རྩྭ་ཐང“གྲངས་མཛོད་ཅན”ནས“རིག་མཛོད་ཅན”དུ་འགྱུར་བཞིན་པ།

ཁུངས། ཀློག་གྲངས།

ཟླ་བཞི་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་མཚོ་རུག་སྡེ་བར་དཔྱིད་རླུང་བསིལ་མས་རྩྭ་ཐང་དང་ནོར་ལུག་གི་ཁྱུ་ཚོགས་ལ་བྱིལ་བྱིལ་བྱེད་བཞིན་འདུག་ལ། དགུན་ཟླ་རིང་མོར་གཉིད་དུ་ཡུར་བའི་རྩྭ་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་ཡོད།

སྲོལ་རྒྱུན་ཕྱུགས་ལས་ལ་འཕྲད་པའི་རྩྭ་སའི་ཐེག་ཚད་ལས་བརྒལ་བ་དང་རིམས་འགོག་ཞན་པ། ཚོང་ར་རྗེས་ལུས་ཡིན་པ་སོགས་ཀྱི་དཀའ་གནད་བསལ་བས། མི་རབས་མང་པོར་རྩྭ་ཆུ་བསྙེགས་ཏེ་ཕྱུགས་འཚོ་བའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་དེ་མཇུག་བསྒྲིལ་ནས་འགྱུར་ལྡོག་གསར་པ་བྱུང་ཡོད།

ཚན་རྩལ་ལ་བརྟེན་ནས་བཏབ་པའི་ས་བོན་ལ་མྱུ་གུ་འབུས་ཤིང་། རིག་ནུས་ཀྱི་གཤོག་ཟུང་ཕྱུགས་རར་བརྐྱངས་པས། མཚོ་རུག་སྡེ་བའི་ལྷ་རྩེ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་རིག་ནུས་ཕྱུགས་གསོའི་ལམ་གྱིས་སྲོལ་རྒྱུན་གྱི་རྣམ་པ་བསྒྱུར་ཏེ། དངོས་སྒྲུབ་ཀྱི་ངར་ཤུགས་གཅིག་ཏུ་བསྒྲིལ་ནས་ཕྱུགས་ལས་ཐོན་ལས་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པ་བསྩལ།

མཚོ་རུག་སྡེ་བར་སོང་ཚེ། རྩྭ་ཐང་ནི་སྔར་བཞིན་ཡངས་ཤིང་རྒྱ་ཆེ་ཡང་། འབྲོག་པ་མང་ཚོགས་ཀྱི་ཕྱུགས་འཚོ་སྟངས་ལ་སྔ་མོ་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

མཉམ་ལས་ཁང་གི་འགན་འཁུར་པ་རྟ་མགྲིན་སྐྱབས་ཀྱིས་ལྟ་སྐུལ་བརྙན་ཡོལ་ཆེན་པོའི་མདུན་དུ་བསྡད་དེ་མིག་ཟུང་གིས་བརྙན་ངོས་ལ་ཅེར་འདུག ཡངས་པའི་རྩྭ་ཐང་ལ་རྟ་ཕོ་བཅིབས་ནས་རྒྱུག་མི་དགོས་ལ། ནོར་གྱི་རྨིག་རྗེས་བསྙེགས་ནས་རི་ལུང་ཉུལ་ཡང་མི་དགོས། མཛུབ་མོ་ཡིས་ཅུང་ཟད་རེག་པ་ཙམ་གྱིས་ལེ་དབར་སྟོང་གི་རྩྭ་སའི་རྣམ་པ་ཐམས་ཅད་མིག་ལམ་དུ་ལྷང་ངེར་འཆར་ཐུབ།

འདི་ནི་འཕྲིན་གཉེར་རིག་ནུས་ཅན་གྱི་ཕྱུགས་རའི་གཞི་གྲངས་ཆེན་མོའི་སྟེགས་བུས་བསྐྲུན་པའི་གྲུབ་འབྲས་ངོ་མཚར་བ་ཞིག་རེད།

