

ས་གནས་མང་ཚོགས་ཀྱིས་གྲོ་མ་འཐུ་བཞིན་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གི་གྲོ་མ་འདེབས་འཛུགས་བྱེད་ས་དང་རི་སྐྱེས་སྐྱེ་དངོས་མང་པོའི་ས་ཁོངས་སུ་བསྐྱོད་པ་ན། ས་གནས་མང་ཚོགས་ཀྱིས་ལག་ཏུ་སླེ་བོ་བཟུང་སྟེ“མཐོ་སྒང་གི་དཀར་བོ་ཆིག་ཐུབ”ཏུ་གྲགས་ཤིང་སེ་ཡི་འདུས་ཚད་མཐོ་བའི་གྲོ་མ་འཐུ་བཞིན་ཡོད་ལ། བྲེལ་འཚུབ་ངང་ལོ་ལེགས་བསྡུ་བའི་རྣམ་པ་ཞིག་ངང་གིས་གྲུབ་ཡོད།
དཔྱིད་ཟླ་གསུམ་པར་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། མིན་ཡོན་རྫོང་དུ་གཅིག་བསྡུས་ཀྱིས་གྲོ་མ་འཐུ་བའི་དུས་ལ་སླེབས་ཤིང་། རོང་འབྲོག་མང་ཚོགས2000ལྷག་གིས་རང་ས་གནས་སུ་ལས་ཞུགས་བྱེད་པ་མངོན་འགྱུར་བྱུང་།
པའེ་ཧྲན་ཞང་ཧྲ་ཀོའུ་ལེང་སྡེ་བའི་ལོ་ང་བདུན་ལ་བུད་པའི་སྡེ་མི་མཱ་ཧྲིན་ཧྭ་ཡིས་བཤད་རྒྱུར། ལོ་ཉི་ཤུ་ལྷག་གི་རིང་གྲོ་མ་འཐུས་ནས་རང་གིས་ཟ་བ་དང་། གཉེན་ཉེ་དང་གྲོགས་པོར་བྱིན་པ་ཡིན། ཡིན་ཡང་ད་ལྟ་གྲོ་མ་ཆུང་ཆུང་དེ་ཕྱུག་འགྱུར་ཐོན་རྫས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།
མཱ་ཧྲིན་ཧྭ་ཡིས་ད་ལོའི་ཟླ3པའི་ཚེས20ཉིན་ནས་བཟུང་གྲོ་མ་འཐུ་འགོ་བརྩམས་ཤིང་། ཉིན་རེར་ཆ་སྙོམས་ཀྱིས་གྲོ་མ་སྤྱི་རྒྱ་བཅུ་ཙམ་འཐུས་ནས་མཉམ་ལས་ཁང་ལ་སྤྱི་རྒྱ་རེར་སྒོར་བཅུ་བཞི་ལྟར་གཅིག་གྱུར་ཕྱིར་འཚོང་བྱས་པས། གྲོ་མ་ཁོ་ནའི་ཡོང་འབབ་ལ་སྒོར་ལྔ་སྟོང་ནས་དྲུག་སྟོང་ལྷག་ཡོད།
མིན་ཡོན་རྫོང་ནི་མདོ་ལ་རིང་མོའི་དབུས་རྒྱུད་དུ་ཆགས་ཡོད་པ་དང་། ཐུན་མོང་མ་ཡིན་པའི་སེ་མང་ས་རྒྱུ་དང་གྲང་བསིལ་ཆེ་བའི་གནམ་གཤིས་ཀྱིས་སྤུས་ཚད་ལེགས་ཤིང་འཚོ་བཅུད་ཕུན་སུམ་ཚོགས་པའི་མིན་ཡོན་གྱི་གྲོ་མ་མང་པོ་ཐོན་བཞིན་ཡོད། འོན་ཀྱང་ས་གནས་འདིའི་གྲོ་མ་ནི་རི་སྐྱེས་སྔོག་འཐུ་གཙོར་བྱེད་བཞིན་ཡོད་ལ། བདག་གཉེར་ཁ་ཐོར་དང་ཚད་གཞི་མི་འདང་བ། ཕྱིར་འཚོང་ཐབས་ལམ་མི་བཟང་བ། རིན་གོང་དམའ་བ། མང་ཚོགས་ཀྱི་ཡོང་འབབ་དམའ་བ་སོགས་ཀྱི་ཞན་ཆ་མང་པོ་ཡོད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་གཅིག་འདོམས་སྐུལ་འདེད་འོག