ཞོར་ལྒང་ལི་ལག་རྩེད་སྤོ་ལོའི་གཟེབ་ཏུ་འཕངས་ཤིང་། ཚང་མས་མིག་རིག་རིག་གིས་དེ་དག་ལ་ཅེར་ནས་འདུག
སློབ་མ་ཞིག་སྐར་གསུམ་ཐིག་གི་མཐའ་རུ་ལངས་ནས་ལྒང་ལི་ཡར་འཕངས་པས། ལྒང་ལི་གཞུ་ཐིག་གི་རྣམ་པས་གཟེབ་ཏུ་ཚུད་པ་དང་། མཐའ་སྐོར་གྱི་སློབ་མ་རྣམས་ཀྱིས་ཡང་སྐར་གསུམ་གཅིག་ཐོབ་བྱུང་ཞེས་གནམ་ལྡིང་ས་ལྡིང་བྱེད་ཞོར་དགའ་བསུ་བྱས་ཤིང་། སློབ་ར་ཡོངས་སུ་ཁོ་ཚོའི་དགའ་སྒྲས་ཁེངས།
ད་སོ་མ་སྐར་གསུམ་གཅིག་འཕངས་པའི་སློབ་མ་དེས་དབུགས་ཐུང་ལེན་བྱེད་ཞོར་གསར་འགོད་པར་བཤད་རྒྱུར། ང་མཆོང་འཕེན་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད་དེ། ངོ་མ་འཕུར་བཞིན་ཡོད་པའི་ཚོར་བ་ཞིག་སྟེར་བྱུང་། མ་འོངས་པར་ངས་ལུས་རྩལ་སློབ་ཆེན་ལ་རྒྱུགས་སྤྲད་ནས་སྤོ་ལོ་འགྲན་སྡུར་གྱི་གར་སྟེགས་སྔར་ལས་ཆེན་པོའི་སྟེང་འབུད་བསམ་ཡོད་ཅེས་ཟེར།
འདི་ནི་ཐུན་རིན་ས་ཁུལ་གྱི་ལོ་རྒྱུས་ཆེས་རིང་ཞིང་གཞི་ཁྱོན་ཆེས་ཆེ་བའི་ཞག་སྡོད་ལམ་ལུགས་ཀྱི་མི་རིགས་ཆ་ཚང་སློབ་འབྲིང་ཞིག་རེད། 1959ལོར་སློབ་གྲྭ་བཙུགས་པ་དང་། 2022ལོར་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོ་ཞེས་བཏགས། འོན་ཀྱང་སློབ་རའི་གྲུ་ཟུར་རེ་རེར། ཁྱེད་ཀྱིས་ཚོར་ཐུབ་པ་ནི་ལོ་རྒྱུས་ཀྱི་རྗེས་ཤུལ་ཙམ་མ་ཡིན་པར། སློབ་ཁྲིད་ཀྱི་གསར་གཏོད་དང་མཐོ་སྒང་གི་གཞོན་ནུ་ཚོའི་ལང་ཚོའི་གསོན་ཤུགས་རེད།
ཧྲུའུ་ཅི་མགོན་པོ་རྣམ་རྒྱལ་གྱིས་གསར་འགོད་པར་ལག་བརྡ་རེ་སྟོན་ཞོར། “ཡ། འགྲོ། ང་ཚོ་སློབ་ཁྲིད་ཐོག་ཁང་དུ་སོང་ནས་བལྟ་ཟེར། ”
སློབ་ཁང་གི་སྒོ་ཁར་མ་ཐོན་གོང་། སློབ་ཁང་ནས་སྙན་ཞིང་འཇེབས་པའི་གྱེར་འདོན་གྱི་སྒྲ་ཞིག་གྲགས་བྱུང་། སྨྲ་དག་ལ་ཉམས་དང་ལྡན་པས། ང་ཚོར་ཁ་རོག་གེར་ཉན་ནས་འདུག་སྙམ་པའི་ཚོར་བ་སྟེར་སྲིད། སྙན་སྒྲོན་དགའ་ཕྱོགས་འཛིན་གྲྭའི་སྒོ་ཁ་ནས་བལྟས་པ་ན། སྐྲ་སྣེ་བསྡམས་ཡོད་པའི་སློབ་མ་བུ་མོ་ཞིག་གིས་ཁྲིད་སྟེགས་སུ་ལངས་ནས་ཚང་མའི་སྣེ་ཁྲིད་ནས་གྱེར་འདོན་བྱེད་བཞིན་ཡོད་ལ། ཁོ་མོའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་ཞིང་། སློབ་གྲྭའི་སྙན་སྒྲོན་དང་མདོ་འཛིན་གྱི་དགའ་ཕྱོགས་འཛིན་གྲྭའི་སློབ་མ་ཞིག་རེད།
