
དབྱར་འགོ་མའི་རླུང་བུ་གཙང་བོའི་འབྱུང་ཡུལ་དུ་ལྷོད་ཀྱིས་ལྡང་བ་ན། རི་ཀླུང་ཐང་གསུམ་ལྗང་ལྡེམ་ལྡེམ་དུ་གྱུར་ཏེ། བསིལ་ལྡན་གྲོང་ཁྱེར་ཞེས་གྲགས་པའི་ཟི་ལིང་དུ་འདུ་འཛིའི་ཡོ་ལང་རྒྱས་པར་གྱུར།
ཟི་ལིང་གི་སྲང་ལམ་གང་སར་གོམ་ཁ་བསྒྱུར་བ་ན། ག་ས་གང་དུ་འཚོ་བ་རོལ་གྱིན་པའི་ཉམས་སྣང་ཆེན་པོ་ཞིག་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་སྟེ། རྒྱ་ཁོག་ཟ་ཁང་དུ་འདུ་འཛི་ཧ་ཅང་ཆེ་ཞིང་། སྒོ་རྩིས་ཚོང་ཁང་དུ་མི་ཚོགས་ཀྱི་རྒྱུན་ནི་ཆུ་མོའི་བཞུར་སྒྲ་དང་འདྲ་བར་ཆད་མེད་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད། ད་དུང་ཟས་ཅོག་དང་དངུལ་བསྡུ་སྟེགས་བུའི་འགྲམ་དུ། དུས་རྒྱུན་ཐོས་ཐུབ་པའི་སྐད་ཆ་ཞིག་ནི། “འཛིན་ཤོག་ཅིག་སྟེར་རོགས། གོ་ཐོས་ལྟར་ན་སྒོར100ཡིས་འཛད་སྤྱོད་བྱས་ཚེ། རྒྱན་ལེན་པའི་གོ་སྐབས་ཐོབ་ཐུབ་ཟེར་གཱ”ཞེས་པ་དེ་རེད།
ཉིན་རེའི་འཛད་སྤྱོད་ལས་རིམ་ཁྲོད་མངོན་ཆུང་ངང་ཡིབ་ཡོད་པའི་འཛིན་ཤོག་ཆུང་ཆུང་དེས་ཁ་རོག་གེར་སྟོབས་ཤུགས་རྫོགས་མེད་ཅིག་ཕུལ་བཞིན་ཡོད། དེས་མི་དམངས་ཀྱི་ཟས་ཅོག་དང་ཉོ་སྒྲུབ་ཁུག་མ། ཉིན་རེའི་འགྲོ་སོང་བཅས་དང་བསྟུན་ནས་དམངས་ཕན་གྱི་དྲོད་ཁོལ་ལག་པའི་ཉེ་ས་རུ་སྐྱེལ་བཞིན་ཡོད་ཅིང་། ཁ་བཤད་དོན་ལ་གནས་པའི་ཡིད་ཆེས་ཀྱི་ས་བོན་དེ་ཁྲོམ་སྲང་གང་སར་འདེབས་ཀྱིན་ཡོད་པ་མ་ཟད། མཐོ་སྒང་གི་འཛད་སྤྱོད་ཁྲོམ་རའི་དཔྱིད་ཆུ་རྒྱས་པར་ངར་བསླངས་ཏེ། བསིལ་ལྡན་གྲོང་ཁྱེར་དུ་གྲགས་པའི་ཟི་ལིང་གྲོང་ཁྱེར་གྱི་འཛད་སྤྱོད་འཕེལ་རྒྱས་དང་དམངས་སྐྱིད་ཚོང་དར་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།
རྒྱལ་ཡོངས་ཀྱི་བྱ་དགའ་ཡོད་པའི་འཛིན་ཤོག་གི་ཚོད་ལྟའི་གྲོང་ཁྱེར་སྐོར་ཐེངས་དང་པོ་ཡིན་པའི་ཟི་ལིང་གྲོང་ཁྱེར་གྱིས། 2026ལོའི་ཟླ2པར། “ཟི་ལིང་དུ་དགའ་སྤྲོའི་ངང་ཉོ་སྒྲུབ་བྱེད་པ་དང་འཛིན་ཤོག་སྟེར་སྐབས་བྱ་དགའ་སྤྲོད་པའི”བྱེད་སྒོ་དངོས་སུ་སྤེལ་འགོ་བརྩམས་པ་ནས་བཟུང་། “འཛིན་ཤོག་བྱིན་མ་ཐག་བྱ་དགའ་ལེན་རྒྱུ་དང་དུས་བཅད་ལྟར་རྒྱན་ལེན་པ”ཡི་མི་དམངས་ལ་མཛའ་ཉེ་སྟོན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སིལ་འཚོང་དང་བཟའ་བཏུང་། ཞག་སྡོད། རིག་གནས་ལུས་རྩལ་ཡུལ་སྐོར། གྲོང་མིའི་ཞབས་ཞུ་སོགས་དམངས་འཚོའི་ལས་རིགས་བརྒྱད་ལ་ཁྱབ་པར་བྱས། ཐེངས་གཅིག་ལ་འཛད་སྤྱོད་བྱེད་ཚད་སྒོར100ལ་སླེབས་མ་ཐག་བྱ་དགའ་ཡོད་པའི་རྒྱན་ལེན་བྱ་འགུལ་ཁྲོད་ཞུགས་ཆོག་པ་དང་། བྱ་དགའི་དངུལ་སྒོར20ནས་སྒོར800བར་མི་འདྲ། རྒྱན་ལོན་པའི་མ་དངུལ་དུས་ཐོག་ཏུ་མི་སྒེར་གྱི་རྩིས་