

རྩེ་ཁོག་རྩྭ་ཐང་གི་ལུག་ཁྱུ།

རྩེ་ཁོག་རྫོང་གི་གཟན་རྩྭ་འཕྲུལ་ཆས་ཅན་གྱིས་འདེབས་འཛུགས་བྱེད་པའི་རྣམ་པ།

རྩེ་ཁོག་རྫོང་གི་གཟན་རྩྭ་བསྡུ་བའི་སྐབས།
དཔྱིད་འགོ་སྔར་ལས་ཚུགས་ཟིན་མོད། མཐོ་སྒང་གི་རྩྭ་ཐང་དུ་དགུན་དུས་ཀྱི་རྣམ་པས་ཁེངས་འདུག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཞང་ཧོ་སྦྱོར་སྡེ་བར། ཞོགས་པའི་ཉི་ཟེར་ལམ་ལམ་དུ་འཚེར་འཕྲོ་ཞིང་། རྒྱང་རིང་གི་གངས་རི་ལས་དམ་པོར་བསྡམས་པའི་རྩྭ་ལྕོག་གྲུ་བཞི་མ་རེ་རེ་ཉེ་བའི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད།
འབྲོག་པ་བསོད་ནམས་ཀྱིས་རྐང་གསུམ་འཁོར་ལོ་བསྐོར་ཞིང་གཟན་རྩྭ་གང་བཅུག་ནས་རང་ཁྱིམ་གྱི་དྲོད་ཁང་ཕྱོགས་སུ་འདྲུད་རྩིས་བྱེད་ཀྱིན་འདུག རྩྭ་ལྕོག་འདི་དག་ནི་ནོར་ལུག་གིས་དགུན་སྐྱེལ་བའི་དངོས་རྒྱུ་ཁོ་ན་མ་ཡིན་པར། འབྲོག་པ་རྣམས་ཀྱིས་རྩྭ་ཐང་གི་གསེར་གྱོམ་ལྟ་བུར་བརྩིས་པའི་རེ་བའི་ས་བོན་ཡང་ཡིན།
དབྱར་དུས་མ་སླེབས་གོང་། གཟན་རྩྭ་འཛོམས་པ་ཡོད་པ་ནི་མཐོ་སྒང་གི་འབྲོག་པ་རེ་རེའི་སེམས་འདུན་ཡིན། འོན་ཀྱང་། རྩེ་ཁོག་མང་ཚོགས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་ལ་དགུན་དུས་ཀྱི་གཟན་རྩྭར་སེམས་ཁུར་བྱེད་པའི་འཚོ་གནས་ཀྱི་སེམས་ཁྲལ་ནས་གཟན་རྩྭས་ཡོང་སྒོ་ལེན་ཐུབ་པའི་ཐོན་ལས་ཀྱི་ཡིད་རྟོན་བར། གཟན་རྩྭ་ཐོན་ལས་གཙོ་གནད་དུ་འཛིན་པའི་སྐྱེ་ཁམས་ཕྱུགས་ལས་ཚུལ་སྒྱུར་གྱི་བགྲོད་ལམ་དུ་བསྐྱོད། བགྲོད་ལམ་འདིས་མཐོ་གྲང་འབྲོག་ཁུལ་གྱི་ནོར་ལུག་ལ་དབྱར་སྟོན་དུས་སུ་རྩྭ་འདང་ངེས་ཡོད་པ་དང་། དགུན་དཔྱིད་དུས་སུ་གཟན་རྩྭ་དཀོན་པའི་སྲོལ་རྒྱུན་གྱི་དཀའ་གནད་སེལ་ཞིང་། རྩེ་ཕུལ་ཕྱུགས་རྫས་ཀྱི་ཚོང་རྟགས་བསྐྲུན་པར་མ་ཟད། ས་གནས་ཀྱི་གཟན་རྩྭར་བརྟེན་ནས། ཁྱད་ལྡན་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་བཏོད།
དགུན་ཁར་ནོར་ལུག་གི་གཟན་རྩྭ་དཀོན་པ་ནས་གཟན་རྩྭ་མོད་པོ་ཡོད་པ་སྟེ། གཟན་རྩྭའི་ཐོན་ལས་གསར་སྤེལ་བྱས།
རྩེ་ཁོག་རྫོང་གི་ཆ་སྙོམས་མཚོ་འཕངས་སྨི་སྟོང་གསུམ་དང་བདུན་བརྒྱ་ཡིན་ལ། དཔེ་མཚོན་རང་བཞིན་གྱི་མཐོ་གྲང་འབྲོག་ཁུལ་ཡིན། སྔོན་ཆད། གནས་འདིའི་ཕྱུགས་ལས་དེ་གཙོ་བོ་རང་བྱུང་ཁམས་ཀྱི་གནང་སྦྱིན་དང་ཉམས་སད་ལ་བརྟེན་ཡོད། ལོ་རེའི་ལོ་ཕྱེད་ལྷག་གི་རྩྭ་སྐྱའི་དུས་ནི་འབྲོག་པ་རྣམས་ཀྱིས་ཆེས་སེམས་ཁུར་བྱེད་ས་དེ་ཡིན།