ཁོ་མོས་གྱེར་འདོན་བྱེད་སྐབས། སློབ་ཁང་དུ་གྱེར་འདོན་གྱི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག གྱེར་འདོན་ཚར་མ་ཐག ཚང་མས་མ་གྲོས་རང་མཐུན་གྱིས་དགའ་བསུ་བྱས་བྱུང་།
བཀྲ་ཤིས་སྒྲོལ་མས་སློབ་ཁྲིད་གྲོལ་རྗེས་གསར་འགོད་པར་བཤད་རྒྱུར། “ ཁྱིམ་མི་ཚང་མས་བོད་སྐད་བཤད་བཞིན་ཡོད་ཀྱང་། ང་རང་སྤྱི་སྐད་ཀྱིས་སྙན་སྒྲོན་བྱེད་རྒྱུར་དགའ། ང་ད་དུང་ཕ་ཡུལ་དང་འབྲེལ་བའི་སྙན་ངག་གྱེར་བར་དེ་བས་ཀྱང་དགའ་བོ་ཡོད། ནམ་རྒྱུན་རེབ་གོང་དང་ཡང་ན་རྨ་ཆུ་ཞེས་པའི་ཐ་སྙད་འདི་དག་གྱེར་ཐེངས་རེར། ང་ལ་ཧ་ཅང་སྙིང་ཉེ་བའི་ཚོར་བ་ཞིག་སྦྱིན་བྱུང་། མ་འོངས་པར་ང་རང་མདོ་འཛིན་པ་དང་ཡང་ན་སྐད་ཡིག་དགེ་རྒན་ཞིག་བྱས་ནས། ཕ་ཡུལ་གྱི་མཛེས་པ་དེ་མི་མང་པོར་ཤེས་སུ་འཇུག་རྒྱུ་ཡིན་ཟེར། ”
ཁོ་མོའི་མཛུབ་སྟོན་དགེ་རྒན་ནི་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་ཐང་ཀོ་སློབ་འབྲིང་བཅུ་གསུམ་པ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ཆན་ཀུའེ་ལིན་རེད། དགེ་རྒན་ཆན་ཐོག་དང་པོར་ཐོན་དུས་མི་རིགས་ས་ཁུལ་གྱི་བྱིས་པ་ཚོའི་སློབ་སྦྱོང་གི་རྨང་གཞི་དང་སྐད་ཀྱི་སྒྲ་གདངས་ལ་སེམས་ཁུར་བྱས་མྱོང་མོད། འོན་ཀྱང་། སློབ་མ་ཚོའི་སློབ་སྦྱོང་གི་སེམས་ཤུགས་མཐོང་མ་ཐག་ཐོག་མའི་སེམས་ཁུར་གྱི་རྣམ་པ་ཏིལ་ཙམ་ཡང་མེད་པར་གྱུར།
དགེ་རྒན་ཆན་གྱིས་བཤད་རྒྱུར། “ད་སྐབས་ཁོ་ཚོས་སློབ་གྲྭའི་ཚབ་བྱས་ནས་འགྲན་སྡུར་ལ་ཞུགས་ཐུབ། སྐད་ཡིག་སློབ་ཐུན་སྐབས་སུ། ཁོ་ཚོའི་གྱེར་འདོན་གྱི་རྣམ་པར་ཡིད་ཆེས་ཀྱིས་ཁེངས་ཤིང་། ཉམས་ཀྱིས་ཕྱུག་པ་ཞིག་རེད། ངོ་མ་བཤད་ན། ང་ལ་ས་གནས་འདིའི་བྱིས་པ་རྣམས་ཀྱིས་ཡིད་འགུལ་ཐེབས་སུ་བཅུག་སོང་ཟེར།”
