
དཔྱིད་ཀྱི་དྲི་བཞོན་བུ་མོའི་ཕྱག་ཟུང་གིས་ཡང་ཡང་བྱིལ་བྱིལ་གནང་བས། གནས་འདིའི་སྐྱེ་དངོས་ཀུན་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཡོད་ལ། “རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར”དུ་བསྔགས་པའི་གནས་མཆོག་འདི་རུ། ཞིང་ལས་དང་འབྲེལ་བའི་ཐོན་ལས་སྐོར་ཞིག་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་ཡོད།
ཟླ4བའི་ཚེས18ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་གྱི་མཚོ་སྔོན་ཕྱོགས་བསྡུས་ཤ་མོ་ཞིང་ལས་ཚད་ཡོད་ཀུང་ཟིའི་ཟས་ཆོག་པའི་ཤ་མོའི་ཐོན་ལས་རྟེན་གཞི་རུ་ཐོན་པ་དང་། འཕྲུལ་ཆས་ཀྱི་འཁོར་སྒྲ་དང་ལས་བཟོ་བའི་བྲེལ་འཚུབ་ཀྱི་སྣང་བརྙན་ལས་ཧ་ཅང་ཟིང་ཟིང་གི་རྣམ་པ་ཞིག་མངོན་ཡོང་།
ལས་གྲྭའི་ནང་དུ། དེང་རབས་ཅན་གྱི་ཤ་མོའི་ཐུམ་སྒྲིལ་ཐོན་སྐྱེད་ཀྱི་ལས་རིམ་ཧ་ཅང་མགྱོགས་མྱུར་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ལ། མ་རྨོས་ལོ་ཏོག་གི་ནང་སྙིང་དང་སྲིང་བལ་གྱི་འབྲུ་ཤུན། གྲོ་ཤུན་སོགས་ཀྱི་རྒྱུ་ཆ་དཀྲུག་པ་དང་ཐུམ་རྒྱག་པ། དུག་སེལ་དང་སོན་འཛུགས་སོགས་ཀྱི་གོ་རིམ་ཧྲིལ་བོར་བརྒྱུད་རྗེས། གང་རེ་གང་རེ་བྱས་ཡོད་པའི་ཟས་ཆོག་པའི་ཤ་མོའི་ཁུག་མ་རེ་རེར་གྱུར་ཡོད། “ད་སྐབས་ནི་ཐོན་སྐྱེད་བྱེད་ཚད་ཆེས་མང་བའི་དུས་སྐབས་ཤིག་ཡིན་ལ། ཉིན་རེར་ཤ་མོའི་ཁུག་མ5ཐོན་སྐྱེད་བྱེད་ཐུབ། ཤ་མོའི་ཁུག་མ་འདི་དག་རང་ཉིད་ཀྱིས་བཀོལ་སྤྱོད་བྱེད་པ་ལས་ད་དུང་ཧྲན་ཏུང་དང་ཧྲང་ཧའེ་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད་པས། ཚོང་ཟོག་མངག་ཐོ་འཚམས་མ་ཆད་པར་ཡོད།” ཐོན་སྐྱེད་པུའུ་ཡི་སྤྱི་གཉེར་བ་ཀྲུའུ་ཞའོ་ཀྲུང་གིས་འཁོར་ཁང་ལ་སྐོར་ཞིབ་བྱེད་ཞོར་དེ་ལྟར་ངོ་སྤྲོད་བྱས། ཁོས་ཐོན་སྐྱེད་ལས་རིམ་ལས་ཐོན་མ་ཐག་པའི་ཤ་མོའི་ཁུག་མ་བསྟན་ནས། ཤ་མོའི་ཁུག་མ་འདི་དག་གིས་ཤ་མོ་བདུན་ནས་བརྒྱད་ཐོན་སྐྱེད་བྱེད་ཐུབ་པས། དཔལ་འབྱོར་གྱི་རིན་ཐང་ཧ་ཅང་མཐོན་པོ་ཡོད་ཟེར།
