

ལྗང་མདོག་གིས་ཕྱུག་པའི་ས་གྲུ་བཞི།
དེ་སྔའི“བྱེ་རླུང་འུར་འུར་ལྡང་བའི”ས་ཆ་དེ་དེང་སྐབས“སྔོ་ལྗང་གི་ཞིང་ཁམས”ཤིག་ཏུ་གྱུར་འདུག
འདི་ནི་དུས་རབས་གོང་མའི་ལོ་རབས་བདུན་བཅུ་པ་དང་བརྒྱད་ཅུ་པའི་ས་གྲུ་བཞི་ཞང་དང་ད་ལྟའི་ས་གྲུ་བཞི་ཞང་བར་གྱི་ཁྱད་པར་ཡིན།
ས་གྲུ་བཞི་རླུང་གི་ཕ་ས་ཡིན་ཞེས་པའི་བཤད་སྲོལ་དེ་ནི་འུད་སྒྲོག་ཅུང་ཙམ་ཆེ་མོད། འོན་ཀྱང་བྱེ་རླུང་འུར་འུར་ལྡང་བའི་འཚོ་བ་དེ་མི་སེམས་ལ་རྡོ་བརྐོས་རི་མོ་བཞིན་དུ་སིམ་ཡོད།
ཟླ4པའི་ཚེས15ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཞང་ཁ་སྒང་གོང་མ་སྡེ་བར་བསྐྱོད་པ་ན། རླུང་འཚུབ་ཅིག་གཡུག་ནས་མིག་ཡང་འབྱེད་དཀའ། ཡིན་ཡང་ཡ་མཚན་པ་ཞིག་ལ་ད་ལྟ་རླུང་ནང་དུ་བྱེ་རྡུལ་འདྲེས་མེད། རྒྱང་རིང་ལ་བལྟས་ཚེ། རྣང་ཞིང་དུ་སྔོ་ལྗང་གི་མྱུ་གུ་འབུས་ཡོད་ཅིང་། རྣང་ཞིང་བར་དུ་བཙུགས་ཡོད་པའི་སྦྱར་སྡོང་མང་པོས་གྲོ་མྱུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པར་མ་ཟད། ཁ་སྒང་གོང་མ་སྡེ་བ་དང་སྡེ་བ་དེར་འཚོ་ཞིང་གནས་པའི་ཁྱིམ་ཚང་རེ་རེར་ཡང་སྲུང་སྐྱོབ་བྱེད་བཞིན་ཡོད།
སྐོར་སྲུང་བྱས་ཏེ་ཕྱིར་ལོག་པའི་རྩྭ་ཐང་དོ་དམ་སྲུང་སྐྱོབ་རུ་ཁག་གི་རུ་གཙོ་པའོ་ཧྲོན་གྱིས་བཤད་རྒྱུར། ལོ་རེའི་དུས་ཚིགས་འདིར། ཁ་སྒང་གོང་མ་སྡེ་བ་རུ་རླུང་ཆེན་གཡུག་ངེས་པ་དང་། ཡིན་ན་ཡང་ལོ་འདི་དག་གི་རིང་གནས་ཚུལ་ཇེ་བཟང་དུ་སོང་ནས་རླུང་ཇེ་ཆུང་དུ་སོང་ཡོད་པར་མ་ཟད་བྱེ་མ་ཡང་མེད་པར་གྱུར་ཡོད། སྔོན་ཆད་དེ་རིང་གི་གནམ་གཤིས་འདི་ལྟ་བུར་འཕྲད་ཚེ། རླུང་ནང་དུ་བྱེ་རྡུལ་འདྲེས་ཡོད་པས། ཞིང་ནང་གི་ས་བོན་ཚང་མ་ཡང་བསྐྱར་འདེབས་དགོས་ཟེར།
ད་ལོ་ལོ་ང་དྲུག་ལ་བུད་ཡོད་པའི་པའོ་ཧྲོན་ཚང་ཁ་སྒང་གོང་མ་སྡེ་བ་རུ་ཡོད་ཅིང་། ས་གྲུ་བཞིའི་བྱེ་ཁུལ་དང་ཐག་ཧ་ཅང་ཉེ། ཁོས་ཆུང་དུས་ནས་ཤེས་པ་ནི་སྡེ་བའི་ནང་གི་རྒན་རབས་པ་རྣམས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་ལས་ལ་འབད་པ་བྱེད་བཞིན་ཡོད་པ་དེ་ཡིན་ལ། ད་ལྟ་ལས་འགན་དེ་ཁོའི་ཕྲག་སྟེང་དུ་བབས་ཡོད།