རྒྱང་རིང་ལྟ་སྐུལ་གྱིས་དུས་ཚོད་དང་བར་སྟོང་གི་བཀག་རྒྱ་གཏོར་ནས་ནོར་ནག་གི་འཚོ་བའི་གནས་བབ་མིག་ལམ་དུ་ལྷམ་མེར་མངོན། སྒོ་ཕྱུགས་རེ་རེར་རང་ཉིད་ཀྱི“གྲངས་འཛིན་ཡིག་ཚགས”རེ་ཡོད། རྣ་འཛེར་ལ་གསལ་པོར་བལྟ་ཐུབ་པ་དང་སྐྱེས་ཉིན་གྱི་ཟིན་ཐོ་དག་པ། རྩྭ་སའི་གང་དུ་ཡོད་པ། ལོ་གྲངས། ཕོ་མོ་དང་རྒྱུད་པ་བཅས་ནི་བལྟས་མ་ཐག་ཏུ་ཤེས་ཐུབ།

གཞི་གྲངས་ལས་ཉམས་མྱོང་ལ་བརྡར་ཤ་གཅོད་ཐུབ། སྲོལ་རྒྱུན་གསོ་སྤེལ་གྱི་རྣམ་པ་རབ་རིབ་དང་རགས་ལས་དེ་ད་ལྟའི་གནད་ཁེལ་དང་ཞིབ་ཚགས་ཅན་དུ་བསྒྱུར་ཡོད། མཐོ་སྒང་གི་འབྲོག་པས་ཐེངས་དང་པོར་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ནོར་ལུག་གསོ་སྤེལ་གྱི་དོན་དག་ཡོད་ཚད་གསལ་པོར་བཟོས།

འགྱུར་ལྡོག་དེ་ནི་ཕྱོགས་མང་མཉམ་རུབ་ཀྱི་སྙིང་སྟོབས་དང་ཞིབ་ཚགས་བརྩོན་འགྲུས་ལས་གྲུབ་པ་རེད།

མཚོ་སྔོན་སློབ་ཆེན་ཕྱུགས་ལས་སྨན་བཅོས་ཚན་རིག་ཞིབ་འཇུག་སློབ་གླིང་དང་ཧྲེན་ཀྲེན་གྲོང་ཁྱེར་ཀྲུང་ཧེང་རྒྱལ་ཁབ་ཚན་རིག་འཕྲིན་གཏོང་ལག་རྩལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཚོ་རུག་སྡེ་བའི་ལྷ་རྩེ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་རྨ་སྟོད་རྫོང་མཚེའུ་སྟོང་ཕྱུགས་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དང་མཉམ་འབྲེལ་གྱིས་འཕྲིན་གཉེར་རིག་ནུས་ཅན་གྱི་ཕྱུགས་ལས་གནད་ཆེའི་ལག་རྩལ་འདུས་གྲུབ་དང་དཔེ་སྟོན་ལས་གཞི་མཉམ་དུ་བསྐྲུན།

ཕྱོགས་བཞི་མཉམ་རུབ་ཀྱིས་ཚན་རིག་ཞིབ་འཇུག་གི་ནུས་པ་དང་། ལག་རྩལ་གྱི་ལེགས་ཆ། གཞི་རིམ་གྱི་ལག་ལེན་བཅས་གཅིག་ཏུ་བསྒྲིལ་ཏེ། གངས་ལྗོངས་ཀྱི་ཕྱུགས་ལས་ལ་འཕོ་འགྱུར་གོང་འཕེལ་གྱི་ཚན་རྩལ་གྱི་ལམ་བུ་ཞིག་བཏོད་ཡོད།