འབྲོག་པ་བསོད་ནམས་ཀྱིས་བཤད་རྒྱུར། སྔོན་ཆད། སྟོན་ཀའི་རྗེས་སུ་སེམས་ཁྲལ་གྱིས་ཁེངས་པ་སྟེ། ནོར་ལུག་གི་ཤ་ཤེད་ཉིན་རེ་བཞིན་ཇེ་ཞན་དུ་སོང་རུང་ཐབས་བཀོད་ཅི་ཡང་མེད། ཁངས་ཆེན་པོ་ཞིག་བབས་ཚེ། ཁྱིམ་ཚང་གང་བོས་ལོ་ངོ་གཅིག་ལ་དཀའ་ལས་བརྒྱབ་པ་ཚང་མ་སྟོང་ཟད་དུ་འགྱུར་སྲིད་ཟེར། དབྱར་སྟོན་དུས་སུ་རྩྭ་འདང་ངེས་ཡོད་པ་དང་། དགུན་དཔྱིད་དུས་སུ་གཟན་རྩྭ་དཀོན་པའི་འཁོར་རྒྱུག་རྣམ་པ་འདིས་ས་གནས་ཀྱི་འབྲོག་པའི་ཡོང་འབབ་འཕར་བར་ཚོད་འཛིན་བྱས་པར་མ་ཟད། འབྲོག་པ་རྣམས་ཀྱིས་གསོན་ཚད་འགན་སྲུང་བྱ་ཆེད་ཚད་བརྒལ་གྱིས་ནོར་ལུག་འཚོ་བའི་སྣང་ཚུལ་བྱུང་ནས། ཉམས་ཞན་ཆེ་བའི་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་བསྟུད་མར་ཇེ་སྡུག་དང་། རྩྭ་ས་ཞན་འགྱུར་དང་བྱེ་འགྱུར་བཅས་ཀྱི་གནད་དོན་ཉིན་རེར་མངོན་གསལ་ཏུ་གྱུར་བར་བརྟེན། སྲོལ་རྒྱུན་གྱི་རགས་ལས་དང་གནམ་ལ་བརྟེན་ནས་འཚོ་བ་རོལ་བའི་ཕྱུགས་ལས་ཀྱི་རྣམ་པ་མི་བསྒྱུར་ག་མེད་ཀྱི་གནས་སུ་གྱུར།
འཕོ་འགྱུར་གྱི་གོ་སྐབས་དེ2011ལོར་འགོ་བརྩམས། རྩེ་ཁོག་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་བ་དང་། དེའི་ཁྲོད་ནས་ཉིན་ཤུག་གྲོང་རྡལ་གྱི་གསར་སྤེལ་རྣམ་པ་ནི་ཆེས་དཔེ་མཚོན་དུ་གྱུར་ཡོད། རྣམ་པ་དེ་ནི་རྩྭ་ས་དང་ཕྱུགས་ཟོག་མ་རྩར་འཇོག་པ་དང་། ཕྱུགས་ཟོག་སྐོར་བགོས་ནས་གསོ་བ། རྩྭ་ས་བགོས་ནས་རེས་སྐོར་གྱིས་ཕྱུགས་འཚོ་བ། སྡེ་ཁུལ་གྱི་མི་སྣའི་བྱ་བ་བགོ་བ། མ་རྩ་ལྟར་ཁེ་སྤོགས་བགོ་བ་བཅས་ཡིན་པས། ཐ་ཐོར་དུ་གནས་པའི་ཐོན་ཁུངས་དང་ངལ་རྩོལ་ནུས་ཤུགས་ནུས་མཐོའི་ངང་ལེགས་སྒྲིག་བྱེད་པ་མངོན་འགྱུར་བྱུང་།
འཚོལ་ཞིབ་ལས་ཕན་འབྲས་མངོན་གསལ་བླངས་ཡོད་དེ། ཕྱུགས་ཟོག་གི་སྒྲིག་གཞི་ལེགས་སྒྱུར་བྱས་པ་དང་། རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་བཏང་བར་མ་ཟད། འབྲོག་པ་རྣམས་ཀྱི་ཡོང་འབབ་ཇེ་མཐོར་ཕྱིན། དེ་ལས་གལ་ཆེ་བ་ཞིག་ནི། འབྲོག་པ་རྣམས་དཀའ་ཁག་ལས་ཐར་དགོས་ན། ངེས་པར་དུ་གཅིག་རྐྱང་གི་ཕྱུགས་འཚོ་ཐབས་ཀྱི་བཀག་རྒྱ་གཏོར་ནས། བརྟན་འཇགས་དང་སྤུས་ལེགས་ཀྱི་གཟན་རྩྭ་མཁོ་འདོན་འགན་སྲུང་མ་ལག་བསྐྲུན་དགོས་པ་གསལ་བོར་ཤེས་ཡོད། མཉམ་ལས་ཁང་གི་གཞི་ཁྱོན་ཅན་གྱི་ཚོང་གཉེར་གྱིས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་དང་བེད་སྤྱོད་པར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བསྐྲུན།