པའོ་ཧྲོན་གྱི་བྱིས་དུས་ཀྱི་དྲན་པའི་ངོས་སུ། བྱེ་མ་དུས་དང་རྣམ་པ་ཀུན་ཏུ་འགུལ་སྐྱོད་བྱེད་ཀྱིན་ཡོད།
ཁོས་བཤད་རྒྱུར། ཞོགས་པར་མལ་ལས་ལངས་དུས། སྒོ་འགྲམ་དུ་བྱེ་མ་སྤུངས་ནས་སྒོ་ཡང་འབྱེད་དཀའ། བྱེ་མ་ལོ་རེར་སྨི20ལྷག་གི་མྱུར་ཚད་ཀྱིས་སྡེ་བ་དང་རྨོ་ཞིང་གི་ཕྱོགས་སུ་བཞུར་ཡོང་བཞིན་ཡོད། སྐབས་དེར་བྱེ་མས་སྡེ་བ་བསྣུབས་པའི་ཉེན་ཁར་འཕྲད་ནས་སྡེ་བ་ཡོངས་བྱེ་ཁུལ་གྱི་མཐའ་མཚམས་ནས་བྱེ་ཁུལ་དང་ཐག་རིང་བའི་སར་གནས་མི་སྤོ་ག་མེད་བྱུང་། ཡིན་ཡང་བྱེ་མ་འགུལ་སྐྱོད་བྱེད་བཞིན་ཡོད་པས། གནས་སྤོ་བའི་བྱེད་ཐབས་ཁོ་ནས་གནད་དོན་དེ་ཐག་གཅོད་མ་ཐུབ།
སྡེ་མི་རྣམས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་ལས་ཀ་ལེགས་པོར་མ་བསྒྲུབ་ན། གནས་དེར་འཚོ་སྡོད་བྱེད་ཐབས་མེད་པ་གཞི་ནས་རྟོགས་བྱུང་།
དེ་བས། རང་རྟོགས་ངང་བྱེ་འགོག་བྱེ་བཅོས་བྱེད་པའི་འགུལ་སྐྱོད་ཅིག་གི་འགོ་བརྩམས་ཏེ། སྡེ་མི་རྣམས་ཀྱིས་འགུལ་སྐྱོད་བྱེད་པའི་བྱེ་འབུར་གྱི་མཐའ་རུ་རྡོ་ར་བསྐོར་བ་དང་བྱེ་མ་ས་འོག་ཏུ་གནོན་པ། སྡོང་བོ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད། གནའ་བོའི་བྱེད་ཐབས་དེ་དག་ལ་ཕན་འབྲས་ཆུང་ཡང་སྔར་བཞིན་བྱེད་ཐབས་དེ་སྤྱོད་བཞིན་ཡོད།
པའོ་ཧྲོན་གྱིས་བཤད་རྒྱུར། སྐབས་དེར་སྡེ་མི་ཚང་མ་རང་རྟོགས་ངང་བྱེ་འགོག་བྱེ་བཅོས་ནང་ཞུགས་པ་ཡིན་ལ། ལས་བགོས་ཅི་ཡང་བྱས་མེད། ལོ་རེར་ཁོམ་ལོང་ཡོད་པའི་སྐབས་སུ། ཁོ་སྡེ་བའི་ནང་གི་རྒན་པ་རྣམས་ཀྱི་རྗེས་འབྲངས་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ཁྲོད་ཞུགས་ཏེ་ལོ་བཅུ་ཕྲག་རིང་རྒྱུན་བསྐྱངས་པ་རེད། ཁོ་ཚོས་ཕྱོགས་གཅིག་ནས་བཅོས་སྐྱོང་དང་ཕྱོགས་གཅིག་ནས་སྲུང་སྐྱོང་བྱས་ཏེ་རང་ཉིད་འཚོ་སྡོད་བྱེད་སའི་ཕ་ས་དྲོན་མོ་དེ་སྔོ་ལྗང་དུ་བསྒྱུར་བའི་ལས་ལ་འབད་པ་བྱས་པ་རེད།