དཔེ་ཀློག་གི་སྒྲ་ལ་ཉན་ནས་སློབ་ཁྲིད་ཐོག་ཁང་གི་བར་ཁྱམས་སུ་འགྲོ་ཞོར། སློབ་ཁང་ཕྱོགས་སུ་བལྟས་ཚེ། མདུན་ཅོག་སྟེང་དུ་བསླབ་དེབ་དང་སྦྱང་བྱའི་ལྷན་ཐབས་མང་པོ་གྲལ་འགྲིག་པོར་བཞག་འདུག སློབ་གྲྭ་འདི་ཡིས2025ལོར་དངོས་གཞིའི་སློབ་མ་ཉིས་བརྒྱ་སོ་བཞི་སྐྱེད་སྲིང་བྱས་པ་དང་། དེའི་ཁྲོད་ནས་སློབ་མ་ང་བཞི985སློབ་ཆེན་དང211སློབ་ཆེན་གྱིས་བསྡུས་ཡོད། གྲངས་ཀ་འདི་དག་གིས་མཚོན་པ་ནི། ཞོགས་པ་རེ་རེའི་ཀློག་འདོན་དང་དགོང་ཚོགས་རེ་རེའི་སྦྱོང་བརྡར་གྱི་རྣམ་པ་ལེགས་པོ་དེ་ཡིན།
སློབ་ཁྲིད་ཐོག་ཁང་ནས་སྒོར་བུད་དེ་སློབ་ཁྲིད་ཐོག་ཁང་གཞན་པ་ཞིག་གི་ནང་དུ་འཛུལ་མ་ཐག་སྣག་ཚའི་དྲི་མ་ཞིག་སྣ་ལམ་དུ་འཐུལ་ཡོང་། བོད་ཡིག་གི་ཡིག་གཟུགས་སློབ་ཁྲིད་སྐབས། དགེ་རྒན་གྱིས་བོད་ཡིག་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་འབྲི་བཞིན་ཡོད་ལ། སློབ་མ་རྣམས་ཀྱིས་སེམས་རྣལ་དུ་ཕབ་ནས་ལད་འབྲི་བྱེད་ཀྱིན་མཆིས། མཐོ་གཉིས་འཛིན་གྲྭ་བཞི་པའི་རྡོ་རྗེ་རིན་ཆེན་གྱིས་ཧ་ཅང་ནན་ཏན་སྒོས་འབྲི་བཞིན་ཡོད།
ཁོས་སྨྱུ་གུ་སར་བཞག་ནས་གསར་འགོད་པར་བཤད་རྒྱུར། “ལོ་འདི་འགར་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། རི་སྔར་ལས་སྔོ་ཞིང་ཆུ་སྔར་ལས་དྭངས་པར་གྱུར། མ་འོངས་པར་ང་རང་ཕྱིར་ཕ་ཡུལ་དུ་ལོག་ནས། རི་སྔོ་ཆུ་དྭངས་ཀྱི་འདུ་ཤེས་དེ་རྨ་ལྷོའི་མང་ཚོགས་ཀྱི་འཚོ་བའི་གྲུ་ཟུར་ཡོངས་སུ་ཁྱབ་ཏུ་འཇུག་རྒྱུ་ཡིན་ཟེར། ”
ཡིག་གཟུགས་སློབ་ཁང་འགྲམ་གྱི་རི་མོ་འབྲི་སྦྱོང་ཁང་དུ། ཅོག་ཙེ་རིང་པོ་ཞིག་ཏུ་སྟེང་རི་མོའི་བརྩམས་ཆོས་ཤིག་བཞག་ཡོད་ལ། སློབ་མ་རྣམས་ཀྱིས་ཐང་ག་འབྲི་བཞེངས་བྱེད་ཀྱིན་འདུག ཐང་གའི་ཕ་སའི་བྱིས་པ་ཞིག་ཡིན་པའི་ཆ་ནས། ཁོ་ཚོ་ཆུང་དུས་ནས་གནའ་བོའི་སྒྱུ་རྩལ་འདིའི་ལོ་རྒྱུས་འཕེལ་རིམ་ཁྲོད་འཚར་ལོངས་བྱུང་བ་ཡིན་མོད། རང་གིས་དངོས་སུ་འབྲི་བཞེངས་བྱེད་སྐབས་སུ་དེ་ལས་ཚོར་བ་མ་འདྲ་བ་ཞིག་སྟེར་སྲིད།