ཐོའི་སྟེང་ཐད་ཀར་རྒྱག་བཞིན་ཡོད་པས། སྟབས་བདེ་དང་མངོན་ལྐོག་མེད་པ། ཚོར་སླ་ཞིང་ཤེས་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན། དམངས་སེམས་དང་མཐུན་ཞིང་ས་བབ་དང་ཡུལ་ཁམས་དང་འཕྲོད་པའི་སྲིད་ཇུས་འདིས། གྲོང་མིའི་ལོ་མང་རིང་གི་འཛད་སྤྱོད་གོམས་གཤིས་ལ་འགྱུར་ལྡོག་བཏང་བར་མ་ཟད། མཐོ་སྒང་གི་འཛད་སྤྱོད་ཁྲོམ་ར་སླར་གསོ་ཡོང་བའི་ཐད་སྒུལ་ཤུགས་ཆད་མེད་བསྣན་ཡོད།
ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་དུ། གོ་ཧྥང་དངོས་ཟོག་ཉོ་ཚོང་ལྟེ་གནས་ཀྱི་ཧའེ་ཏིས་ལའོ་རྒྱ་ཁོག་ཇ་ཁང་དུ་དྲོད་ལམ་ལམ་གྱི་རྣམ་པས་ཁེངས་ཡོད། གྲོང་མི་སྐུ་ཞབས་ཀྲང་ལིན་གྱི་ཁྱིམ་མི་གང་བོས་རྒྱ་ཁོག་ཟས་ཚར་རྗེས། ཐད་ཀར་དངུལ་བསྡུ་སྟེགས་བུར་བུད་སོང་། སྔོན་ཆད་ཡིན་ན། ཁོས་ཟས་རིན་རྩིས་བརྒྱབ་རྗེས་འཛིན་ཤོག་ལེན་རྒྱུ་གཏན་ནས་ཡིད་ལའང་མི་འཁོར་ལ། ཚོང་བདག་གིས་ཀྱང་རྟག་ཏུ་འཛད་སྤྱོད་བྱས་ཟིན་པའི་འཛིན་ཤོག་ལ་དེ་འདྲའི་དང་དོད་བྱེད་ཀྱིན་མེད་ནའང་། དེང་སྐབས་འཛིན་ཤོག་ལེན་པ་དང་དྲ་ལམ་དུ་འཇོག་པ། འཛིན་ཤོག་ངོ་མ་ཡིན་མིན་ལ་ཞིབ་བཤེར་བྱེད་པ། བྱ་དགའ་ཡོད་མེད་ལ་ལྟ་བ་བཅས་ཀྱི་གོ་རིམ་ལ་མཐོང་ཆེན་བྱེད་ཀྱིན་འདུག ཉིན་དེར་གྲོང་མི་ཀྲང་ལིན་གྱིས་སྒོར225ཡི་འཛད་སྤྱོད་བྱས་པ་དང་། འཛིན་ཤོག་བླངས་རྗེས་ཐད་ཀར་རྒྱན་བབས་ཏེ་བྱ་དགའི་དངུལ་སྒོར80ཐོབ་པ་ན། ཁོ་དགོད་ཞོར་དུ་གཏམ་བཟང་དེ་རང་གི་ཁྱིམ་མི་ཚོར་མཉམ་སྤྱོད་བྱེད་ཞོར། “ཐེངས་སྔོན་མར་སྒོར50ཡི་རྒྱན་ཐོབ་པ་དང་། ད་ཐེངས་ཀྱང་སྒོར50ཐོབ་པ་གཉིས་བསྡོམས་ན་དེ་རིང་གི་ཟས་རིན་གྱི་ཕྱེད་ཀ་ཕྱིར་ཐོབ་འདུག་པ་འདྲ་བས། དངོས་གནས་སྐྱིད་པོ་རེད”ཟེར།
འཛད་སྤྱོད་པ་ཀྲང་ལིན་གྱིས་གསར་འགོད་པར་བཤད་རྒྱུར། བྱ་དགའ་ཡོད་པའི་འཛིན་ཤོག་གིས་གྲོང་མིའི་རྒྱུན་ལྡན་གྱི་འཛད་སྤྱོད་ལ་རེ་ལྟོས་ཆེན་པོ་ཡོད་པར་གྱུར་ལ། དྲོད་ཁོལ་གྱི་བསམ་པའང་ཆེ་ནས་ཆེ་རུ་བཏང་ཡོད་པ་ལས་གཞན། རང་གི་ཉེ་འགྲམ་དུ་ཡོད་པའི་གཉེན་ཉེ་དང་གྲོགས་པོ་ཚང་མས་སྲིད་ཇུས་དེའི་དབང་གིས་ཁྱིམ་ནས་སྒོར་ཡོང་སྟེ། ཟ་ཁང་དུ་འཛད་སྤྱོད་བྱེད་སེམས་ཆེ་རུ་བཏང་ཡོད་ཟེར། ཅང་མ་འགོར་བའི “ལྔ་གཅིག”གི་ངལ་གསོའི་སྐབས་སུ། གྲོང་མི་ཀྲང་ལིན་གྱིས་ཆེད་དུ་གཉེན་ཉེ་དང་གྲོགས་པོ་ཚོ་ཁྲིད་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལུག་རྩིབས་བཙོས་མ་རོལ་མྱོང་བྱེད་པར་སོང་ཞིང་། ཟོས་ཚར་རྗེས་རྩིས་རྒྱག་སྐབས་སྔར་སྲོལ་བཞིན་འཛིན་ཤོག་བླངས་ནས་རྒྱན་བླངས་པ་ན། བྱ་དགའི་དངུལ་འོས་འཚམ་ཞིག་བབས་པའི་དབང་གིས། ཁོ་གད་མོ་དགོད་བཞིན་རང་གི་གཉེན་ཉེ་དང་གྲོགས་པོ་ཚོར་དགའ་སྣང་ཆེ་བའི་བྱ་བ་དེ་མཉམ་སྤྱོད་བྱས་པ་མ་ཟད། ཁོས་མི་འཕྲད་ཚད་ལ་ཟི་ལིང་གི་སྲིད་ཇུས་འདིའི་བཟང་ཆ་བཤད་ཅི་ཐུབ་བྱེད་ཀྱིན་ཡོད། བབ་ཆགས་ཀྱི་བསྟོད་བསྔགས་ཚིག་གཅིག་པོ་འདིས་མང་ཚོགས་ཀྱིས་དམངས་ཕན་བྱེད་ཐབས་ལ་ལྷག་བསམ་ཟོལ་མེད་ངང་ཁས་ལེན་བྱས་ཟིན་པ་མཚོན་ཐུབ།