མིན་ཡོན་རྫོང་གི“མིན་ཡོན་གྱི་སེ་མང་གྲོ་མ”ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས་གསོ་སྐྱོང་བྱ་ཡུལ་གཙོ་བོའི་ཁྲོད་བཞག་ནས། སྲིད་གཞུང་གིས་ཁྲིད་སྟོན་དང་མཉམ་ལས་ཁང་གིས་རྩ་འཛུགས། ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པའི་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་པ་དང་། གྲོ་མ་འཐུ་བ་དང་ཉོ་བ། ལས་སྣོན། ཕྱིར་འཚོང་བཅས་ཀྱི་ཐོན་ལས་མུ་ཕྲེང་ཧྲིལ་བོ་བཏོད་དེ། ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དེ་དམངས་ཕྱུག་ཐོན་ལས་སུ་འགྱུར་བར་བྱས།
ངལ་ལས་སྤུས་རྟགས་ནི་ལས་ཞུགས་གཏན་འཇགས་དང་འབབ་འཕར་ལ་སྐུལ་སྤེལ། དར་སྤེལ་ལ་རོགས་འདེགས་བྱེད་པའི་གཞི་རྟེན་གཙོ་བོ་ཡིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ངལ་ལས་སྤུས་རྟགས་འཛུགས་སྐྲུན་བྱེད་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཛིན་བྱེད་གཙོ་བོར་བརྩིས་ནས། 《མཚོ་སྔོན་ཞིང་ཆེན་གྱི་ངལ་ལས་སྤུས་རྟགས་འཛུགས་སྐྲུན་བྱེད་པའི་ལག་བསྟར་བསམ་འཆར》བཏོན་ཏེ། མ་དངུལ་གྱིས་རྒྱབ་སྐྱོར་དང་རྩལ་ནུས་གསོ་སྦྱོང་། སྤུས་རྟགས་ཁྱབ་གདལ་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ནུས་ཤུགས་བསྩལ།
2023ལོར། མིན་ཡོན་གྱི་སེ་མང་གྲོ་མ་འཐུ་བ་དེ་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་ལྔ་པའི་ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས་ཁྲོད་བདམས་པ་དང་། མིན་ཡོན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གྲོ་མ་འཐུ་བའི་སྲོག་ཤིང་རྩལ་ནུས་ལ་དམིགས་ནས། མཉམ་ལས་ཁང་དང་འདེབས་འཛུགས་ཁྱིམ་ཚང་ཆེ་གྲས་དང་མཉམ་འབྲེལ་སྒོས་རྩལ་ནུས་གསོ་སྦྱོང་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཕན་ནུས་ལྡན་པའི་ངང་གྲོ་མ་འཐུ་བ་དང་ཚད་ལྡན་ངང་རིགས་དགར་བའི་རྩལ་ནུས་ཁོང་དུ་ཆུད་པར་བྱས་ནས། རྩལ་ནུས་ཇེ་ཆེར་གཏོང་བ་དང་རང་ས་གནས་སུ་ལས་ཞུགས་བྱེད་པ་མངོན་འགྱུར་བྱུང་།