རེབ་གོང་སྒྱུ་རྩལ་གྱིས་སློབ་མ་རྣམས་ལས་གཞན་མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་དགེ་རྒན་ལི་ཆིའུ་ཡུས་ལ་བག་ཆགས་ཟབ་མོ་བཞག་ཡོད་དེ། ཁོ་མོས་ཆེད་ལས་རི་མོ་འབྲི་བའི་སྐོར་སྦྱངས་ཡོད་རུང་། ཐོག་དང་པོར་ཐང་ག་ལ་རྒྱུས་ལོན་བྱས་པ་རེད། དགེ་རྒན་ལི་ཡིས་བཤད་རྒྱུར། “ཐང་ག་དེ་སྐྱ་བྲིས་དང་གཟབ་བྲིས་ལ་བསྡུར་ན་འདྲ་ས་མང་པོ་ཡོད་པས། ངས་སློབ་སྦྱོང་བྱེད་ཞོར་འབྲི་ཐབས་སྣ་ཚོགས་མཉམ་དུ་བཀོལ་ནས་སློབ་ཁྲིད་བྱས་པ་ཡིན། དེ་ལས་བྱིས་པ་ཚོར་སྲོལ་རྒྱུན་འབྲི་རྩལ་ལ་སྔར་ལས་རྒྱུས་ལོན་བྱེད་དུ་འཇུག་ཐུབ་པར་མ་ཟད། རང་ཉིད་ལ་མཚོན་ནའང་མཛེས་རིས་ཀྱི་འབྲི་རྩལ་གསར་བ་ཞིག་སྦྱོང་ཐུབ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་ཡུན་མཇུག་སྒྲིལ་རྗེས། ངས་ཕྱིར་ཕ་ཡུལ་དུ་ཐང་ག་ཁྱེར་ནས་མི་སྔར་ལས་མང་པོར་རེབ་གོང་གི་མཛེས་པ་ཉམས་སུ་མྱོང་དུ་འཇུག་རྒྱུ་ཡིན་ཟེར། ”
ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོ་རུ། འདི་འདྲའི་དགའ་ཕྱོགས་འཛིན་གྲྭ་བཅུ་གཅིག་ཡོད་དེ། རེབ་གོང་སྒྱུ་རྩལ་དང་མི་རིགས་ཀྱི་དཀྲོལ་ལེན། ཞབས་བྲོ། གློག་རྡུལ་རྣོ་སྦྲེང་། ལད་ཟློས་ཁྲིམས་ར། བོད་ཡིག་ཡིག་གཟུགས། པིར་སྨྱུག་དང་ལྕགས་སྨྱུག་གི་ཡིག་གཟུགས། ལུས་རྩལ། རི་མོ། སྙན་སྒྲོན་དང་མདོ་འཛིན་བཅས་ཡིན། 2002ལོར་རེབ་གོང་སྒྱུ་རྩལ་གྱི་བསླབ་ཚན་བཀོད་སྒྲིག་བྱས་པ་ནས་བཟུང་། ལོ་ངོ་ཉི་ཤུ་ལྷག་ལ་རྒྱུན་བསྐྱངས་པ་རེད།
ཧྲུའུ་ཅི་མགོན་པོ་རྣམ་རྒྱལ་གྱིས་བཤད་རྒྱུར། དགའ་ཕྱོགས་འཛིན་གྲྭ་འདི་དག་གང་འདོད་དུ་བཀོད་སྒྲིག་བྱས་པ་མ་ཡིན་པར། ང་ཚོས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་བྱང་ཚད་སློབ་གསོ་དངོས་སུ་མཉམ་འདྲེས་བྱས་པ་ཡིན། བྱིས་པ་ཚོས་གནས་འདི་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་འོད་ཚོར་ཐུབ་པར་མ་ཟད། ལེགས་ཉེས་བླང་དོར་ནུས་པ་དང་ཁྲིམས་སྐྱོང་སྙིང་སྟོབས། ལུས་པོའི་བྱང་ཚད་བཅས་སྦྱོང་བརྡར་བྱེད་ཐུབ་ཟེར།
སློབ་ཁང་གི་བར་ཁྱམས་སུ་ཉི་འོད་དལ་གྱིས་འཕྲོས་ཤིང་། སློབ་ཁྲིད་གྲོལ་བའི་དྲིལ་བརྡ་གྲགས་བྱུང་། སློབ་མ་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཞོར་སློབ་ཁང་ནས་ཕྱིར་རྒྱུགས་བྱུང་ལ། ཁོ་ཚོའི་ལྷད་མེད་པའི་མིག་མདངས་དང་འཛུལ་དམུལ་དམུལ་གྱི་བཞིན་རས་མཐོང་ཚེ། ལང་ཚོ་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་སྙམ།