གོང་གསལ་གྱི་འདི་ལྟ་བུའི་འཕོ་འགྱུར་རིགས་ནི་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ཧའེ་ཏིས་ལའོ་རྒྱ་ཁོག་ཟ་ཁང་གཉིས་ཀའི་ནང་ཉིན་རེ་བཞིན་བྱུང་བཞིན་ཡོད། ཧའེ་ཏིས་ལའོ་ཡི་ཚོང་བདག་ཀུའོ་ཅིན་ཉིན་གྱིས་བཤད་རྒྱུར། “བྱེད་སྒོ་མ་སྤེལ་གོང་ངེད་རྒྱ་ཁོག་ཟ་ཁང་གཉིས་ཀྱིས་ཉིན་རེར་ཆ་སྙོམས་བྱས་ན་འཛིན་ཤོག30ནས50བར་མ་གཏོགས་སྟེར་མི་ཐུབ་ལ། མི་སྒེར་འཛད་སྤྱོད་པས་རང་འགུལ་ངང་འཛིན་ཤོག་ལེན་ཚད20%ཙམ་ལས་མེད། བྱ་དགའ་ཡོད་པའི་སྲིད་ཇུས་འདི་ཁྱབ་གདལ་བཏང་རྗེས། ངེད་ཟ་ཁང་གཉིས་ཀྱི་ཉིན་རེའི་ཆ་སྙོམས་འཛིན་ཤོག་སྤྲོད་ཚད150ནས200བར་འཕར་བ་དང་། འཛད་སྤྱོད་པས་རང་འགུལ་ངང་འཛིན་ཤོག་ལེན་ཚད80%བར་འཕར་ཡོད། ད་དུང་འཛད་སྤྱོད་པས་འཛིན་ཤོག་ལེན་པར་སྟབས་བདེ་བསྐྲུན་ཆེད། ངེད་ཟ་ཁང་གཉིས་ཀྱིས་ཆེད་དུ་འཛིན་ཤོག་ལེན་སའི་ལས་གནས་ཇེ་མང་དུ་བཏང་ནས། གྲངས་འཛིན་དང་གློག་འཕྲིན་གྱི་ལམ་ནས་འཛིན་ཤོག་སྟེར་བའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། འཛིན་ཤོག་ལེན་མཁན་མང་པོའི་དུས་སུ། སྐར་མ་གསུམ་མ་འགོར་བའི་ཡུན་ལ་འཛིན་ཤོག་འཛད་སྤྱོད་པའི་ལག་ཏུ་འཇོག་ཐུབ་པར་བྱས་ཡོད། ལས་མིས་ཆེད་དོན་གསོ་སྦྱོང་བྱས་པ་བརྒྱུད། སྒྲིག་སྲོལ་དང་བཀོལ་སྤྱོད། དོགས་གཞི་བཅས་ཁོང་དུ་ཆུད་པར་བྱས་པ་དང་། ལྷག་པར་དུ་ངོ་འདྲིས་སུ་སོང་ཡོད་པའི་རྒྱུན་ཕེབས་འཛད་སྤྱོད་པ་དང་ལོ་ལོན་ཚོར། ཟ་ཁང་ནང་གི་ལས་བྱེད་པས་གཅིག་གཏད་རྣམ་པས་མཛུབ་སྟོན་བྱས་ཏེ། ཕབ་ལེན་དང་ཐོ་འགོད། དྲ་ཐོག་ཏུ་འཇོག་པ། བྱ་དགའ་ཡོད་མེད་ལ་ཞིབ་བཤེར་བཅས་བྱེད་རོགས་བྱས་ནས། གྲོང་མི་དང་གྲོགས་པོ་ཚང་མར་གྲངས་འཛིན་གྱི་ཁེ་ཕན་དེ་ལོངས་སུ་སྤྱོད་ཐུབ་པར་བྱེད་ཀྱིན་ཡོད།
ཟ་ཁང་གི་ལས་སྒྲུབ་མི་སྣས་བཤད་པ་ལྟར་ན། གཟེངས་སྤྲོད་འཛིན་ཤོག་ནི་ཐད་ཀར་ཕབ་གཅོག་བྱེད་པ་ལས་ལྷག་ཏུ་རྒྱུན་མཐུན་རང་བཞིན་ལྡན་ལ། འཛད་སྤྱོད་བྱང་བུས་རྩིས་ཞུ་དང་བསྡུར་ན་ལྷག་ཏུ་སྟབས་བདེ་རེད། མང་ཚོགས་ནང་དུ་ཞུགས་འདོད་ཆེ་ལ། ཐོབ་ཚོར་ཤིན་ཏུ་ཆེ་བ་རེད། “སྲིད་ཇུས་བཟང་པོས་ཉོ་མཁན་དང་ཚོང་གཉེར་ཡོང་འབབ་གཉིས་ཀ་ཁྲིད་ཡོང་བར་མ་ཟད། ཟ་ཁང་ལས་གཉེར་ཚད་ལྡན་དང་། ཁྲིམས་ལྟར་འཛིན་སྤྲོད། ཡིན་རྟོན་ཞབས་ཞུའི་ཐད་ཇེ་ལེགས་སུ་བཏང་ཞིང་། ཡིན་རྟོན་ལས་གཉེར་དེ་ཆེས་མཛེས་པའི་མཚན་བྱང་དུ་བཏང་བས། དཔལ་འབྱོར་ནུས་ཕྱོད་དང་སྤྱི་ཚོགས་ནུས་ཕྱོད་གཉིས་དུས་མཉམ་དུ་མཐོར་འདེགས་བྱུང་བ་མངོན་འགྱུར་བྱུང”ཞེས་ཀུའོ་ཅིན་ཉིན་གྱིས་བཤད།