ཡིན་ཡང་། སྡེ་བ་ཁོ་ནའི་སྟོབས་ཤུགས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་གྲུབ་འབྲས་བཟང་བོ་ཞིག་ལོན་དཀའ། སྡོང་བོ་བཙུགས་ནས་ཅང་མ་འགོར་བར་སྡོང་བོའི་ཕྱེད་ཀ་བྱེ་རྡུལ་གྱིས་མནན་འགྲོ་ལ། ས་འོག་ཏུ་མནན་པའི་བྱེ་མ་ཡང་རླུང་གིས་ཁུར་འགྲོ། སྡེ་མི་རྣམས་ཀྱིས་མིག་མདུན་གྱི་མུ་མཐའ་མེད་པའི་བྱེ་ཁུལ་ལ་ལྟ་བཞིན་འགོག་བཅོས་བྱེད་པའི་སེམས་ཤུགས་ཡོད་ཀྱང་བྱེད་ཐབས་བཟང་བོ་ཞིག་མ་རྙེད།
ཁ་སྒང་སྡེ་བ་དང་བར་ཐག་སྤྱི་ལེ་ལྔ་ཡོད་པའི་མཚོ་སྔོན་ཞིང་ཆེན་བྱེ་བཅོས་ཚོད་ལྟའི་ས་ཚིགས་བཙུགས་པ་ནས་བཟུང་གནས་ཚུལ་ལ་འགྱུར་ལྡོག་བྱུང་བ་རེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་སྐབས་ནས་བཟུང་། ཚོད་ལྟའི་ས་ཚིགས་ཀྱིས་འཕྲུལ་ཆས་དང་སྐྱེ་དངོས་ལ་བརྟེན་ནས་བྱེ་འགོག་བྱེ་བཅོས་ཀྱི་ཚོད་ལྟ་བྱེད་འགོ་བརྩམས་ཀྱང་། 2016ལོར་ད་གཟོད་མང་ཚོགས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་ཕན་འབྲས་ཉམས་སུ་མྱངས་པ་རེད།
1958ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་ས་གྲུ་བཞིའི་བྱེ་བཅོས་ཚོད་ལྟའི་ནགས་ར་དངོས་སུ་བཙུགས་པ་དང་། 1983ལོར་ན་གོར་མོའི་བྱེ་བཅོས་ཚོད་ལྟའི་ས་ཚིགས་དང་ཟླ་སྒྲིལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་བྱེ་བཅོས་ཚོད་ལྟའི་ས་ཚིགས་དངོས་སུ་བཙུགས། 2004ལོར་མཚོ་སྔོན་ཞིང་ཆེན་བྱེ་བཅོས་ཚོད་ལྟའི་ནགས་ར་སླར་གསོ་བྱས་པ་དང་། 2017ལོར་ཞིང་ཆེན་བྱེ་བཅོས་ཚོད་ལྟའི་ནགས་རའི་སྒོ་བྱང་བཀལ། བགྲང་བྱ་དྲུག་ཅུ་ལྷག་གི་རིང་། ཚོད་ལྟའི་ས་ཚིགས་དེས་ས་གྲུ་བཞིའི་བྱེ་འགོག་བྱེ་བཅོས་ཐད་ནུས་ཤུགས་ཡོད་རྒུ་བཏོན།
ཁ་སྒང་གོང་མ་སྡེ་བ་དང་ཐ་ན་ས་གྲུ་བཞི་ཞང་གི་བྱེ་བཅོས་ལྗང་སྒྱུར་གྱི་རྒྱབ་ལོགས་སུ་བྱེ་བཅོས་མི་སྣ་རེ་རེའི་དཀའ་སྡུག་གི་རྔུལ་ཆུ་འདྲེས་ཡོད།