ལས་གཞིའི་ཁྱབ་རྒྱ་ཆེ་མིན་དེ་སྲོལ་རྒྱུན་གསོ་སྤེལ་གྱི་གནད་དོན་ལ་ཐད་ཀར་འབྲེལ་ཡོད།

ནོར་གྱི་དེང་རབས་གསོ་སྤེལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་རང་མདངས་བསྲུངས་ཏེ། གསོ་སྤེལ་དང་རང་བྱུང་ཁམས་མཉམ་གནས་ཐུབ་པར་བྱས་ཡོད། ནོར་གྱི་སྐྱེ་འཕེལ་དོ་དམ་བརྡ་འཕྲིན་ཅན་གྱི་ལག་རྩལ་དཔེ་སྟོན་གྱིས་སྐྱེ་འཕེལ་གྱི་དཀའ་གནད་བསལ་ནས་སྐྱེ་འཕེལ་གྱི་ལས་ཕྱོད་མཐོ་རུ་བཏང་བ་དང་། ཕྱུགས་ནད་བརྡ་འཕྲིན་ཅན་གྱི་སྔོན་འགོག་ཚོད་འཛིན་དང་མྱུར་དཔྱད་ཀྱིས་འཕྲོད་བསྟེན་གྱི་འགོག་རགས་བརྟན་པོར་བཟོས་ཏེ། འབྲོག་པའི་སེམས་ཁྲལ་བསལ་ཡོད།

མིས་བཟོས་རིག་ནུས་དེ་ནོར་གྱི་གསོ་སྤེལ་དང་ཕན་ཚུན་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།

དཔེ་དབྱིབས་རེ་རེ་བཏོད་ཅིང་། ལག་རྩལ་རེ་རེ་ལག་ལེན་དུ་བསྟར་བས། འཚོ་བཅུད་ཀྱི་གཞི་གྲངས་མཛོད་དང་། ཁོར་ཡུག་ཚོད་འཛིན་དཔེ་དབྱིབས། གསོ་སྤེལ་དཔེ་དབྱིབས། འཕྲོད་བསྟེན་ཚོར་ཤེས་དཔེ་དབྱིབས་བཅས་ཀྱིས་གསོ་སྤེལ་ལས་རིགས་ལ“རིག་ནུས་ཅན་གྱི་ཀླད་པ”ལྟ་བུའི་ནུས་པ་ཐོན་ཡོད།

“སྟེགས་བུ་གཅིག་དང་ཡན་ལག་དུ་མའི་མ་ལག”གི་ཇུས་འགོད་ཀྱིས་གཞི་གྲངས་འཚོལ་སྡུད་དང་དབྱེ་ཞིབ། བརྟག་དཔྱད། ཇུས་གཅོད་མཛུབ་སྟོན་བཅས་གཅིག་ཏུ་བསྡུས་ཤིང་། བར་མཚམས་རེ་རེ་ཚན་རྩལ་གྱིས་བསྲུངས་ཡོད།

ཕྱུགས་འཚོ་བ་ནས་དོ་དམ་ཚོད་འཛིན་དང་། ཉམས་མྱོང་ནས་རིག་ནུས་ཀྱི་བར་དུ། འགག་རྩའི་ལག་རྩལ་དང་ཆ་འགྲིག་སྒྲིག་ཆས་གང་མཁོ་དེ་འཛོམས་ཡིན་པས། ཕྱུགས་ལས་འཕེལ་རྒྱས་དེ་རིག་ནུས་ཀྱི་དུས་རབས་གསར་པར་སླེབས་ཡོད།