ཚོང་ར་འཕེལ་བ་ཡིས་དམངས་འཚོའི་དྲོད་ཚད་ལྷག་ཏུ་མཐོང་། གལ་ཏེ་ཟ་ཁང་གི་འགྱུར་ལྡོག་ནི་ཐད་ཀར་ཚོར་བའི་འཚོ་བའི་སྣང་བརྙན་དེ་ཡིན་ན། མང་ཚོགས་ཀྱིས་ཉིན་རྒྱུན་འགྲོ་བའི་སྒོ་རྩིས་ཚོང་ཁང་ལས། འཛིན་ཤོག་ཆུང་ངུ་ཞིག་གིས་འགྱུར་ལྡོག་ཤུགས་ཆེར་བཏང་བ་ལྷག་ཏུ་མཚོན་ཐུབ།
ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧའེ་ཧུའུ་ཁུལ་གསར་གྱི་དབྱི་ཅ་ཆིན་སྒོ་རྩིས་ཚོང་ཁང་གི་ཚོང་བདག་ཝེ་ཀྲིན་གྱིས་ཉིན་རྒྱུན་དུ། འཛིན་ཤོག་སྤྲད་པའི་གྲངས་ཀ་ཞིབ་བཤེར་བྱེད་བཞིན་ཡོད་ལ། འཕར་ལྡིང་བྱེད་བཞིན་པའི་གྲངས་ཀ་འདི་དག་ནི། ཁོའི་མིག་ནང་དུ་ཁྲོམ་ར་འཕེལ་བའི་ཆེས་དངོས་མཚོན་གྱི་བརྡ་རྟགས་ཡིན་པ་རེད།
བྱེད་སྒོ་མ་སྤེལ་གོང་། སྒོ་རྩིས་ཚོང་ཁང་གིས་ཉིན་རེའི་འཛིན་ཤོག་སྤྲད་ཚད་བརྒྱ་ལས་མེད་ལ། ཉིན་རེའི་འཛིན་ཤོག་སྤྲད་པའི་སྒོར་གྲངས3900ཙམ་རེད། ཉོ་མཁན་མང་ཤོས་ཀྱིས་སྔོ་ཚལ་དང་། ཉིན་སྤྱོད་དངོས་རྫས། འབྲུ་སྣུམ་ཞོར་ཟས་དག་ཉོས་རྗེས། དེ་མ་ཐག་འཛིན་ཤོག་ཆུང་བ་ཁྱེར་ནས་ལོག་འགྲོ་བས། ཕལ་ཆེར་རང་འགུལ་གྱིས་འཛིན་ཤོག་དགོས་ཟེར་བ་མི་འདུག གཟེངས་སྤྲོད་འཛིན་ཤོག་ལག་བསྟར་བྱས་རྗེས། སྒོ་རྩིས་ཚོང་ཁང་གིས་དུས་དང་པོར་དང་ལེན་བྱས་ཏེ། འཛུལ་སྒོ་དང་ཚོང་སྒྲོམ། དངུལ་བསྡུ་སྟེགས་བུ་སོགས་སུ་ཡིག་སྦྱར་དྲན་སྐུལ་བྱས་པ་དང་། ལས་མིས་འགྲུལ་པ་དང་འཕྲད་ན“སྒོར100ལོངས་རྗེས་འཛིན་ཤོག་བཀོལ་ནས་བྱ་དགའ་བླངས་ཆོག”ཅེས་གསལ་འདེབས་བྱས་ལ། ད་དུང་ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ནས་ལོ་ལོན་གྱི་བཀོལ་སྤྱོད་ཐད་རོགས་སྐྱོར་བྱས།
འཕོ་འགྱུར་བྱུང་བ་དོན་དངོས་ཡིན་ལ་ཆེས་ཆེར་མགྱོགས། ད་ལྟ། སྒོ་རྩིས་ཚོང་ཁང་གི་ཉིན་རེའི་འཛིན་ཤོག་སྤྲོད་ཚད990ལས་བརྒལ་ལ། ན་ནིང་གི་དུས་མཉམ་ལས་འཕར་ཚད890%ལ་སླེབས་པ་དང་། ཉིན་རེའི་འཛིན་སྤྲད་སྒོར་ཆིག་ཁྲི་དགུ་སྟོང་ལ་སླེབས་ཤིང་། འཕར་ཚད387%ལས་བརྒལ། ཟླ5བའི་ཚེས6ཉིན་བར་དུ། ཚོང་ཁང་གི་འཛིན་ཤོག་སྤྲད་ཚད་བསྡོམས་རྩིས་བྱས་ན་དགུ་ཁྲི་དྲུག་སྟོང་ལས་བརྒལ་ལ། 90%ཡན་གྱི་ཉོ་མཁན་གྱིས་འཛད་སྤྱོད་བྱས་རྗེས་རང་འགུལ་གྱིས་ཨང་བཤེར་འཛིན་ཤོག་བླངས་ཡོད། “འཛད་སྤྱོད་བྱས་རྗེས་འཛིན་ཤོག་ལེན། འཛིན་ཤོག་བླངས་རྗེས་བྱ་དགར་ཞུགས”པའི་ཚུལ་དེ། དོན་དག་གསར་བ་ནས་རྒྱུན་ལྡན་གྱི་གོམས་སྲོལ་དུ་གྱུར་ཡོད།