མཚོ་སྔོན་ཕྱོགས་བསྡུས་ཤ་མོ་ཞིང་ལས་ཚད་ཡོད་ཀུང་ཟི་ནི་རེབ་གོང་གྲོང་ཁྱེར་གྱིས2025ལོའི་ཟླ11པར་ཚོང་འགུག་དངུལ་འདྲེན་དོན་འཁྱོལ་བྱས་པའི་དེང་རབས་ཞིང་ལས་ཀྱི་ཁེ་ལས་ཤིག་ཡིན། ཀུང་ཟིའི་མ་དངུལ་བཏང་ནས་ཏུན135ཡོད་པའི་ཚད་ལྡན་ཅན་གྱི་ཟས་སྤྱོད་ཤ་མོའི་འདེབས་འཛུགས་དྲོད་ཁང་འཛུགས་སྐྲུན་བྱས་པར་མ་ཟད། དེང་རབས་ཅན་གྱི་ཤ་མོ་ཐུམ་སྒྲིལ་ཐོན་སྐྱེན་ལས་རིམ་གྱི་ལྷུ་ལག་ཆ་ཚང་བཀོད་སྒྲིག་བྱས་ཏེ། ཤ་མོའི་ཐུམ་སྒྲིལ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱས། ཏུན135ཡོད་པའི་དྲོད་ཁང་ལས་གཞི་ཁྱོན་ཡོངས་ཐོན་སྐྱེད་ཚད་ཁུག་མ་ས་ཡ་གསུམ་འབུམ་དྲུག་ལ་སླེབས་ཐུབ་ལ། དེས་ས་ཁུལ་གཞི་ཁྱོན་ཅན་གྱི་ཤ་མོའི་ཐུམ་སྒྲིལ་ཐོན་སྐྱེད་ཀྱི་སྟོང་ཆ་བསྐང་ཡོད།
ད་ལོའི་ལས་མགོ་བརྩམས་མ་ཐག ཁེ་ལས་ལ་ཚད་བརྒལ་འཁྱོར་སྐྱོད་ཀྱི་རྣམ་པ་གྲུབ་པ་དང་། དེས་རེབ་གོང་ས་ཁུལ་གྱི་ཐོན་ལས་སྒྲིག་གཞི་ཕུན་སུམ་ཚོགས་པར་བྱས་ཡོད་ལ། ཐད་ཀར་ས་གནས་ཀྱི་མང་ཚོགས200ལྷག་ཉེ་འགྲམ་ནས་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས་ཡོད་པར་མ་ཟད། ལས་གནས་ལ་ཐོན་སྐྱེད་དང་འདེབས་འཛུགས། དོ་དམ། ཐུམ་སྒྲིལ་སོགས་ཀྱི་ལས་རིམ་འདས་ཡོད། ལས་བཟོ་བའི་ཉིན་རེའི་གླ་ཕོགས་སྒོར150ནས160གཏན་འཇགས་བྱས་ཡོད་པས། དོན་དངོས་ཐོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བརྒྱུད་ལམ་རྒྱ་བསྐྱེད་བྱས་ཡོད་ལ། གྲོང་གསེབ་དར་སྤེལ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ཡོད།
གསར་འགོད་པས་ཐོན་སྐྱེད་ལས་རིམ་མཇུག་མཐའ་རུ། ལོ་ན་གཞོན་ལ་ཧ་ཅང་གཟབ་ནན་ཡིན་པའི་རྒྱབ་གཟུགས་ཤིག་མཐོང་བྱུང་། ཁོ་མོའི་མིང་ལ་ལྷ་མོ་འཚོ་ཟེར། ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་པའི་རྩེ་ཁོག་གི་བུ་མོ་འདི་ཡིས། ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་དུག་སེལ་བྱས་པའི་ཤ་མོའི་ཁུག་མ་གོ་རིམ་ལྟར་སྒྲིག་བཞིན་འདུག
བྱ་བའི་བར་གསེང་ནས་ལྷ་མོ་འཚོ་ཡིས་གསར་འགོད་པར་བཤད་རྒྱུར།“ངའི་ཕ་ཡུལ་རྩེ་ཁོག་ཡིན། མཐར་ཕྱིན་རྗེས་འོས་འཚམ་གྱི་བྱ་བ་ཞིག་བཙལ་མ་ཐུབ་པས། ས་གནས་ལས་ཞུགས་སྡེ་ཁག་གིས་ལས་མི་བསྡུ་བའི་ཚོགས་འདུ་རྩ་འཛུགས་བྱས་པར་བརྟེན། ངས་འདི་རུ་ལས་ཞུགས་བྱས་པ་ཡིན།”ཟེར། ད་དུང“ཉིན་རེར་སྒོར150ཡོད་ལ། བཟོ་གྲྭས་ད་དུང་ཟ་འཐུང་དང་སྡོད་གནས་ལ་འགན་ལེན་བྱེད་པས། ཕ་ཡུལ་གྱི་ཉེ་འགྲན་ནས་ལས་ཞུགས་བྱས་ན་སེམས་ཧ་ཅང་བག་ཕེབས་པ་ཞིག་རེད།”ཟེར།