འབྲོག་པ་རྣམས་ལ་ཚོར་སྣང་ཟབ་མོ་ཞིག་སྦྱིན་འདུག

“སྔོན་ཆད་ཕྱུགས་འཚོ་སྐབས་རྩྭ་ས་བསྙེག་དགོས་པ་དང་གནམ་གཤིས་དང་བསྟུན་དགོས་པས་ནོར་ལུག་གི་གནས་ཚུལ་ཚོད་དཔག་ལ་བརྟེན་དགོས”ཞེས་འབྲོག་པ་ཆོས་རྒྱལ་གྱིས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད། ད་ལྟ་གཞི་གྲངས་ཀྱིས་ཁོའི་ཚབ་བྱས་ནས་ནོར་ལུག་ལ་བལྟས་ཤིང་། སྟེགས་བུས་ཉེན་ཁར་གཡོལ་རོགས་བྱེད་ཀྱིན་ཡོད་པས་སེམས་པ་བདེ་ལ་ནོར་ཟོག་འབོར་མིན་ལ་སེམས་ཁྲལ་བྱེད་མི་དགོས། ནོར་གྱི་སྐེ་ལ་བཏགས་པའི་སྐེ་ཕྲེང་བརྒྱུད་ནས་གནས་ཡུལ་དུས་ཐོག་ཏུ་ཤེས་ཐུབ།

འབྲོག་པ་བདུད་ལྷ་ལའང་མྱོང་བ་ཟབ་མོ་ཡོད། གནམ་ལ་བརྟེན་ནས་ཁ་གསོ་བའི་དུས་སྐབས་མཇུག་རྫོགས་སོང་། ཚན་རྩལ་ལས་ཐོན་པའིི་བརྟན་འཇགས་དང་ཕན་འབྲས་ཀྱིས་གསོ་སྤེལ་ལ་གདེང་ཚོད་བྱིན་ཞིང་ཡོང་འཕར་ལ་འགན་ལེན་བྱས།“གསོ་སྤེལ་རགས་ལས”ནས“ཞིབ་ཚགས་དོ་དམ”བར་དང་། “ཉམས་མྱོང་ལ་བརྟེན་པ”ནས“གཞི་གྲངས་ལ་བརྟེན་པའི”བར་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བས། ཕྱུགས་ལས་གཉེར་བའི་སྤྲོ་བའང་སྔར་ལས་ཇེ་ཆེར་གྱུར་ཡོད།

ཐོན་ལས་འཕེལ་ན་གྲོང་གསེབ་དར། མཛོ་རྒན་རྭ་བར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀུན་དགའ་རྒྱལ་མཚན་གྱིས་སྡེ་བའི་འགྱུར་ལྡོག་ལ་ལྟ་བཞིན་སེམས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

“ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་འབད་དགོས་པའི་སྙིང་པོ་ནི་ཐོན་ལས་རྩ་བ་ཚུགས་པ་དང་འབྲོག་པའི་ཡོང་འབབ་འཕར་བ་དེ་རེད།” ཀུན་དགའ་རྒྱལ་མཚན་གྱིས་རིག་ནུས་ཕྱུགས་ལས་ཀྱི་ལས་གཞི་ནི་སྐྱེ་ཁམས་ཕྱུགས་ལས་སྤུས་མཐོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་གོམ་པ་ཞིག་ཡིན་ལ། ཚན་རྩལ་གྱི་རང་སྤུས་ལ་བརྟེན་ནས་མཐོ་སྒང་གི་རི་ལྗང་ཆུ་དྭངས་སྲུང་ཞོར་དུ་ཕྱུགས་ལས་རྒྱ་ཆེར་གཉེར་རྒྱུ་དེ་རེད་ཅེས་དྲང་མོར་བཤད།