སྒོ་རྩིས་ཚོང་ཁང་གིས་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། གཟའ་མཇུག་དང་དུས་ཆེན་གུང་གསེང་ཉིན་མོར་སླེབས་ན། སྒོ་རྩིས་ཚོང་ཁང་གིས་འགྲུལ་ཚད་སྔོན་དང་བསྡུར་ན་བརྒྱ་ཆའི་དགུ་གྲངས་ཆུང་གཅིག་བརྒྱད་ལ་སླེབས་པ་དང་། ཕྱིར་འཚོང་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་གྲངས་ཆུང་གསུམ་བཞི་འཕར་ཡོད་ལ། སོས་གསར་དང་ཉིན་སྤྱོད་དངོས་རྫས། ཞོར་ཟས་སོགས་དམངས་འཚོ་དངོས་རྫས་རིགས་ནི་རྒྱུན་ཆད་མེད་པར་ཇེ་བྲིན་དུ་ཕྱིན་ཡོད། སྒོ་རྩིས་ཚོང་ཁང་གི་ཟས་རིགས་བརྒྱ་ཟོང་འགན་ཁུར་བ་ལི་ཀོ་ལན་གྱིས་བཤད་རྒྱུར། “ད་ལྟ་ཉོ་མཁན་གྱིས་རྗེས་དེད་ནས་འཛིན་ཤོག་ལེན་ལ། རང་འགུལ་གྱིས་ཞུགས་བཞིན་ཡོད། གཟེངས་སྤྲོད་འཛིན་ཤོག་བྱེད་སྒོ་ཡིས་ཚོང་ཁང་གི་ཞབས་ཞུ་སྔར་ལས་ཞིབ་ཚགས་སུ་བཏང་ལ། དོན་དངོས་སྟེང་མི་གྲངས་བསྡུས་ཤིང་། ཚོང་ལས་དར་ལ་མི་སེམས་དྲོ་བར་བྱས་ཡོད”ཟེར།
ཟས་ཐུན་གཅིག་ནས་འབྲུ་སྣུམ་བཟའ་བཅའ་དང་། གྲོང་ཁྱེར་ཚོང་ཚོམས་ནས་སྲང་སྣེའི་ཚོང་ཁང་ཆུང་བའི་བར་དུ། འཛིན་ཤོག་ཆུང་ཆུང་ཞིག་གིས་གྲོང་ཁྱེར་ཞིག་གི་འཛད་སྤྱོད་དཔལ་ཡོན་བསྐྱར་བཞེངས་བྱེད་བཞིན་ཡོད། སྔོན་ཆད་ཀྱི“འཛད་སྤྱོད་བྱས་རྗེས་འཛིན་ཤོག་མི་ལེན། ཚོང་ཁང་བདག་པོས་འཛིན་ཤོག་མི་སྤྲོད”པའི་གོམས་སྲོལ་རྙིང་བ་དེ། རིམ་པ་བཞིན་དུ“མི་ཚང་མས་འཛིན་ཤོག་ལེན་ལ། ཁྱིམ་ཚང་མས་ཚད་ལྡན་ལྟར་ལེན”པའི་ཁ་ཕྱོགས་གསར་བ་ཞིག་གིས་ཚབ་བྱས་ཡོད། ཁྲིམས་ལྟར་ཁྲལ་འཇལ་དང་། ཁྲལ་རོགས་ཁྲལ་སྲུང་། ཡིད་རྟོན་ལས་གཉེར་བྱེད་པའི་འདུ་ཤེས་དེ། མང་ཚོགས་འཚོ་བའི་རང་འགུལ་གྱི་ལས་སྒོའི་ནང་དུ་འདྲེས་ཚར་ལ། འཛད་སྤྱོད་ཁྲོམ་ར་བདེ་ཐང་རིམ་ལྡན་ངང་གོང་འཕེལ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
སྲིད་ཇུས་གནད་དུ་འཁེལ་བར་སིམ་པར་བྱས་པས་ཁྲོམ་རའི་གསོན་ཤུགས་ལྷོག་ལྷོག་འཕྱུར། ཟི་ལིང་གྲོང་ཁྱེར་གཟེངས་སྤྲོད་འཛིན་ཤོག་ཚོད་ལྟའི་ས་གནས་དང་འཛད་སྐུལ་བྱེད་སྒོ་སྣ་ཚོགས་མཉམ་སྤེལ་མཉམ་འགུལ་བྱས་པས། ད་ལོའི“ལྔ་གཅིག”གུང་གསེང་སྐབས་སུ་ལས་ཆོད་ཆེས་ཆེར་རྒྱས་སུ་བཅུག “ལྔ་གཅིག”གུང་གསེང་སྐབས་སུ། ཟི་ལིང་གྲོང་ཁྱེར་དུ་ཡར་སྤྲོད་འཛིན་ཤོག་འབུམ་གཉིས་ཁྲི་གཅིག་སྟོང་དགུ་དགུ་བརྒྱར་སླེབས་པས། ཐད་ཀར་དུ་ཞག་སྡོད་དང་ཟ་ཁང་། རིག་གནས་ཡུལ་སྐོར། སྡོད་དམངས་ཞབས་ཞུ་སོགས་འཛད་སྤྱོད་སྒོར་གྲངས་དུང་ཕྱུར་གཅིག་དང་ས་ཡ་བདུན་ལས་བརྒལ་བ་དང་། འཛིན་ཤོག་ཆུང་ཆུང་གིས་ཁྲོམ་ར་ཆེན་པོ་དངོས་སུ་སྒུལ་བྱུང་།
ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུའུ་ཁྲོམ་ར་འཁོར་སྐྱོད་སྙོམ་སྒྲིག་དང་སྒྲིག་རིམ་ཚན་ཁག་གི་འགོ་གཙོ་ཀྲའོ་ལིན་ཏི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ5པའི་ཚེས10ཉིན་གྱི་ཆུ་ཚོད23དང་སྐར་མ59ཡི་བར་དུ། ཟི་ལིང་གི་གཟེངས་སྤྲོད་འཛིན་ཤོག་བྱེད་སྒོ་ཡིས་གྲུབ་འབྲས་འབུར་དུ་ཐོན་པ་སྤྲད་ལ། ཟབ་ཞུགས་ཁེ་ལས་སྔ་རྗེས་སུ་ཁྲི་གཅིག་སྟོང་བཞིར་སླེབས་ཤིང་། ཟབ་ཞུགས་མི་གྲངས་འབུམ་གསུམ་ཁྲི་བདུན་སྟོང་བཞིར་སླེབས། ཁྲལ་དོན་མ་ལག་གིས་ཞིབ་བཤེར་བྱས་པ་བརྒྱུད། འཛིན་ཤོག་གྲངས་ཀ་ས་ཡ་གསུམ་འབུམ་གཉིས་ཁྲི་དྲུག་བཤེར་སྤྲོད་བྱས་ཤིང་། འཛིན་ཤོག་སྒོར་གྲངས་ཐེར་འབུམ་གཅིག་དུང་ཕྱུར་ལྔ་བྱེ་བ་གསུམ་ས་ཡ་བརྒྱད་དང་། འཛིན་ཤོག་ཁྲལ་གྲངས་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་དགུ་སླེབས་ལ། གཟེངས་སྤྲད་བྱ་དགའི་སྒོར་སྔ་རྗེས་སུ་བྱེ་བ་བདུན་འབུམ་དྲུག་ཁྲི་དགུར་སླེབས་པས། མ་དངུལ་བཀོལ་ཚད1:21:77རེད། འདི་ཡིས་སྒོར་གཅིག་རེའི་བྱ་དགའི་དངུལ་བཞག་ན། སྒོར22ཙམ་གྱི་ཁྲོམ་རའི་འཛད་སྤྱོད་སྒུལ་ཐུབ་པ་མཚོན་པ་རེད། སྲིད་ཇུས་ཀྱི་འདེགས་ཤིང་ནུས་པ་ཡོངས་སུ་སྤེལ་བས། འཛད་སྤྱོད་ཀྱི་བག་ཤུགས་བསླངས་ལ། ཁྲོམ་རའི་ཡིད་ཆེས་ཀྱང་རྒྱས་སུ་བཅུག་པས། སྲིད་གཞུང་གིས་དམངས་འཚོ་ལ་ཕན་ཞིང་འཕེལ་རྒྱས་ལ་སྐུལ་བའི་འགྱུར་མེད་ཆོད་སེམས་དེ་ལྷག་ཏུ་མཚོན་ཐུབ་པ་རེད།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ཁྲོམ་ར་འཁོར་སྐྱོད་སྙོམ་སྒྲིག་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ལི་མུན་གྱིས་བཤད་རྒྱུར། གཟེངས་སྤྲོད་འཛིན་ཤོག་ཚོད་ལྟའི་ས་གནས་སྤེལ་བ་ནི། མཚོ་སྔོན་ཞིང་ཆེན་གྱིས་དངོས་འཛིན་ཞིབ་འཛིན་གྱིས་འཛད་སྤྱོད་མཐོར་འདེགས་དང་། ཚོང་རའི་འཚོ་བར་གསོན་ཤུགས་སྩོལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་ཇུས་བརྒྱུད་དེ་བཅད་ཁ་ཆུང་ཆུང་གིས་འཛད་སྤྱོད་ཁྲོམ་ར་ཆེན་པོ་སྒུལ་བ་རེད། མཚོ་སྔོན་གྱིས་དམངས་ཕན་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། མི་གྲངས་བསྡུས་ཤིང་ཚོང་ལས་དར་དུ་བཅུག་ལ། ཁྲོམ་ར་བརྟན་བརླིང་དུ་བཏང་ནས། ཟུར་མང་ཤུགས་འདོན་གྱིས་འཛད་སྤྱོད་ཁོར་ཡུག་ཇེ་རྒྱས་དང་། འཛད་སྤྱོད་བག་ཤུགས་ཕྱིར་སྤེལ་བྱས་ཏེ། འཛད་སྤྱོད་བརྟན་པོར་ཕྱིར་འཕར་བར་རྨང་གཞི་བརྟན་པོ་བཏིང་བ་རེད།