2013ལོར། ལག་རྩལ་མི་སྣ་ཧྥན་ཝུན་ཞིའུ་ཐོག་མར་བྱེ་བཅོས་ས་ཚིགས་སུ་ཐོན་པ་དང་། དཔྱིད་ཀ་དེའི་ཕྱི་དྲོའི་རྣམ་པ་ཁོས་དྲན་འཛིན་གྱི་ངོས་སུ་ད་དུང་ཡང་ཝ་ལེར་གསལ། “ང་ཐོག་མར་གནས་འདིར་ཐོན་པའི་ཉིན་དེའི་གནམ་གཤིས་ཀྱང་། དེ་རིང་དང་འདྲ་བར་བྱེ་མས་གནམ་ས་གཡོགས་འདུག་ལ། སྲ་ཞིང་མཁྲེགས་པའི་སྡོང་བོའི་ཡལ་གའང་བྱེ་རླུང་གིས་དུམ་བུར་གཅོད། མིག་གིས་སྨི་འགའི་བར་ཐག་ཙམ་ལས་མཐོང་མི་ཐུབ་ལ། ཁ་སྣ་ཡོད་ཚད་དུ་བྱེ་མ་འཚང་ཡོང”ཟེར།
སྐབས་དེའི་ས་གྲུ་བཞི་ལ། “རླུང་གི་ཕ་ས”ཞེས་འབོད་པ་དང་། ལོ་རེར་ཚད་རིམ་དྲུག་ཡན་གྱི་རླུང་ཆེན་གཡུགས་པའི་ཉིན་ལྔ་བཅུ་ནས་དྲུག་ཅུ་ཡོད་ལ། བྱེ་རླུང་འཚུབ་མའི་ཉིན20ཙམ་ཡོད། ས་ངོས་སུ་འགུལ་སྐྱོད་ཀྱི་བྱེ་འབུར་དང་གཏན་འཇགས་ཡིན་པའི་བྱེ་འབུར་གང་སར་མཐོང་ཐུབ་ལ། བྱེ་འབུར་ཆུང་འབྲིང་གི་འགྲོས་ཚད་སྨི8ནས་སྨི10ལ་སླེབས་ཐུབ་པ་དང་། ཆེས་མགྱོགས་པའི་སྐབས་སུ་སྨི20ལ་སླེབས་ཐུབ།
“རྣང་ཞིང་གྲུ་བཞི་བྱེ་མས་རྡུལ་དུ་བརླག། འཚོ་བའི་རྟེན་དུ་རུང་བའི་གནས་ནི་གང་།།”འདི་ནི་སྐབས་དེའི་ས་གྲུ་བཞིའི་གནས་སྟངས་དངོས་ཡིན།
ཧྥན་ཝུན་ཞིའུ་དང་ཁོའི་ལས་གྲོགས་ཚོ་བྱེ་ཁུལ་གྱི་གང་སར་བསྐྱོད་ཡོད། ཁོ་ཚོས་སྔོན་ཆད་མི་ཤུགས་ལ་བརྟེན་ནས་བྱེ་བཅོས་བྱེད་པ་ཡིན་ལ། བྱེ་བཅོས་བྱེད་པར་གྲོ་རྩྭ་འགོག་ར་ལས་པ་དང་བྱེ་མ་ས་འོག་ཏུ་གནོན་པ། རྩི་ཤིང་འཛུགས་པ་བཅས་བྱས་རུང་ཕན་ཐོགས་ཆུང་། “མང་ཚོགས་ཀྱིས་རང་འགུལ་གྱིས་སྡོང་འཛུགས་བྱེད་པའི་སྙིང་སྟོབས་གོང་བཀུར་བྱེད་འོས་ཀྱང་ཚན་རིག་དང་མཐུན་པའི་བྱེད་ཐབས་མེད། ང་ཚོས་མཐོ་སྒང་དང་ཐན་སྐམ་ཆེ་བའི་བྱེ་ཁུལ་དང་འཚམ་པའི་ལག་རྩལ་ཞིག་འཚོལ་དགོས།”
2016ལོར། བྱེ་བཅོས་ས་ཚིགས་ཀྱིས་ལོ་བཅུ་ཕྲག་ལྷག་གི་ཉམས་མྱོང་གི་རྨང་གཞིའི་སྟེང་། སའི་གཏིང་ཟབ་སར་སུ་ཆུ་གཏོང་བའི་ནགས་བསྐྲུན་ལག་རྩལ་འཚོལ་ཞིབ་བྱས། སྟབས་བདེའི་ངང་བཤད་ཚེ། མཐོ་གནོན་ཆུ་མདའ་ཡིས་བྱེ་མའི་ཁྲོད་བུ་ག་ཞིག་བརྟོལ་ཏེ། སྡོང་ཕྲུག་ཐད་ཀར་བརླན་ཆེ་བའི་བྱེ་རིམ་དུ་བཙུགས་ན་སྡོང་ཕྲུག་ལ་རྩ་བ་རྒྱས་ཐུབ་ལ། སྡོང་ཕྲུག་གི་གསོན་ཚད་ཆེས་ཆེར་མཐོར་འདེགས་བཏང་ཡོད། ལག་རྩལ་འདི་མགྱོགས་མྱུར་ངང་ཉེ་འགྲམ་གྱི་གྲོང་གསེབ་ཁག་ལ་ཁྱབ་པར་མ་ཟད། ཁ་སྒང་གོང་མ་སྡེ་བར་ཡང་ཁྱབ།