ལྷ་མོ་འཚོའི་འཛུམ་མདངས་ནི་ལས་གཞི་འདི་ཡིས་ལས་ཞུགས་སྐུལ་ཁྲིད་བྱས་པའི་སྣང་བརྙན་གསོན་པོ་དེ་ཡིན། ཁོ་མོ་དང་འདྲ་བར་ས་ཐག་རིང་པོར་གླ་རྒྱག་ཏུ་འགྲོ་རྒྱུའི་འཆར་གཞི་ཡོད་པའི་ན་གཞོན་མང་པོས་ད་སྐབས་ཕ་ཡུལ་གྱི་ཤ་མོ་ཐོན་སྐྱེད་ལས་ཡུལ་དང་དྲོད་ཁང་དུ་གཏན་འཇགས་ཀྱི་ཡོང་འབབ་ལེན་བཞིན་ཡོད།
འགྱིག་ཤོག་ནག་པོ་བཀབ་པའི་འདེབས་འཛུགས་དྲོད་ཁང་དུ་བརླན་གཤེར་གྱི་མཁའ་དབུགས་ཁྱབ་ཅིང་། ལས་བཟོ་པ་རྣམས་ཀྱིས་སེམས་ཆུང་གིས་འགྱིག་ཤོག་འགེབས་ཞོར་མངར་ཤ་རེ་རེ་གྲལ་འགྲིག་པོར་འཇོག་བཞིན་འདུག
ཀྲུའུ་ཞའོ་ཀྲུང་གིས་གསར་འགོད་པར་བཤད་རྒྱུར། ང་ཚོས་ས་ཐག་རིང་པོར་བརྒྱུད་དེ་ཐུན་རིན་ལ་ཡོང་ནས་བཟོ་གྲྭ་འཛུགས་དོན་ནི་གནས་འདིའི་དམིགས་བསལ་གྱི་འཁྱགས་གྲང་ནམ་ཟླར་བལྟས་པ་ཡིན་ཟེར། ཐུན་རིན་གྱི་མཚོ་འཕང་མཐོ་བ་དང་། ནམ་ཟླ་གྲང་ཞིང་བསིལ་ལ། ཉིན་མཚན་གྱི་དྲོད་ཚད་བར་ཁྱད་ཆེ་བས། ཤ་མོའི་རིགས་སྐྱེ་བར་འཚམ་པར་མ་ཟད། ཤ་མོའི་རིགས་དུས་མི་འདྲ་བར་འདེབས་འཛུགས་དང་ཁྲོམ་རར་ཕྱིར་ཚོང་བྱེད་ཐུབ།
ཁོས་ཤ་མོ་ཞིག་སྟོན་ཞོར་བཤད་རྒྱུར། ནང་ལོགས་ཀྱི་ས་ཁུལ་མང་པོར་དབྱར་དུས་དྲོད་ཚད་མཐོ་བའི་རྐྱེན་གྱིས་ཤ་མོ་སྐྱེ་མི་ཐུབ་པའི་སྐབས་དེར། ང་ཚོའི་མཐོ་སྒང་གི་རྟེན་གཞི་ཡིས་ཏག་ཏག་ཁྲོམ་རའི་སྟོང་ཆ་དེ་སྐོང་ཐུབ་ཟེར། འཁྱགས་གྲང་ནམ་ཟླ་དང་བྱེ་མའི་ས་རྒྱུའི་དགེ་མཚན་ལ་བརྟེན་ནས། ཀུང་ཟིས་ཐོན་སྐྱེད་བྱས་པའི་ཤ་མོའི་བབ་བསྟུན་རང་བཞིན་དྲག་ལ་སྤུས་ཀ་ལེགས་པས། ཐོན་རྫས་ཉོ་མཁན་ཧ་ཅང་མང་། མིག་སྔར། ཤ་མོ་དེ་དག་ཧྲན་ཏུང་དང་ཧྲང་ཧའེ། ཀྲུའུ་ཅང་ཟུར་གསུམ་གླིང་སོགས་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོར་ཕྱིར་ཚོང་བྱས་ནས། མཚོ་སྔོན་མཐོ་སྒང་གི་སྐྱེ་ཁམས་དགེ་མཚན་དེ་ཐོན་ལས་དགེ་མཚན་དུ་བསྒྱུར་བཞིན་ཡོད།
མཚོ་སྔོན་གྱི་ཕྱོགས་བསྡུས་ཤ་མོའི་ཞིང་ལས་ཚད་ཡོད་ཀུང་ཟི་མགྱོགས་མྱུར་ངང་འཛུགས་སྐྲུན་དང་ཡར་རྒྱས་གོང་འཕེལ་ཕྱིན་པ་དེ་ས་གནས་སྲིད་གཞུང་གི་གནད་ཁེལ་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་ལེགས་པོར་རག་ལས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་དངུལ་གཏོང་ལས་དར་ལས་མཚོ་སྔོན་སྔོན་ལ་འདེམ་པའི་ཚོང་རྟགས་ཀྱི་བྱེད་ཐབས་བཅོ་བརྒྱད་བཏོན་པ་ནས། ཁེ་ལས་དང་འབྲེལ་བའི་ཞབས་ཞུ་ལེགས་སྒྱུར་ནས་འཁྱགས་གྲང་ཐོན་རྫས་ཀྱི་ལྗང་ལམ་བགྲོད་ལམ་བཏོད་པའི་བར། ནུས་ཤུགས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་ཀྱི་གཤིན་ས་བསྐྲུན་ཡོད།