བྱ་དགའ་ཡོད་པའི་འཛིན་ཤོག་ལས་བྱུང་བ་ནི་འཛད་སྤྱོད་བྱེད་ཚད་ཇེ་ཆེར་སོང་བ་ཙམ་མ་ཡིན་པར། ཁྲོམ་ར་བཅོས་སྐྱོང་བྱེད་ཚད་ལེགས་བཅོས་དང་དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བཞིན་ཡོད། རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་མཚོན་ནས་བཤད་ན། འཛིན་ཤོག་བླངས་མ་ཐག་བྱ་དགའ་སྟེར་བའི་བདེ་སྐྱིད་ཆུང་ངུ་དང་དུས་བཅད་ལྟར་འཛིན་ཤོག་བླངས་ཆོག་པའི་དགའ་ཚོར་ཆེན་པོས་སྲིད་ཇུས་ཀྱི་ཁེ་ཕན་ཐད་ཀར་ལོངས་སུ་སྤྱོད་ཐུབ་པར་བྱས་ནས་ཁོ་ཚོའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་ལ། རིགས་སོ་སོའི་ཚོང་གཉེར་པ་རྣམས་ཀྱི་ངོས་ནས་བཤད་ན། ཡིད་རྟོན་ཚོང་གཉེར་དང་ཚན་ལྡན་སྒོས་འཛིན་ཤོག་ལེན་པ་ལས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ནས་འཛད་སྤྱོད་པ་དང་ཚོང་གཉེར་ཡོང་འབབ། དགའ་བསུ་ཐོབ་ཚད་བཅས་དུས་གཅིག་ཏུ་ཇེ་མང་དུ་སོང་སྟེ་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་ཡོད། སྲིད་གཞུང་གི་བཅོས་སྐྱོང་ལ་མཚོན་ནས་བཤད་ན། དམངས་ཡོངས་རང་རྟོགས་ངང་འཛིན་ཤོག་ལེན་པའི་བྱེད་སྒོའི་ཁྲོད་ཞུགས་པ་དེས་ཁྲལ་ཁུངས་ཀྱི་རྨང་གཞི་ནུས་ཡོད་སྒོས་སྲ་བརྟན་དུ་བཏང་ཡོད་པ་དང་། ཁྲལ་བསྡུ་དོ་དམ་སྤུས་འབྲས་ཇེ་མཐོར་བཏང་ཡོད་པ་མ་ཟད། ནོར་སྲིད་ཡོང་འབབ་ཇེ་མང་དུ་འགྲོ་བ་དང་ཁྲོམ་ར་ཚད་ལྡན་ཡིན་པ། འཛད་སྤྱོད་རིམ་སྤོར་གྱི་འཁོར་སྐྱོད་བཟང་བོ་གྲུབ་པར་བྱས་ནས་སྲིད་གཞུང་དང་ཚོང་ཁང་། འཛད་སྤྱོད་པ་བཅས་ཕྱོགས་གསུམ་མཉམ་རྒྱལ་མངོན་འགྱུར་བཟང་བོ་བྱས་ཡོད།
སྲིད་ཇུས་བྱེད་ཐབས་དེར་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་གནད་འགག་ནི་དངོས་ཡོད་གནས་ཚུལ་དང་བསྟུན་ཞིང་མང་ཚོགས་ཀྱི་བཟའ་བཏུང་དང་ཚོང་ཟོག་ཉོ་བའི་དགོས་མཁོ་དང་དམ་པོར་སྦྲེལ་ནས་སྟབས་བདེ་ཡིན་ལ་ལག་བསྟར་བྱེད་སླ་བའི་བྱེད་ཐབས་སྤྱད་དེ། མང་ཚོགས་ལ་ཕན་ཁེ་བཟང་བོ་ཐོབ་ཏུ་བཅུག་པ་དང་ཚོང་ཁང་ལ་འབད་འཐབ་ཀྱི་ཁ་ཕྱོགས་ཡོད་པར་བྱས་པ། ཁྲོམ་རར་གསོན་ཤུགས་བསྣན་པ་དེ་ཡིན། ད་ལོའི་དུས་ཚིགས་དང་པོར། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུང་ཕྱུར་དྲུག་བྱེ་བ་གཅིག་ལ་སླེབས་ནས། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གཉིས་གྲངས་ཆུང་གཅིག་འཕར་ཏེ། རྒྱལ་ཡོངས་ཀྱི་ཨང་བཅུ་དྲུག་པ་དང་ནུབ་བྱང་གི་ལྗོངས་ཞིང་ལྔའི་ཨང་གཉིས་པར་སླེབས་ནས་འཛད་སྤྱོད་རྣམ་པ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ཟི་ལིང་གི་བྱ་དགའ་ཡོད་པའི་འཛིན་ཤོག་གི་ཚོད་ལྟའི་བྱེད་ཐབས་ཀྱིས་ཁྲོམ་ར་ཆེན་པོར་གསོན་ཤུགས་ལེགས་པོ་བསྩལ་ནས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་སླར་གསོ་ཐད་ནུས་ཤུགས་བསྩལ་བ་མ་ཟད། དམངས་ཕན་ཚོང་དར་དང་བཅོས་སྐྱོང་ནན་མོ་བྱེད་པར་ཉམས་མྱོང་བཟང་བོ་བསགས་ཡོད།