པའོ་ཧྥོན་གྱིས་སྐབས་དེའི་གནས་སྟངས་ལ་ཕྱིར་འདང་རྒྱག་ཞོར་མགོ་བོ་འཕྲེད་དུ་གཡུག་ནས་བཤད་རྒྱུར། སྔོན་ཆད་ང་ཚོས་སྡོང་ཕྲུག་བཙུགས་ན། ས་དོང་རྐོ་བར་དཀའ་ལས་ཆེན་པོ་རྒྱག་དགོས། ཆུ་བླུགས་ནའང་རེམ་མར་འཐིམ་འགྲོ་བས། སྡོང་ཕྲུག་མང་པོ་ཞིག་གསོན་མི་ཐུབ། གཞུག་ནས་ཚོད་ལྟའི་ས་ཚིགས་ཀྱི་ལག་རྩལ་མི་སྣས་ཆུ་གསོར་སྒྲིག་ཆས་སྡེ་བའི་ནང་ཁྱེར་ཡོང་སྟེ། ཚང་མར་བེད་སྤྱོད་བྱེད་སྟངས་ཁྲིད་སྟོན་བྱས། ཆུ་གསོར་སྒྲིག་ཆས་འདི་སྨི་གཅིག་གི་གཏིང་སར་སླེབས་ཐུབ་ལ། སྡོང་ཕྲུག་ཐད་ཀར་བུ་ག་བརྒྱུད་ནས་བརླན་སའི་བྱེ་རིམ་དུ་བཙུགས་ཆོག་པས། ཆུ་ཐེངས་གཅིག་བཏང་བས་ཀྱང་གསོན་ཐུབ་པ་ཡིན། ལོ་དེ་དག་གི་རིང་བལྟས་བལྟས་རིག་རིག་ལ་ལྗང་མདོག་གི་ཞིང་ཁམས་ཤིག་ཏུ་གྱུར་བ་རེད་ཟེར།
“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་བསྟུན་ནས། བྱེ་བཅོས་རྒྱུ་ཆ་སྔར་བས་ཕུན་སུམ་ཚོགས་པར་གྱུར་བ་དང་། སྐྱེ་དངོས་བྱེ་བཅོས་ཀྱི་སྡོང་བོའི་རིགས་གདམ་གསེས་བྱས་པའང་དེ་བས་མཐོ་སྒང་དང་གྲང་ངར་ཆེ་བའི་ས་བབ་དང་མཐུན། བྲ་ཚེར། ལྕང་སྡོང་སོགས་ཀྱི་སྡོང་ཕྲུག་དང་རྩྭ་འཁན་པ་སོགས་རྩི་ཤིང་གི་རིགས་དང་སྡེབ་ནས་འདེབས་འཛུགས་བྱས་ཏེ། “རྩི་ཤིང་དང་ཆུ་འདྲེན་ཟུང་འབྲེལ”གྱི་བཅོས་སྐྱོང་རྣམ་པ་གྲུབ་པར་བྱས། གྲང་ངད་བཟོད་ཐུབ་ལ་ཐན་སྐམ་བཟོད་ཐུབ་པ། བྱེ་རླུང་འགོག་ཐུབ་པའི་སྐྱེ་དངོས་འདི་དག་ནི། འཛེར་མ་རེ་རེ་དང་འདྲ་བར་གང་སར་རྒྱུག་པའི་བྱེ་སྒང་དག་གནས་གཅིག་ཏུ་གཏན་འཇགས་བྱས།
གཞི་གྲངས་ནི་གནད་དོན་གསལ་བཤད་བྱེད་ཐབས་ཆེས་ལེགས་ཤོས་ཤིག་ཡིན། ས་གྲུ་བཞི་ཞང་གི་བྱེ་འགྱུར་ས་ངོས་རྒྱ་ཁྱོན་གྱི་ཟིན་ཚད1956ལོའི་བརྒྱ་ཆའི་དགུ་བཅུ་གྲངས་ཆུང་གཉིས་བརྒྱད་ནས་ད་ལོའི་བརྒྱ་ཆའི12.3དུ་མར་ཆགས་ཡོད། སྔོན་ཆད་ཀྱི་བྱེ་རླུང་གིས་གང་སར་ཁེངས་པ་དང་དབུལ་ཞིང་ཕོངས་པའི་གནས་དེ་ལྗང་མདོག་གི་ཞིང་ཁམས་ཤིག་ཏུ་གྱུར་ཡོད། ས་གྲུ་བཞི་ནི་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་མཐོ་སྒང