ཉིན་རེར་ཤ་མོ་ཁུག་མ་ཁྲི་ལྔ་ཐོན་སྐྱེད་བྱས་པ་ནས། ལྷ་མོ་འཚོའི་སེམས་ལ་དྲོད་འཁོལ་སྦྱིན་པའི་ཉིན་རེའི་གླ་ཕོགས་སྒོར་བརྒྱ་དང་ལྔ་བཅུའི་བར། དེ་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་ཚོང་བྱེད་འཆར་ཡོད་པའི་ལུག་གྲོད་ཤ་མོ་སླེ་བོ་གང་རེ་གང་རེ་གྲ་སྒྲིག་བྱས་ཡོད་པའི་བར་དུ། ཐུན་རིན་མཐོ་སྒང་གི་ས་གཞི་ཆེན་མོ་འདིར། ཟས་ཆོག་པའི་ཤ་མོའི་ཐོན་ལས་ཀྱིས་ཐོན་སྐྱེད་དང་ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཐོན་ལས་མུ་ཕྲེང་ཧྲིལ་བོ་གཅིག་ཏུ་སྦྲེལ་ཡོད་པར་མ་ཟད། གྲོང་གསེབ་དར་སྤེལ་གྱི་རེ་བའང་གཅིག་ཏུ་སྦྲེལ་ཡོད། ལས་གཞི་དེ་མཐོ་སྒང་སྐྱེ་ཁམས་ཀྱི་ས་ཁམས་དགེ་མཚན་ལ་རྐང་བཙུགས་ཤིང་། ཐོན་ལས་ཅན་དང་གཞི་ཁྱོན་ཅན། སྤུས་ལེགས་ཅན། ཚོང་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཐུན་རིན་གྱི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་གསར་བ་བསྐྲུན་ནས། ཐུན་རིན་གྱི་མིང་བྱང་གསར་བ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས།
ཀྲུའུ་ཞའོ་ཀྲུང་གིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། ལོ་གསར་བར། ང་ཚོས་ངར་ཤུགས་གཅིག་ཏུ་སྒྲིམ་ནས་འཛད་སྤྱོད་སྔར་ལས་མང་པོས་མཐོ་སྒང་གི་སྤུས་ལེགས་ཤ་མོའི་བྲོ་བ་མྱོང་ཐུབ་པར་བྱེད་དགོས་ལ། ཡུལ་མི་སྔར་ལས་མང་པོ་ཁྱིམ་དང་ཐག་ཉེ་ནས་ལས་ཞུགས་ཐུབ་པར་བྱེད་དགོས་ཟེར།
དཔྱིད་དུས་ཀྱི་ཐོ་རྒྱ་གྲོང་རྡལ་དུ། ཐོན་སྐྱེད་འཕྲུལ་ཆས་དང་ལས་བཟོ་པས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཤ་མོའི་རིགས་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ལོ་གསར་བར་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་པའི་འབད་འཐབ་ངར་ཤུགས་ཀྱིས་ཤ་མོའི་དྲི་ཞིམ་དང་བསྡོངས་ནས་མཐོ་སྒང་གི་ཡུལ་གྲུ་འདིར་ཡུལ་ལྗོངས་གསར་བ་ཞིག་བསྐྲུན་ཡོད།
ཁོན་ཐར་དབང་རྒྱལ་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།