“ཁེ་ལས་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་མཉམ་འབྲེལ”གྱི་གཏན་འཇགས་ཉོ་སྒྲུབ་ལམ་སྲོལ་གྱིས་རོང་འབྲོག་མང་ཚོགས་ཀྱི་སེམས་བདེ་རུ་བཅུག་ཡོད། དེང་སྐབས། གྲོ་མ་ཉོ་བསྡུའི་རིན་གོང་དེ་སྤྱི་རྒྱ་རེར་སྒོར12ནས16གི་བར་དུ་གཏན་འཇགས་ཡིན་པར་མ་ཟད། ད་དུང་ཉིན་དེར་རྩིས་སྤྲོད་བྱེད་ངེས།
“སྔོན་ཆད་ཚོང་ར་ནས་ཕྱིར་འཚོང་བྱེད་སྐབས། སྤྱི་རྒྱ་རེར་སྒོར་འགའ་རེ་ལས་མི་སྟེར་བ་དང་། རིན་གོང་ལ་འཕར་ཆག་ཆེན་པོ་ཡོད། ད་སྐབས་ཞིང་ཆེན་རིམ་པའི་སྤུས་རྟགས་ཡོད་པས། ཉོ་སྒྲུབ་རིན་གོང་བརྟན་བརླིང་དང་ཕྱིར་འཚོང་བརྒྱུད་ལམ་རྒྱ་ཆེར་བཏང་ཡོད་ལ། ས་གནས་གཞན་གྱི་ཚོང་བ་རང་འགུལ་གྱིས་ཚུར་མཉམ་ལས་བྱེད་དུ་འོང་བ་རེད།”མིན་ཡོན་རྫོང་ཝུན་ཆོན་འདེབས་འཛུགས་ཁྱིམ་ཚང་ཕྱུགས་རའི་འགན་ཁུར་བ་པའོ་ཞན་ཆོན་གྱིས་དེ་ལྟར་ངོ་སྤྲོད་བྱས། གྲོ་མའི་སྤུས་རྟགས་ནུས་པ་རྒྱུན་མཐུད་ངང་ཆེར་བསྐྱེད་བྱས་པས། ཐོན་ལས་འཕེལ་རྒྱས་ལ་སྔར་ལས་གདེང་ཚོད་ཡོད་པར་བྱས།
གྲོ་མ་འཐུ་བའི་དུས་ཚིགས་རང་བཞིན་ཧ་ཅང་མངོན་གསལ་ཡིན་པས། ལོ་རེའི་ཟླ3པ་ནས་ཟླ5པའི་བར་གྱི་གྲོ་མ་འཐུ་བའི་དུས་སྐབས་དང་ཞིང་འདེབས་དུས་ཚིགས་གཉིས་ཆབས་ཅིག་ཏུ་འཁེལ་མེད་པས། “ཁོམ་དུས་གྲོ་མ་འཐུ་བ་དང་། རྨོ་འདེབས་སྐབས་ཞིང་ལས་ལ་བརྩོན་པའི”ལས་ཞུགས་རྣམ་པ་གྲུབ་པར་བྱས་ཡོད་ལ། གནད་ལ་འཁེལ་བའི་སྒོ་ནས་ཞིང་སྡེའི་གཞིས་སྡོད་བུད་མེད་དང་རྒན་པ་སོགས་ཀྱི་ངལ་རྩོལ་ནུས་པར་བེད་ཆོད་པར་བྱས།
མིན་ཡོན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུའུ་ཧུང་གིས་གསར་འགོད་པར་ཡོང་འབབ་འཕར་སྣོན་བྱུང་བའི་རྩིས་ཤིག་བརྒྱབ། སྤྱིར་བཏང་གི་ལས་བཟོ་བ་ཞིག་གིས་ཉིན་རེར་སྤྱི་རྒྱ10འཐུ་ཐུབ་ལ། སྤྱི་རྒྱ་རེར་སྒོར12ཡིན། ཉིན་རེའི་ཡོང་འབབ་སྒོར120ཡིན། བྱང་ཆ་ལྡན་པའི་ལས་བཟོ་བ་ཞིག་གིས་ཉིན་རེར་གྲོ་མ་སྤྱི་རྒྱ12.5ནས་སྤྱི་རྒྱ15འཐུ་ཐུབ་ལ། ཉིན་རེའི་ཡོང་འབབ་སྒོར150ནས180ཡིན། གྲོ་མ་འཐུ་བའི་དུས་རིམ་ཧྲིལ་བོར། མི་རེའི་ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར3000ནས་སྒོར6000ཡིན་ལ། ལོ་ཧྲིལ་བོར་ལས་ཞུགས་ལ་སྐུལ་ཁྲིད་བྱས་པའི་མི་ཁྲི་གཅིག་ལྷག་བརྒལ་ཏེ། དོན་དངོས་ཐོག་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་བྱས་ཡོད། 