མཉམ་ལས་ཁང་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་། རྩེ་ཁོག་རྫོང་གིས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་འཐབ་ཇུས་ཀྱི་མཐོ་ཚད་དུ་མཐོར་འདེགས་གཏོང་རྒྱུ་རེད། སྲིད་གཞུང་གི་ཁྲིད་སྟོན་དང་ལས་གཞིའི་རོགས་འདེགས། ཚན་རྩལ་གཞི་རིམ་དུ་བསྐྱོད་པ་བཅས་ཀྱི་མཉམ་འཛིན་སྤྱི་འདོམས་འོག སྤུས་ལེགས་གཟན་རྩྭའི་རྟེན་གཞི་མང་པོ་རྩྭ་ཐང་ནས་རིམ་པ་བཞིན་དུ་འཕེལ་རྒྱས་བྱུང་།
ཧོ་སྦྱོར་སྡེ་བར་དཔེར་བླངས་ན། 2025ལོར་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དྲུག་ལེགས་སྒྲིག་བྱས་ནས། དེང་རབས་ཅན་གྱི་སྐྱེ་ལྡན་གཟན་རྩྭའི་རྟེན་གཞི་འགྲུབ་པ་དང་། ད་དུང་སོན་འདེབས་ཆས་དང་ལོ་འབྲེག་ཆས། རྩྭ་བསྡམས་ཆས་སོགས་འཕྲུལ་ཆས་ཚང་མ་བཀོད་སྒྲིག་བྱས།
ཧོ་སྦྱོར་སྡེ་བའི་གཟན་རྩྭའི་རྟེན་གཞིའི་ལག་རྩལ་མི་སྣས་བཤད་རྒྱུར། ང་ཚོས་ས་གནས་ཀྱི་ནམ་ཟླར་འཚམ་པའི་ཐོན་ཚད་མཐོ་ཞིང་སྤུས་ཀ་ལེགས་པའི་ཡུག་རྩྭ་སོགས་བཏབ་པ་ཡིན་ལ། མུའུ་རེའི་ཐོན་ཚད་སྤྱི་རྒྱ་ཉིས་སྟོང་ཡན་ལ་སླེབས་ཐུབ་ཟེར། ཚན་རིག་དང་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ལ་བརྟེན་ནས། སྔོན་ཆད་ཀྱི་ཁ་ཐོར་དང་ཐོན་ཚད་དམའ་བའི་གཟན་རྩྭ་འདེབས་འཛུགས་རྣམ་པར་འགྱུར་ལྡོག་བཏང་།
སྟོན་ཁར། གཞི་ཁྱོན་ཅན་གྱིས་ཐོན་སྐྱེད་བྱས་པའི་གཟན་རྩྭ་དག་བྲེགས་ནས་བསྡམས་རྗེས་གྲུ་བཞི་ལྟར་བརྩིགས་ངེས། འདི་ནི་ཕྱུགས་ཟོག་གིས་དགུན་སྐྱེལ་ཐུབ་པའི་གཟན་རྩྭ་ཁོ་ན་མ་ཡིན་པར། འདིས་རྩེ་ཁོག་གི་གཟན་རྩྭ་ཐོན་སྐྱེད་བྱེད་སྟངས་དེ་ཁྱིམ་ཚང་རེ་རེས་དགུན་སྐྱེལ་བར་གྲ་སྒྲིག་བྱེད་པ་ནས་རྩ་འཛུགས་དང་ལྡན་ཞིང་ཚད་གཞི་ཡོད་ལ། ཕན་འབྲས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་རྩྭ་ལས་ཀྱི་ཐོག་མའི་རྣམ་པར་རིམ་སྤོར་བྱས་པ་དང་། ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ལ་རྨང་གཞི་བརྟན་པོ་བཏིངས་པ་མཚོན།
ཐོག་མའི་མཁོ་འདོན་ནས་ཕྱིར་འཚོང་བའི་བར། གཟན་རྩྭ་དེ་རྫོང་ཁོངས་དཔལ་འབྱོར་གྱི་འཕར་གནས་གསར་བར་གྱུར།