ད་ལྟ། མཁར་ཁུལ་གྱི་ཚོང་ཚོམས་ནས་ཁྲོམ་སྲང་གི་ཚོང་ཁང་ཆུང་ངུ་གང་ཡིན་ཡང་རང་རྟོགས་ངང་འཛིན་ཤོག་ལེན་དུ་འཇུག་པ་ནི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་ལ། སྤྱིར་བཏང་གི་འཛད་སྤྱོད་འཛིན་ཤོག་ཅིག་གིས་མང་ཚོགས་ཀྱི་ཉིན་རྒྱུན་གྱི་དགོས་མཁོ་སྐོང་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་གྱི་ཁྲོམ་རར་གསོན་ཤུགས་སྩོལ་བཞིན་ཡོད། བཟའ་བཏུང་ཚོང་ཁང་ནས་དམངས་ཕན་སྒོ་རྩིས་ཁང་བར་དང་གྲོང་ཁྱེར་སྡོད་དམངས་ཀྱི་ལྷད་མེད་ཀྱི་འཛུམ་མདངས་ནས་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བཞིན་པའི་དཔལ་འབྱོར་གཞི་གྲངས་བར། ཟི་ལིང་གིས་དམངས་འཚོའི་དོན་དག་ཆུང་ངུ་ནས་འགོ་བརྩམས་ཏེ་ཕན་ཁེ་དངོས་ལ་བརྟེན་ནས་འཛད་སྤྱོད་འདོད་བློ་བསྐྱེད་པ་དང་། ཞབས་ཞུ་བཟང་བོར་བརྟེན་ནས་གྲོང་ཁྱེར་སྡོད་དམངས་ཀྱི་དགོས་མཁོ་བསྐངས་ཏེ་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་རྒྱས་སུ་བཅུག་པ་མ་ཟད། གྲོང་ཁྱེར་བཅོས་སྐྱོང་ལ་སྔར་ལས་ཕན་འབྲས་ལྡན་པ་དང་མང་ཚོགས་ཀྱི་འཚོ་བར་སྔར་ལས་བདེ་སྐྱིད་ལྡན་པར་བྱས་ཡོད།
འཛིན་ཤོག་ཆུང་ཆུང་རེ་རེ་ཡིས་ཁྲོམ་སྲང་གི་འདུ་འཛི་ཇེ་ཆེར་བཏང་ཡོད་ལ། འཛད་སྤྱོད་སླར་གསོ་བྱུང་བ་ཡིས་མཐོ་སྒང་གི་འཕེལ་རྒྱས་ཕུགས་འདུན་བསྐྲུན་ཡོད། མིག་སྔའི་བར་དུ། ཟི་ལིང་གི་བྱ་དགའ་ཡོད་པའི་འཛིན་ཤོག་གི་ཚོད་ལྟའི་བྱེད་ཐབས་གཏན་འཇགས་སྒོས་ལག་བསྟར་བྱས་ནས་ཕན་འབྲས་བཟང་བོ་ཐོབ་ཡོད། ཚོད་ལྟའི་བྱེད་ཐབས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད། འབྲེལ་ཡོད་སྡེ་ཁག་གིས་རྒྱུན་ཆད་མེད་པར་ཞབས་ཞུ་ལེགས་སྒྱུར་དང་ཁྲིད་སྟོན་ལ་ཤུགས་སྣོན། འཁོར་སྐྱོད་ཚད་ལྡན་ཡོང་བ་བཅས་བྱས་ནས་དམངས་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཡིད་རྟོན་འཛད་སྤྱོད་འདུ་ཤེས་མི་སེམས་སུ་ཆགས་པར་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་སླར་གསོ་ཡོང་བར་སྒུལ་ཤུགས་ཆེན་པོ་བསྩལ།
འཛད་སྤྱོད་ནི་དམངས་འཚོའི་རྨང་གཞི་ཡིན་ཞིང་། འཕེལ་རྒྱས་ཀྱི་གདེང་ཚོད་དེ་བས་ཀྱང་ཡིན། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་བྱེད་ཐབས་སྣ་ཚོགས་རྒྱུན་ཆད་མེད་པར་ལག་བསྟར་བྱས་པ་དང་བསྟུན་ནས། མཐོ་སྒང་གི་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་བསྐྱེད་པ་དང་། ཁྲོམ་སྲང་གི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་དེ་སྔར་ལས་བརྟན་པོར་སྤོ་བཞིན་ཡོད།
བན་དེ་སྐྱབས་དང་སྙིང་བྱམས་ཚེ་རིང་། ལྷ་མོ་ཚེ་རིང་བཅས་ཀྱིས་བསྒྱུར།