་སྐམ་ཤས་ཆེ་བའི་བྱེ་ཁུལ་གྱི་བྱེ་བཅོས་བྱེ་འགོག་གི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ལ། བྱེ་བཅོས་ཉམས་མྱོང་ཁྲོད་ནས་འཚོལ་ཞིབ་བྱས་པའི་ས་གཏིང་དུ་ཆུ་གཏོང་བའི་ནགས་བསྐྲུན་ལག་རྩལ་དེ་ཡང་ཞིང་ཆེན་ཡོངས་ཀྱི“བྱང་གསུམ”བཟོ་སྐྲུན་བྱེ་ཁུལ་བཅོས་སྐྱོང་ལག་ལེན་ཁྲོད་ཁྱབ་གདལ་དུ་སོང་ཡོད། བཟོ་སྐྲུན་བྱེ་བཅོས་ཀྱི་ཕྱོགས་ནས། མཐོ་སྒང་བྱེ་ཁུལ་གྱི་བྱེ་འགོག་སྒྲིག་ཆས་ལག་རྩལ་གྱི་ཚད་གཞི་ཁྱབ་སྒྲོག་བྱས།
བྱེ་འགོག་བྱས་རྗེས། ད་དུང་ལྗང་མདོག་ལ་སྲུང་སྐྱོང་བྱེད་དགོས། 2025ལོར། བྱེ་བཅོས་ཚོད་ལྟ་ས་ཚིགས་ཀྱིས་མཚོ་ལྷོ་ཁུལ་མདོ་དབུས་མཐོ་སྒང་གི་བྱེ་འགོག་སྐྱེ་དངོས་རྒྱལ་ཁབ་ནགས་རིགས་ཐོན་ཁུངས་ཀྱི་མཛོད་བཙུགས་པ་དང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་སོན་རྒྱུའི་ཐོན་ཁུངས་རྒྱལ་ཁབ་མཛོད་བཞི་པ་ཡིན་ལ། རྒྱལ་ཡོངས་ཀྱི་མཐོ་སྒང་ཐང་རྒོད་ས་ཁུལ་གྱི་བྱེ་སྐྱེས་རྩི་ཤིང་རྒྱལ་ཁབ་ནགས་རིགས་ཐོན་ཁུངས་མཛོད་ཀྱང་ཡིན།
ན་ནིང་གི་ཟླ4པ་ནས་བཟུང་། ཧྥན་ཝུན་ཞིའུ་དང་ཁོའི་ལས་གྲོགས་ཚོ་དུས་ཡུན་རིང་བའི“ཤིང་སྣ་འཚོལ་ཞིབ་ཀྱི་ལམ”དུ་བསྐྱོད། ཁོ་ཚོ་ཀན་སུའུ་དང་ནང་སོག ཞིན་ཅང་། ཉིང་ཞ་སོགས་སུ་སོང་སྟེ། བྱེ་ཐང་དང་མྱ་ངན་ཐང་ནས་སྐྱེ་སྟོབས་ལྡན་པའི་ཚེ་སྲོག་བཙལ། ཉི་མའི་ཚ་གདུག་དང་བྱེ་རླུང་ཁྲོད་ཁོ་ཚོས་རེ་རེ་བཞིན་འཚོལ་བསྡུ་དང་ཨང་སྒྲིག ཟིན་འགོད། འཛུགས་གསོ་བྱེད་པ་བཅས་བྱས།
“བྱེ་སྐྱེས་རྩི་ཤིང་གི་ས་བོན་ཐོན་ཁུངས་འཚོལ་བསྡུ་དང་ཉར་ཚགས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས། བྱེ་སྐྱེས་རྩི་ཤིང་སྤུས་ལེགས་བར་མ་ཆད་པའི་ངང་ནང་འདྲེན་བྱེད་པ་དང་། གྲང་ངད་བཟོད་ཐུབ་ཅིང་ཐན་འགོག་གི་ཁྱད་སྟོབས་ལྡན་པའི་རྩི་ཤིང་གི་རྒྱུ་ཆ་གདམ་གསེས་བྱས་ནས་འཛུགས་གསོ་བྱེད་པ། མདོ་དབུས་མཐོ་སྒང་ས་གནས་རང་གི་བྱེ་སྐྱེས་རྩི་ཤིང་གི་ས་བོན་ཐོན་ཁུངས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱེད་དགོས་པ་ལས་གཞན། དེའི་སྐྱེ་འཚར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།”ཧྥན་ཝུན་ཞིའུ་ཡིས་གོང་གི་སྐད་ཆ་འདི་བཤད་སྐབས། ཁོ་སྡོང་ཕྲུག་ར་བའི་ནང་བསྡད་དེ། གསར་དུ་འཛུགས་གསོ་བྱས་པའི་ལྕང་ཕྲུག་ཅིག་གཟབ་ནན་ངང་འཛུགས་བཞིན་ཡོད།