ཐོན་ཚད་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་པ་དང་བསྟུན་ནས། རྩེ་ཁོག་རྫོང་གི་གཟན་རྩྭ་འདེབས་འཛུགས་ཀྱི་དམིགས་འབེན་ནི་ས་གནས་རང་གི་ནོར་ལུག་གི་གཟན་རྩྭ་ཁོ་ན་ག་ལ་ཡིན། ཉེ་བའི་ལོ་འགའི་རིང་། ལོ་རེའི་སྟོན་དུས་གཟན་རྩྭ་བསྡུ་བའི་སྐབས་དེར། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་འབྲོག་ཁུལ་གཞན་དག་དང་། དེ་མིན་ཀན་སུའུ་དང་སི་ཁྲོན་སོགས་ཁྱིམ་མཚེས་ཞིང་ཆེན་གྱི་སྐྱེལ་འདྲེན་རླངས་འཁོར་མང་པོ་རྩེ་ཁོག་གི་གཟན་རྩྭའི་རྟེན་གཞི་རུ་འགྲོ་འོང་བྱེད་མགོ་བརྩམས།
མཉམ་ལས་ཁང་གི་ཕྱིར་ཚོང་སྤྱི་གཉེར་བས་བཤད་རྒྱུར། ང་ཚོའི་གཟན་རྩྭའི་སྤྲི་དཀར་གྱི་འདུས་ཚད་མང་ལ་ཚི་སྣའི་སྤུས་ཀ་ལེགས་པས། ཉོ་མཁན་ཧ་ཅང་མང་པོ་འདུག ལྷག་པར་ས་གནས་གཞན་དུ་ཐན་པ་བྱུང་ཚེ། ང་ཚོའི་གཟན་རྩྭ་ཉོ་མཁན་སྔར་ལས་ཇེ་མང་དུ་འགྱུར་སྲིད་ཟེར།
རྩེ་ཁོག་གཟན་རྩྭའི་ལྷད་མེད་པའི་སྤུས་ཀར་བརྟེན་ནས། དེ་ཁྲོམ་ར་ཅན་གྱི་ཚོང་རྫས་གྲགས་ཅན་ཞིག་ཏུ་འགྱུར་བཞིན་འདུག སྔོན་ཆད་ཕྱུགས་ཟོག་གིས་དགུན་སྐྱེལ་བར་གྲ་སྒྲིག་བྱས་པའི་གཟན་རྩྭ་དག་ད་སྐབས་ས་ཁུལ་གྱི་ཉོ་ཚོང་ཁྲོམ་རར་རྒྱུགས་ཆེ་བའི་ཚོང་རྫས་སུ་གྱུར་ཡོད། འགྱུར་ལྡོག་འདིས་རྩེ་ཁོག་གི་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཕྱིན་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པ་མཚོན།
གཟན་རྩྭའི་ཐོན་ལས་དར་རྒྱས་གོང་འཕེལ་ཕྱིན་པར་བརྟེན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་ཐོབ་ནས་གྲོང་གསེབ་དར་སྤེལ་གྱི་སྲོག་ཤིང་དུ་གྱུར།
གཅིག་ནས་དཔལ་འབྱོར་ཡོང་འབབ་འཕར་བ་སྟེ། ཧོ་སྦྱོར་སྡེ་བ་རུ། 2025ལོར། སྡེ་བ་འདིས་གཟན་རྩྭ་ཕྱིར་ཚོང་དང་ཕྱུགས་ཟོག་གསོ་སྤེལ་སོགས་ཐུན་མོང་ཐོན་ལས་ལ་བརྟེན་ནས། ཡོང་འབབ་ཆེས་ཆེར་འཕར་བ་དང་། དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་དགུ་དྲུག་བརྒྱ་ལྔ་བཅུར་སླེབས་ཤིང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་གསུམ་དགུ་འཕར་འདུག སྡེ་མི་རྣམས་ལ་ས་ཞིང་གཡར་བའི་བོགས་དངུལ་དང་། རྟེན་གཞིར་ལས་ཀ་ལས་པའི་གླ་ཕོགས། མཉམ་ལས་ལ་མ་རྩ་བཏང་བའི་མ་དངུལ་བཅས་ཡོད་པས། སྣ་མང་འབབ་འཕར་གྱི་རྣམ་པ་མངོན་འགྱུར་བྱུང་།
གཉིས་ནས་ལས་ཞུགས་ལ་རྒྱ་ཆེར་སྐུལ་ཁྲིད་བྱས་པ་སྟེ། གཟན་རྩྭའི་ཐོན་ལས་ཀྱི་འདེབས་འཛུགས་དང་དོ་དམ། འབྲེག་བསྡུ། ལས་སྣོན། སྐྱེལ་འདྲེན་སོགས་ལས་རིམ་སོ་སོས་དུས་ཚིགས་རང་བཞིན་དང་དུས་ཡུན་རིང་པོའི་ལས་ཞུགས་ལས་གནས་སྣ་མང་འདོན་སྤྲོད་བྱས་པས། འབྲོག་པ་མང་ཚོགས་དང་། ལྷག་པར་སྐྱེས་མ་རྣམས་ཁྱིམ་དང་ཐག་ཉེ་ས་ནས་ལས་ཀར་ཞུགས་ཐུབ་པར་གྱུར།