སློབ་གྲྭ་བཙུགས་པའི་ཚུན་ལ། སློབ་གྲྭ་འདིས་དམའ་འབྲིང་སློབ་མ་ཁྲི་གཅིག་དང་བརྒྱ་དང་ང་གསུམ་དང་། མཐོ་འབྲིང་སློབ་མ་སྟོང་བདུན་དང་དགུ་བརྒྱ་དོན་དྲུག་སྐྱེད་སྲིང་བྱས་ཡོད་ལ། སློབ་མ་སྟོང་ལྔ་དང་བདུན་བརྒྱ་དོན་ལྔ་མཐོ་རིམ་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་སྐྱེལ་ཡོད་ཅིང་། དེའི་ཁྲོད་ནས་སློབ་མ་བཞི་བརྒྱ་གྱ་དགུ་ཡིས་རབ་འབྱམས་པའི་བསླབ་གནས་བླངས་ཡོད་པ་དང་། སློབ་མ་ལྔ་བཅུ་ཡིས་འབུམ་རམས་པའི་བསླབ་གནས་བླངས་ཡོད། མི་རབས་རེ་རེའི་རེབ་གོང་གི་བུ་བུ་མོ་གནས་འདི་ནས་ལམ་ལ་ཆས་ཤིང་། འཇོན་ནུས་མང་པོ་སྦྱངས་ནས་ཡང་བསྐྱར་གནས་འདི་ལ་ལོག་གིན་ཡོད།
སྙན་སྒྲོན་འཛིན་གྲྭའི་སློབ་མ་ཚོས་གྱེར་འདོན་བྱས་མྱོང་པའི“བདག་གི་མིག་ལམ་མཆི་མས་བསྒྲིབས་ཡོད་ལ། དེ་ནི་ང་རང་གནས་འདིར་དགའ་ཞིང་དུངས་པས་རེད”ཅེས་པའི་སྙན་ཚིག་དེས་སློབ་གྲྭ་འདིའི་ཡོད་ཚད་ཀྱི་ཡོད་ཚད་མཚོན་ཡོད་སྙམ།
ཕ་ཡུལ་མཛེས་སྡུག་ལྡན་ན་མེས་རྒྱལ་མཛེས་སྡུག་ལྡན་སྲིད། གནས་འདིའི་སློབ་མ་རྣམས་འཇོན་ཐང་ཅན་གྱི་མི་བུར་ཆགས་ན་ཕ་ཡུལ་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ངེས་ལ། མ་འོངས་པར་འཇོན་ཐང་ཅན་གྱི་མི་བུ་རེ་རེས་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་སྲིད།
ས་སྲོད། སློབ་གྲྭའི་རྩལ་སྦྱོང་ཐང་ཆེན་དུ་སློབ་མ་ལ་ལས་རྒྱུགས་བཞིན་ཡོད་ལ། ལས་ལས་སྤོ་ལོ་རྩེད་བཞིན་འདུག སློབ་ཁྲིད་ཐོག་ཁང་དུ། དགོང་ཚོགས་འཚོགས་སའི་སློབ་ཁང་གི་གློག་སྒྲོན་རེ་རེ་བཞིན་རིམ་གྱིས་བཀར་ཞིང་། དེ་ནི་མཐོ་སྒང་གི་སྐར་འོད་རེ་རེ་དང་ཇི་འདྲའི་མཚུངས་ཨང་།
རེབ་གོང་གི་ས་གཞིར་རྩ་བ་ཚུགས་པའི་མི་རིགས་སློབ་འབྲིང་འདིས་སོ་སོའི་སློབ་གསོའི་བྱེད་ཐབས་ལ་བརྟེན་ནས། སློབ་གསོ་ནི་མཐོ་སྒང་གི་ལམ་ལམ་དུ་འཚེར་བའི་སྐར་འོད་དེ་ཡིན་པ་ཀུན་ལ་བསྒྲགས་ཡོད།
ལྷ་མོ་འཚོས་བསྒྱུར།