བྱེད་སྟངས་འདི་ལ་དོན་སྙིང་ཤིན་ཏུ་ཆེ།

རྨ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་མགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ས་ཁོངས་ཡིན་ཞིང་། ཕྱུགས་ལས་ནི་འདི་གའི་སྲོག་ཤིང་ཐོན་ལས་རེད། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ལེགས་པོར་ཐག་གཅོད་ཆེད། ས་གནས་དེས་རིག་ནུས་ཕྱུགས་ལས་གསོ་སྤེལ་འཕེལ་རྒྱས་བཏང་སྟེ། GPSསྐེ་ཕྲེང་དང་གློག་རྡུལ་རྣ་འཛེར་ལ་བརྟེན་ནས་ནོར་ལ“གྲངས་འཛིན་ཐོབ་ཐང་ལག་ཁྱེར”བཟོས་ཡོད། དེ་ལས་ནོར་གྱི་གནས་ཡུལ་དང་། ལུས་དྲོད། འགུལ་ཚད་སོགས་ཀྱི་གཞི་གྲངས་སྡུད་ལེན་བྱེད་ཀྱིན་ཡོད། རྩྭ་སའི་ཐེག་ཚད་ལ་དབྱེ་ཞིབ་བྱས་པ་བརྒྱུད་རྩྭ་ཕྱུགས་འཁོར་རྒྱུག་གི་དོ་མཉམ་སྙོམ་སྒྲིག་ཐུབ་པ་བྱུང་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་གཉིས་ཀ་མངོན་འགྱུར་བྱུང་ཡོད།

2008ལོར་མགོ་ལོག་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བ་སྤེལ་བ་ནས་བཟུང་། ཕྱུགས་ལས་ཀྱི་ཐོན་ཁུངས་ལེགས་པོར་གཞི་བཙུགས་ཏེ། ནོར་གྱི་གསོ་སྤེལ་དང་གཟན་རྩྭ་འདེབས་འཛུགས། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་ཕྱིར་འཚོང་བཅས་ཟུར་རྟེན་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད། ཐུན་མོང་མ་ཡིན་པའི་རང་བྱུང་གི་ཐོན་ཁུངས་ལེགས་པོར་བརྟེན་ནས་སྤུས་ལེགས་ཐོན་རྫས་དང་སྤུས་ལེགས་ཟོང་རྟགས་བསྐྲུན་ཞིང་། ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་སྔར་བས་མཐོ་རུ་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་།

རྩྭ་ཐང་དུ“གྲངས་མཛོད”བསྐྲུན་ནས་རྩྭ་ས“རིག་མཛོད”དུ་བསྒྱུར། ཚན་རྩལ་གྱི་རང་སྤུས་ལས་སྲོལ་རྒྱུན་ཕྱུགས་ལས་ལ་འགྱུར་ལྡོག་གསར་པ་བྱུང་ཞིང་། ལས་བྱེད་མང་ཚོགས་སེམས་པ་གཅིག་ཏུ་བསྒྲིལ་བས་འཕེལ་རྒྱས་ཀྱི་སྟོབས་ཤུགས་འགོག་མེད་དུ་འཕེལ།

དེང་སྐབས། མཚོ་རུག་སྡེ་བའི་རིག་ནུས་ཕྱུགས་ལས་གསོ་སྤེལ་གྱི་རྣམ་པ་དེས། ས་གནས་དེའི་ཕྱུགས་ལས་འཕེལ་རྒྱས་ལ་ཚད་ཤིང་བཙུགས་པར་མ་ཟད། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པ་དང་། རོང་འབྲོག་ཁུལ་གྱི་ཐོན་འཕར་ཡོང་འཕར་མངོན་འགྱུར་ཡོང་བར་གོམ་པ་བརྟན་པོ་ཞིག་སྤོས་ཡོད།

གྲོང་གསེབ་དར་སྤེལ་གྱི་ལམ་ཁ་རུ། ཐོན་ལས་ནི་རྩ་བ་ཡིན་ལ་དངོས་སྒྲུབ་ནི་གདེང་ཚོད་ཡིན།

མཚོ་རུག་སྡེ་བའི་རྩྭ་ཐང་སྟེང་གི་གནའ་བོའི་རྫི་གླུ་རིམ་གྱིས་ཡལ་ཏེ། དུས་རབས་གསར་པའི་རོལ་དབྱངས་དཀྲོལ་མགོ་བརྩམས་བྱུང་།