གཟན་རྩྭའི་ཐོན་ལས་རྒྱ་བསྐྱེད་པ་དང་བསྟུན་ནས་ཐོན་ལས་མུ་ཕྲེང་སྔར་ལས་རིང་དུ་བསྲིངས། རྩེ་ཁོག་ཏུ། གཟན་རྩྭ་འབྲེག་པ་དང་བསྡུ་བ། ལས་སྣོན། སྐྱེལ་འདྲེན་བཅས་ལ་དམིགས་ནས་ཁྲོམ་རའི་གཙོ་གཞི་གསར་བ་གྲུབ། མཉམ་ལས་ཁང་སྐོར་ཞིག་གིས་གསོ་སྤེལ་བྱེད་ཡུལ་གྱི་དགོས་མཁོ་མི་འདྲ་བར་གཞིགས་ནས། གཟན་རྩྭ་ལས་སྣོན་དང་། རིལ་བུ་ཅན་གྱི་གཟན་རྩྭ་དང་རྩྭ་དུམ་ཐོན་སྐྱེད་བྱེད་པ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་འཚོལ་ཞིབ་བྱེད་མགོ་བརྩམས།
རྟེན་གཞིར་ཞོར་ལས་ལས་བཞིན་པའི་འབྲོག་མོ་སྒྲོལ་མས་བཤད་རྒྱུར། ད་སྐབས་རྒྱུན་དུ་འབྲོག་ས་རུ་ལྟ་སྲུང་བྱེད་མི་དགོས་པས། རྩྭ་འདེབས་པ་དང་རྩྭ་བསྡུ་བ། ཡང་ན་ཁེ་ལས་སུ་ལས་ཀ་གཉེར་ཆོག་ལ། ཡོང་འབབ་བཟང་པར་མ་ཟད་ཁྱིམ་ལ་བདག་སྐྱོང་བྱེད་ཐུབ་ཟེར།
རྩྭ་རྐང་གཅིག་ནས་ཐོན་རྫས་མང་པོའི་ཐོན་ལས་མུ་ཕྲེང་བར། འགོ་ཁུངས་ཀྱི་་་དང་རྨང་གཞིའི་འདེགས་སྐྱོར་ནི་་་་གཟན་རྩྭའི་རྟེན་གཞིའི་རེད། གཟན་རྩྭའི་ཐོན་ལས་དེ་རྩེ་ཁོག་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་མུ་ཕྲེང་ཧྲིལ་བོའི་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་སྒུལ་ཤུགས་སུ་གྱུར་ཡོད།
གསུམ་ནས་སྐྱེ་ཁམས་ཕན་འབྲས་ཇེ་ཆེར་ཕྱིན་པ་སྟེ། དགུན་དཔྱིད་དུས་སུ་གཟན་རྩྭ་སྤྱོད་ཚད་མཐོ་བས། དབྱར་སྟོན་དུས་ཀྱི་རྩྭ་སར་ཕྱུགས་འཚོ་བའི་གནོན་ཤུགས་ཇེ་ཆུང་དུ་ཕྱིན་ནས་རྩྭ་སའི་སྐྱེ་སྟོབས་རྒྱས་སུ་བཅུག་ཆོག ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། ཉེ་བའི་ལོ་འདི་འགར། ལས་གཞིའི་ཁུལ་གྱི་རྩྭ་སའི་སྔོ་ཁེབས་ཚད་དང་རྩྭའི་ཐོན་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད་སྟབས། རྩྭ་ཕྱུགས་དོ་མཉམ་དང་སྤུས་འདེགས་ནུས་འཕར་གྱི་འཁོར་རྒྱུག་ལེགས་ཤོས་མངོན་འགྱུར་བྱུང་ཡོད་ལ། ལྗང་མདོག་ཐོན་ལས་ཀྱིས་དངོས་སུ་ལྗང་མདོག་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱས།