ས་བོན་ཐོན་ཁུངས་མཛོད་བཙུགས་པ་དེས་སྐྱེ་དངོས་བྱེ་བཅོས་ལ“ས་བོན་ཉིང་ལྷེབ”སྒྲིག་སྦྱོར་བྱས་པར་མ་ཟད། སྡེ་མིར་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་གསར་པའང་བཏོད།
ས་གྲུ་བཞི་སྡེ་བས་བྱེ་འགོག་བྱེ་བཅོས་ཀྱི་ཞབས་ཞུ་རུ་ཁག་བཙུགས་ནས། མི་ཉི་ཤུ་ནས་སུམ་ཅུ་དེའི་ནང་ཞུགས་ཏེ། ལས་ཀས་རྒུད་སྐྱོབ་ཀྱི་ཚབ་བྱས་པ་རེད། ཁོ་ཚོ་ས་གནས་རང་གི་བྱེ་བཅོས་ལས་སྒོའི་ཁྲོད་ཞུགས་ཀྱིན་ཡོད་པར་མ་ཟད། ཁོ་ཚོའི་ཁྲོད་ཀྱི་མི་རེ་འགའ་ད་དུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བྱེ་བཅོས་ལས་སྒོའི་ཁྲོད་ཞུགས་ཀྱིན་ཡོད། 2025ལོར་ལས་ཀས་རྒུད་སྐྱོབ་ཀྱི་ཚབ་བྱེད་པའི་ཐབས་ལམ་གྱིས་ངལ་རྩོལ་གྲོན་དངུལ་སྒོར་འབུམ་དགུ་ལྷག་མར་བྱིན་པ་དང་། ད་ལོར་སྔོན་དཔག་བྱས་ན་སྒོར་ས་ཡ་གཉིས་ལས་བརྒལ་བ་སྤྲོད་རྒྱུ་རེད། སྡེ་མིའི་སྒོར་ཁུག་ཇེ་མཐུག་ཏུ་ཕྱིན་པའི་འགྲོས་དང་བསྟུན་ནས་ཁོ་ཚོའི་བྱེ་བཅོས་ཀྱི་ངར་ཤུགས་ཀྱང་སྔར་ལས་ཇེ་ཆེར་སོང་།
པའོ་ཧྲོན་གྱིས་བཤད་རྒྱུར། སྔོན་རབས་པས་ཤིང་སྡོང་བཙུགས་ན། ཕྱི་རབས་པས་ཤིང་སྡོང་དེའི་བསིལ་གྲིབ་ལོངས་སུ་སྤྱོད་ཐུབ། རྒན་རབས་པས་བཏབ་པའི་ཤིང་སྡོང་ཚང་མ་ད་ཆ་གཅེས་ནོར་ངོ་མ་ཡིན། ལོ་རེའི་སྟོན་དུས་སུ་སྡེ་མི་ཚོས་ད་དུང་རི་རྩེ་ནས་ཤིང་རིགས་བྲ་མ་བསྡུ་ལེན་བྱས་ཏེ་ཕྱིར་འཚོང་བྱེད་ཀྱིན་ཡོད། “སྔོན་ཆད་ལ་མཚོན་ནས་བཤད་ན། བྱེ་མ་དངུལ་དུ་འགྱུར་ཐུབ་པ་སུས་ཡིད་ལ་འཁོར་ཐུབ། དེང་སྐབས་སྡེ་མི་ཚང་མས་ལྗང་མདོག་ནི་ གསེར་རི་དང་དངུལ་རི་ཡིན་པ་གསལ་བོར་ཤེས་ཡོད་ཟེར།