2025ལོར། “མིན་ཡོན་གྱི་གྲོ་མ”ལ“རྒྱལ་ཡོངས་ཞིང་ལས་ཐོན་རྫས་མིང་གྲགས་ཅན”གྱི་རྒྱལ་མིང་རྟགས་ཅན་གྱི་ངོས་འཛིན་ཐོབ་པ་དང་། སྤུས་རྟགས་ཀྱི་རིན་ཐང་ལ་མཐོར་འདེགས་ཆེན་པོ་བྱུང་། མིན་ཡོན་རྫོང་གི་ལོ་གཅིག་གི་གྲོ་མའི་སྤྱིའི་ཐོན་ཐང་སྒོར་བྱེ་བ་གསུམ་ས་ཡ་བཞི་འབུམ་ལྔ་བརྒལ་ཐུབ་པའི་རེ་བ་ཡོད་ལ། འདེབས་འཛུགས་དང་རྐོ་འཐུ། སྐྱེལ་འདྲེན། ལས་སྣོན་སོགས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཏེ། ཐོན་ལས་ཀྱི་ཁེ་ཕན་རྒྱུན་མཐུད་ངང་ཆེ་རུ་བཏང་།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འགན་ཁུར་བས་བསྟན་དོན། “མིན་ཡོན་སེ་འདུས་ཟས་རིགས་གྲོ་མའི”ཉམས་མྱོང་སྤྱི་སྡོམ་དང་ཁྱབ་གདལ་བཏང་སྟེ། མུ་མཐུད་དུ་ངལ་ལས་སྤུས་རྟགས་གསོ་སྐྱོང་བྱེད་པ་ཟབ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཁྱད་ལྡན་ཐོན་ཁུངས་ལ་རྐང་ཚུགས་པར་ཁྲིད་སྟོན་བྱས་ཏེ། ས་ཁོངས་རང་བཞིན་མངོན་གསལ་ཡིན་པ་དང་ལག་རྩལ་འབུར་ཐོན་ཡིན་པ། སྐུལ་ཁྲིད་རང་བཞིན་སྟོབས་ལྡན་ཡིན་པའི་ངལ་ལས་སྤུས་རྟགས་བསྐྲུན་ནས། སྔར་ལས་མང་བའི་རོང་འབྲོག་མང་ཚོགས་ཀྱིས་སྒོ་འགྲམ་ནས་ལས་ཞུགས་བརྟན་བརླིང་དང་ཡོང་འབབ་འཕར་སྣོན་ཡོང་བ་མངོན་འགྱུར་བྱས་ཏེ། མཐོ་སྒང་གི་གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་སྟོབས་ལྡན་བསྩལ།
ས་སྲོད་ཀྱི་སྐབས་སུ། གྲོ་མ་ཁུག་མ་གང་རེ་བཏུས་ཡོད་པའི་རོང་འབྲོག་མང་ཚོགས་རྣམས་ཉོ་བསྡུ་ས་ཚིགས་སུ་འོང་སྟེ། རྒྱ་མར་འཇལ་བ་དང་སྒོར་མོར་བརྗེ་བའི་ལས་ཀ་འགོ་བརྩམས། མི་རེ་རེའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་ཡོད། གྲོ་མ་རྡོག་པོ་རེ་རེ་ངལ་ལས་སྤུས་རྟགས་ལ་བརྟེན་ནས། ཐོན་ལས་དར་རྒྱས་དང་ལས་ཞུགས་བརྟན་པོ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་ཀྱི་བདེ་སྐྱིད་མུ་ཕྲེང་ཞིག་བསྐྲུན་ཡོད།
ལྷ་མོ་ཚེ་རིང་དང་ཁོན་ཐར་དབང་རྒྱལ་གཉིས་ཀྱིས་བསྒྱུར།