འགོ་རྩོམ་ས་གསར་བར། རྩེ་ཁོག་རྫོང་གིས་གཟན་རྩྭའི་ཐོན་ལས་ཐད་འཆར་འགོད་རླབས་ཆེན་བྲིས་ཡོད། ས་གནས་དེ་གས་སྤུས་ལེགས་གཟན་རྩྭ་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྔར་ལས་རྒྱ་སྐྱེད་པ་དང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་སོགས་ཚན་ཞིབ་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ། མཐོ་སྒང་དུ་སྐྱེ་བར་འཚམ་པའི་གཟན་རྩྭའི་རིགས་གསར་བ་གསོ་སྤེལ་བཅས་བྱས་ཏེ། ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པ་དང་གནོད་འབུའི་གནོད་འཚེ་ལྗང་མདོག་སྔོན་འགོག་སོགས་ཀྱི་སྔོན་ཐོན་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་འཆར་གཞི་འགོད་ཀྱིན་ཡོད།
རྩེ་ཁོག་རྫོང་ཏང་ཨུའི་ཧྲུའུ་ཅི་ལི་ཧའེ་པའོ་ཡིས་བཤད་རྒྱུར། མིག་སྔར། རྩེ་ཁོག་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ཆེས་ཆེ་བའི་སྐྱེ་ལྡན་གཟན་རྩྭ་གཅིག་བསྡུས་ཉོ་ཚོང་ལྟེ་གནས་འགྲུབ་པ་དང་། དེའི་རྗེས་སུ། ཐོན་ལས་དེ་རིག་ནུས་ཅན་དང་ཚོང་རྟགས་ཅན་གྱི་ཕྱོགས་སུ་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་བར་མ་ཟད། རིག་ནུས་སྟེགས་བུ་བསྐྲུན་པར་འཚོལ་ཞིབ་བྱས་ཏེ། ཁྲོམ་ར་རྩེ་གྲས་སྔོན་ལ་བདག་བཟུང་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་འགྱུར་བར་ནུས་ཤུགས་འདོན་རྒྱུ་རེད། དེ་དང་མཉམ་དུ། མཚོ་སྔོན་གྱི་ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་དེ་འཐབ་ཇུས་ཀྱི་ཁྲིད་སྟོན་དུ་བརྩིས་ནས། རོང་འབྲོག་ཐོན་ལས་དེ་རྫོང་མཁར་སྟོབས་ལྡན་དང་མང་ཚོགས་ཕྱུག་པོར་འགྱུར་བའི་རྨང་རྡོ་དང་ཀ་བ་ལྟ་བུ་འགྱུར་དུ་འཇུག་རྒྱུ་རེད།
ཚེ་སྲོག་སྲུང་བའི་གཟན་རྩྭ་ནས་ཚོང་རྟགས་ཀྱི་རྨང་རྡོའི་བར། གཟན་རྩྭས་དེང་རབས་འབྲོག་ལས་ཀྱི་རིན་ཐང་འཕར་བར་འདེགས་སྐྱོར་བྱས།
སྤུས་ལེགས་ཀྱི་གཟན་རྩྭ་འདང་ངེས་འདོན་སྤྲོད་བྱས་པས་གསོ་སྤེལ་བྱེད་ཐབས་ཐད་འགྱུར་ལྡོག་ཆེན་པོ་བྱུང་། རྩེ་ཁོག་རྫོང་གིས་དབྱར་སྟོན་དུས་སུ་ཕྱུགས་འཚོ་བ་དང་དགུན་དཔྱིད་དུས་སུ་གཟན་རྩྭ་ཁ་གསབ་བྱེད་པའི་རྣམ་པ་ཁྱབ་གདལ་བཏང་བར་བརྟེན། ཕྱུགས་ལས་དེ་རང་བྱུང་ཆ་རྐྱེན་གྱི་འཆིང་རྒྱ་ལས་ཐར་བར་བྱས།
རྩེ་ཁོག་རྫོང་གི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ་རུ། ལག་རྩལ་མི་སྣས་བེའུ་ནར་སོན་པའི་དུས་རིམ་མི་འདྲ་བའི་འཚོ་བཅུད་ཀྱི་དགོས་མཁོར་གཞིགས་ཏེ་རྩྭ་སྔོན་སྐམ་པོ་དང་མ་རྨོས་ལོ་ཏོག་སོགས་ཀྱིས་གཟན་ཆས་སྡེབ་སྦྱོར་བྱེད་བཞིན་འདུག
གླིང་ཁུལ་གྱི་འགན་འཁུར་མི་སྣས་བཤད་རྒྱུར། སྔོན་ཆད་དགུན་ཁར་ནོར་ལུག་གསོན་དཀའ་བའི་གནས་སུ་གྱར་མྱོང་མོད། ད་སྐབས་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་གཟན་རྩྭ་ཁ་གསབ་བྱས་པ་བརྒྱུད། ང་ཚོས་དགུན་དཔྱིད་དུས་སུ་ཕྱུགས་ཟོག་གི་ཤ་ཤེད་རྒྱས་སུ་འཇུག་ཐུབ་ཟེར།