པའོ་ཧྲོན་གྱིས་སྡེ་བའི་ནང་གི་དོ་དམ་མི་སྣ22ཁྲིད་དེ། ཉིན་རེར་མི་རབས་འགའི་རིང་ལ་བཙུགས་པའི་ལྗང་མདོག་གི་ཞིང་ཁམས་དེར་སྐོར་སྲུང་བྱེད་ཀྱིན་མཆིས། ལྗང་མདོག་གི་ཞིང་ཁམས་དེ་ནི་ས་གྲུ་བཞིའི་ཡུལ་དུ་འཚོ་བའི་མི་རྣམས་ཀྱི་སྲོག་རྩ་ལྟ་བུ་ཡིན། སྐོར་སྲུང་གི་ལམ་དུ་ཁོས་དུས་རྒྱུན་གོམ་པ་སྤོ་མཚམས་བཞག་ནས། སྐྱེས་ནས་ཆེན་པོར་ཆགས་ཟིན་པའི་ཤིང་སྡོང་དེ་དག་ལ་རེག་ཐུག་བྱེད་ཀྱིན་ཡོད།
ས་ཕྱོགས་གྲུ་བཞི་རླུང་གི་ཕ་ས་དང་ཁ་འབྲལ་སྐབས་རླུང་སྔར་བཞིན་ཆད་མེད་དུ་གཡུག་བཞིན་ཡོད། དེ་ནི་པའོ་ཧྲོན་གྱིས། “རླུང་སྔར་བཞིན་མཚམས་མེད་དུ་གཡུག་བཞིན་ཡོད་ནའང་། ས་ངོས་སུ་བྱེ་མ་ཅི་ཡང་མེད”ཅེས་བཤད་པ་ནང་བཞིན་རེད།
དེ་སྔའི“བྱེ་རླུང་འུར་འུར་ལྡང་བའི”སྒྲ་རྣ་ལ་གཟན་པ་དེ་དེང་སྐབས“སྔོ་ལྗང་གིས་སྲུབས་མེད་དུ་ཁེབས་པ”ཞིག་ཏུ་གྱུར་འདུག དེང་སྐབས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགྲོས་དང་བསྟུན་ནས། བྱེ་རླུང་འུར་འུར་ལྡང་བའི་སྒྲ་རྣ་ལ་གཟན་པ་དེ་ཐོས་ཚད་ཉག་ཕྲ་བར་མ་ཟད། བྱེ་རྡུལ་གྱིས་གནམ་ངོ་བསྒྲིབས་འགྲོ་ཨང་སྙམ་པའི་རྣམ་པ་དེའང་མེད་པར་གྱུར་ཟིན། རྒྱུ་མཚན་ནི་ས་ཕྱོགས་གྲུ་བཞིའི་ཕྱོགས་བཞི་མཚམས་བརྒྱད་ལ་སྦྱར་སྡོང་དང་བྲ་ཚེར། ལྕང་སྡོང་སོགས་ཅི་རིགས་བཙུགས་ཏེ་རིམ་པར་ཆེ་རུ་གྱུར་ནས་ལྗང་མདོག་གི་ལྕགས་རི་བརྟན་པོ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་པའི་དབང་གིས་ཡིན།
དེང་གི་ཆར་ཡང་ས་གྲུ་བཞིའི་རླུང་སྔར་བཞིན་རྒོད་ནའང་། བྱེ་མ་རླུང་དང་བསྡེབས་ནས་འཚུབ་ཀྱིན་མེད་པར་ཤུལ་མེད་དུ་བཏང་འདུག
བྱེ་མ་འཚུབ་ནས་མི་འདེད་པ་དང་ལྗང་མདོག་གི་ལྕགས་རི་བསྐྲུན་ནས་བྱེ་མ་བཀག་པའི་བར་དུ། ས་གྲུ་བཞིས་ལོ་ངོ་དྲུག་ཅུ་ལྷག་གི་དུས་ཡུན་སྤྱད་དེ་མཐོ་སྒང་གི་བྱེ་བཅོས་ལོ་རྒྱུས་རིང་མོ་ཞིག་ངང་གིས་བརྩམས། དེ་མིན་ད་དུང་ལས་འཕྲོ་མ་བསྐྱུར་བར་མུ་མཐུད་འབད་འབུངས་བྱས་ཏེ། བྱེ་འགོག་བྱེ་བཅོས་ཀྱི་རྒྱུན་སྲོལ་མི་རབས་ནས་མི་རབས་བར་ཆད་མེད་དུ་སྣུར་སྲིང་བྱེད་ཀྱིན་མཆིས།
ཚེ་མགོན་རྒྱལ་དང་ལྷ་མོ་ཚེ་རིང་། ཁོན་ཐར་དབང་རྒྱལ། བན་དེ་སྐྱབས་བཅས་ཀྱིས་བསྒྱུར།