ཐེངས་འདིའི་གཟན་རྩྭའི་གསར་བརྗེའི་ཕན་འབྲས་ནི། དགུན་དཔྱིད་དུས་སུ་གཟན་རྩྭ་ཁ་གསབ་བྱས་པ་དེས་གླིང་ཁུལ་གྱི་ནོར་ནག་གསོ་ཁ་ནས་འབུད་པའི་དུས་ཡུན་ཟླ་བཅོ་བརྒྱད་ཀྱིས་ཇེ་ཐུང་དུ་སོང་བ་དང་། གསོ་ཁ་ནས་འབུད་པའི་ལྗིད་ཚད་བརྒྱ་ཆའི་བཞི་བཅུའི་ཡན་འཕར་ཡོད་ལ། སྐམས་ཤ་ཁ་ལ་ཞིམ་པར་མ་ཟད་འཚོ་བཅུད་ལྡན་པ་ཞིག་ཡིན་ཞིང་། གཟན་རྩྭ་ནི“སྲོག་སྲུང་འབྲུ་རིགས”ནས“འཚོ་བཅུད་ཟ་མ”དང“ཕྱུག་འགྱུར་གཟན་ཆས”སུ་གྱུར་བ་གཞི་གྲངས་ལས་བདེན་དཔང་བྱས།
གསོ་སྤེལ་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་ཕྱིན་པ་དང་བསྟུན་ནས། རྩེ་ཁོག་རྫོང་གི་ཕྱུགས་ལས་ཐོན་རྫས་སུ་སྤུས་ཀ་ཇེ་ལེགས་སུ་ཕྱིན་ཡོད་སྟབས། ས་ཁོངས་ཀྱི་སྤྱི་བའི་ཚོང་རྟགས་བསྐྲུན་པའི་ཆ་རྐྱེན་ཡོངས་སུ་འཛོམས། དུས་ཀྱི་འགྱུར་བག་ཁྲོད་རྩེ་ཕུལ་ཕྱུགས་རྫས་མང་པོ་ཐོན་སྐྱེད་བྱས་པ་དང་། ལྗང་མདོག་བརྟན་བརླིང་གི་གཟན་རྩྭ་འདོན་སྤྲོད་མུ་ཕྲེང་ནི་སྤུས་ལེགས་ཚོང་རྟགས་ཀྱི་ཆེས་རྩ་བའི་འདེགས་སྐྱོར་ཡིན།
ཚོང་རྟགས་ཀྱིས་གཟན་རྩྭའི་འབྱུང་ཁུངས་ལ་ཚད་གཞི་ནན་མོ་བཏོན་ཡོད་དེ། རྩེ་ཁོག་རྫོང་གི་ཞིང་ཕྱུགས་ལས་ཐོན་ལས་ཅན་གཞུང་སྒྲུབ་ཁང་གི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་དོན། ང་ཚོས་མཉམ་ལས་རྟེན་གཞིའི་གཟན་རྩྭ་འདེབས་འཛུགས་བརྒྱུད་རིམ་ལྗང་མདོག་སྐྱེ་ལྡན་ཡིན་ལ། གཏན་འགོག་བྱས་པའི་ཞིང་སྨན་བཀོལ་མི་ཆོག་པར་མ་ཟད། ད་དུང་ལྕགས་རིགས་ཀྱི་འདུས་ཚད་སོགས་ལ་དུས་ལྟར་ཞིབ་བཤེར་ཚད་ལེན་བྱེད་པའི་བླང་བྱ་བཏོན་པ་ཡིན་ཟེར།
འཁོར་ཁང་དང་པོ་ནས་བཟུང་བརྒྱུད་རིམ་ཧྲིལ་བོའི་སྤུས་ཀར་ཚོད་འཛིན་བྱས་པར་བརྟེན། སྐམས་ཤ་དང་ལུག་ཤའི་སྤུས་ཀ་དག་ཅིང་བདེ་ཐང་ལ་ཕན་པ་ཁག་ཐེག་བྱས། རྩེ་ཕུལ་ཕྱུགས་རྫས་ཀྱི་སྐམས་ཤ་དང་ལུག་ཤའི་ལྷད་མེད་ཀྱི་རྒྱུ་སྤུས་ལ་བརྟེན་ནས། པེ་ཅིང་དང་ཧྲང་ཧའེ། ཧྲིན་ཀྲིན་སོགས་ཀྱི་ཁྲོམ་རར་འཁོར་རྒྱུག་བྱས་པ་དང་། ཕྱིར་ཚོང་རིན་གོང་དེ་སྤྱིར་བཏང་གི་ཐོན་རྫས་ལ་མཐོ་ཞིང་། འཛད་སྤྱོད་པས་མྱངས་པའི་བྲོ་བ་ཞིམ་པོ་དེ་ནི་རྩེ་ཁོག་རྩྭ་ཐང་གི་ཉི་འོད་དང་གངས་ཆུའི་དྲིན་ལས་སྐྱེ་བའི་སྤུས་ལེགས་གཟན་རྩྭ་ལས་བྱུང་བ་རེད། ཟི་ལིང་དུ་བསྡུས་པའི“རི་ཆུའི་རྨ་ལྷོ། མཐོ་སྒང་གི་ཐོན་རྫས།”ཞེས་པའི་ས་ཁོངས་ཀྱི་སྤྱི་བའི་ཚོང་རྟགས་འགྲེམ་སྤེལ་དང་འོས་སྦྱོར་བྱ་འགུལ་ཁྲོད། རྩེ་ཕུལ་ཕྱུགས་རྫས་དེ་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཚོང་རྟགས་སུ་བརྩིས་ནས་འགྲེམ་སྟོན་བྱས། རྩེ་ཕུལ་ཕྱུགས་རྫས་ལས་སྐམས་ཤ་དང་ལུག་ཤས་གྲོང་མི་མང་པོའི་བློ་སེམས་བཀུག གྲོང་མི་ཀྲང་ཞིན་གྱིས་གསར་འགོད་པར་བཤད་རྒྱུར། སྐམས་ཤ་དང་ལུག་ཤ་འདི་དག་གི་ཤ་སྤུས་དག་ལ་ཟས་ན་ཞིམ་པས་སྤྱིར་བཏང་གི་སྐམས་ཤ་ལུག་ཤ་དང་མི་འདྲ་བར་མ་ཟད། མཐོ་སྒང་གི་སྤུས་ལེགས་སྐམས་ཤ་དང་ལུག་ཤ་ཡིན་པ་ཤེས་ཐུབ་ཟེར།
སྤུས་ལེགས་གཟན་རྩྭར་བརྟེན་ནས་སྤུས་ལེགས་ཕྱུགས་ཟོག་གསོ་སྐྱོང་བྱས་ལ། སྐྱེ་ཁམས་གཟན་རྩྭར་བརྟེན་ནས་སྤུས་ལེགས་ཀྱི་སྐམས་ཤ་དང་ལུག་ཤའི་ཐོན་རྫས་ཐོན་སྐྱེད་བྱས། འོས་སྦྱོར་བྱ་འགུལ་ཁྲོད། འཛད་སྤྱོད་པ་དང་ཉོ་བསྡུ་མཁན་གྱིས་རྨ་ལྷོ་ཁུལ་གྱིས་རྩྭ་ཕྱུགས་དོ་མཉམ་ལ་བརྟེན་ནས་ཕྱུགས་ལས་ཀྱི་སྤུས་འདེགས་རིམ་སྤོར་གྱི་འཕེལ་རྒྱས་རྣམ་པར་སྐུལ་འདེད་བཏང་བར་ཚད་མཐོན་པའི་ཁས་ལེན་བྱས་པར་མ་ཟད། ཚང་མས་བདེ་ཐང་ཡིན་ལ་ཁྱད་ལྡན་བྲོ་བ་ཡོད་པའི་མཐོ་སྒང་གི་ཐོན་རྫས་འདི་ཉོ་འདོད་ཡོད་པའི་བསམ་ཚུལ་བཤད་པ་དང་། རྩེ་ཁོག་གི་སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཀྱི་ནུབ་བྱང་ཁྲོམ་རའི་འཁོར་རྒྱུག་ཁྲོད་ཀྱི་མིང་གྲགས་ཚད་མཐོ་རུ་བཏང་།
འཚོ་གནས་ལ་འགན་སྲུང་བྱེད་པའི“སེམས་བདེའི་རྩྭ”ནས་སྤུས་འདེགས་ནུས་འཕར་གྱི“འཚོ་བཅུད་རྩྭ‘’དང་། དེ་ནས་ཁྲོམ་རར་ཕྱིར་ཚོང་བྱེད་པའི“ཕྱུག་འགྱུར་རྩྭའི”བར། རྩེ་ཁོག་གཟན་རྩྭའི་ཐོན་ལས་ཀྱི་འཕོ་འགྱུར་ཆེན་པོ་དེ་ནི་མཚོ་སྔོན་འབྲོག་ཁུལ་གྱིས་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བའི་གསོན་ཉམས་ལྡན་པའི་སྣང་བརྙན་རེད། དེས་ཆོས་ཉིད་ལ་བརྩི་སྲུང་དང་ཚན་རིག་གིས་འཆར་འགོད། རྒྱུན་མཐུད་གསར་གཏོད་བཅས་བྱས་ཚེ། སྲོལ་རྒྱུན་འབྲོག་ལས་དེ་སྐྱེ་ཁམས་འཕེལ་རྒྱས་དང་འཚོ་བ་ཕྱུག་པོ། སྐྱེ་ཁམས་ལེགས་པོ་བཅས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་བར་བསྐྱོད་ཐུབ་པ་ར་སྤྲོད་བྱས། རྩེ་ཁོག་རྩྭ་ཐང་གི་གཟན་རྩྭའི་ཐོན་ལས་ཀྱིས་འབྲོག་པ་རྣམས་ཀྱི་དགུན་དུས་ཀྱི་དྲོད་འཁོལ་དང་རེ་བ་སྲུང་ཡོད་པར་མ་ཟད། ལྗང་མདོག་དང་དར་རྒྱས། རྒྱུན་མཐུད་བཅས་ཀྱི་རྩྭ་ཐང་གི་མ་འོངས་པར་རྒྱང་ལྟ་བྱས་ཆོག
ལྷ་མོ་འཚོས་བསྒྱུར།