ཞིང་ས་བཏབ་པ་བཟང་ལ་ཐོན་རྫས་བྲིན་པའང་ལེགས།

ཁུངས། ཀློག་གྲངས།

        དཔྱིད་མགོ་མར་གྲང་ངར་ད་དུང་ཡལ་མེད། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ཤར་ཞང་ཁྲེ་ཙེ་ཞོལ་མ་སྡེ་བའི་དཀོན་ཚལ་ལས་སྣོན་བཟོ་གྲྭར་སོང་བ་ན། འཕྲུལ་འཁོར་གྱི་འུར་སྒྲ་དང་མཉམ་དུ་དྲོད་སྐྱིད་ཀྱི་སྣང་བ་ཞིག་གིས་བརྟས་ཡོང་། གཙང་འཁྲུད་རྫིང་བུའི་ནང་དུ་ཆུའི་མེ་ཏོག་གི་འདབ་མ་མཁའ་རུ་འཕྱོ་ཞིང་། དབྱེ་འབྱེད་སྟེགས་བུའི་སྟེང་གི་དཀོན་ཚལ་སྔོ་ཡོམ་ཡོམ་བྱེད། སྡེ་མི་ཚོས་མཉམ་དུ་ལྡེམ་མྱུར་དང་བྱང་ཆ་ལྡན་པའི་སྒོ་ནས་དཀོན་ཚལ་འདེམས་པ་དང་སྔོ་ཚལ་གཏུབ་པ། ཐོན་རྫས་རེ་རེ་བཞིན་ཕྱི་ཐུམ་བཟོས་ཏེ་སླེ་བོའི་ནང་དུ་གྲལ་འགྲིག་མོས་བསྒྲིགས་ནས་ས་གནས་སོ་སོར་སྐྱེལ་བཞིན་འདུག

“ཁྱོད་ཀྱིས་དཀོན་ཚལ་འདི་ལ་ལྟོས་དང་། སྤུས་ཀ་ཅི་འདྲའི་བཟང་བ་ལ། ང་ཚོས་ལས་སྣོན་བྱས་པ་བརྒྱུད་རིན་གོང་མཐོན་པོར་འཚོང་སོང་།” ཞེས་ཁྲེ་ཙེ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་པི་ཧྲེང་ལུང་གིས་ལས་སྣོན་བྱེད་ཚུལ་ལ་ལྟ་ཞོར་གདོང་ལ་འཛུམ་གྱིས་ཁེངས་ཏེ་གསར་འགོད་པར་དེ་ལྟར་བཤད། ལས་སྣོན་ཁང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ལ་འཕྲུལ་འཁོར་གྱི་ལྡིར་སྒྲ་འུར་འུར་དུ་གྲགས། སྡེ་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། ལོ་ལེགས་དང་ཡོང་འབབ་འཕར་བའི་སྤྲོ་སྣང་དེ་བཟོ་གྲྭའི་ཕྱོགས་བཞིར་ཁྱབ་ཡོད།

འཁྲུག་ཆ་དོད་པའི་རྣམ་པ་དེ་ནི་ཁྲེ་ཙེ་ཞོལ་མ་སྡེ་བའི་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བཏང་བའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་རེད། དེ་ནི་སྡེ་བའི་ཏང་ཀྲི་པུའུ་ཡིས“ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་། ཐོན་ལས་ཀྱིས་སྡེ་བ་དར་སྤེལ་གཏོང་བ། ཐུན་མོང་ཕྱུག་འགྱུར་འབྱུང་བ”བཅས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། མཚོ་ལྷོ་ཁུལ་ཨུའི“ཅན་བཅུའི”ཏང་འཛུགས་སྐྲུན་གྱི་བླང་བྱ་དེ་ཞིང་ཁ་ཞིང་གཉའ་དང་འཁོར་ཁང་ལས་ཤག་ཏུ་དོན་འཁྱོལ་ཞིབ་ཕྲ་བྱས་ནས། གཞི་རིམ་གྱི་རྩ་འཛུགས་དྲག་པོར་བཏང་བ་དང་། ཁྱད་ལྡན་ཐོན་ལས་དར་རྒྱས་བཏང་བ། རོང་འབྲོག་མང་ཚོགས་ཕྱུག་པོར་བཏང་སྟེ། མཐོ་སྒང་གི་གྲོང་གསེབ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་དུ་བཅུག་ཡོད།

“ཡར་སྔོན་ཁྱིམ་ཚང་སོ་སོས་རང་རང་གི་ས་ཞིང་རང་རང་གིས་འདེབས་ཀྱིན་ཡོད་ལ། ས་ཞིང་ཁ་ཐོར་དུ་གནས་ཤིང་ལས་ཀ་རང་རང་ས་ནས་ལས་པས་ཕན་འབྲས་ཆེན་པོ་ལོན་མ་ཐུབ་པ”སྔོན་ཆད་ཀྱི་སྡེ་བའི་གནས་ཚུལ་སྡེ་བའི་ནང་གི་ཏང་ཡོན་རྒན་པ་རྣམས་ཀྱི་སེམས་སུ་གསལ་པོར་ཤེས་ཡོད།

ཁྲེ་ཙེ་ཞོལ་མ་སྡེ་བ་དུས་ཡུན་རིང་པོར་ས་ཞིང་ཐར་ཐོར་དུ་གནས་ལ་གཉེར་སྐྱོང་རང་ས་ནས་བྱས་པའི་གནད་དོན་དང་འཕྲད་པས། ཞིང་ལས་ཐོན་སྐྱེད“ཆུང་ཐོར་ཞན་གསུམ”གྱི་ཚུལ་དུ་གནས་པ་དང་། ཐོན་ཚད་དམའ་ཞིང་ཡོང་འབབ་ཉུང་། སྡེ་བའི་ཏང་ཀྲི་པུའུ་ཡིས་ཞིང་ས་གླས་པ་དེ་གནད་དོན་ཐག་གཅོད་པའི“ཐོག་མའི་བྱ་ཐབས”ཤིག་ཏུ་བརྩིས་ནས་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་འཚམས་འདྲི་བྱས།

“ཕུ་བོ་ལགས། ས་ཞིང་གཅིག་ཏུ་བསྡུས་ན་གཞི་ཁྱོན་ཅན་དུ་འདེབས་འཛུགས་བྱས་ཆོག་པས། སེམས་ཀྱི་ཁུར་པོ་ཇེ་ཡང་དུ་འགྲོ་བར་མ་ཟད། ཡོང་འབབ་ཀྱང་རང་རང་ས་ནས་བཏབ་པ་ལས་བཟང་།”

“ང་ཚོ་ཏང་ཡོན་ཚོས་སྣེ་ཁྲིད་ནས་ས་ཞིང་གླ་བ་དང་། ཁྱེད་ཚོ་དེའི་རྗེས་སུ་འབྲངས་ན་ནོར་འཁྲུལ་འབྱུང་མི་སྲིད།”

ཤ་ཚ་བའི་སྐད་ཆ་རེ་རེ་ཧ་གོ་ཞིང་རྩིས་ཐོ་རེ་རེ་གསལ་པོར་ཤེས་ནས་སྡེ་མི་ཚོའི་སེམས་ཁྲལ་རིམ་བཞིན་མེད་པར་གྱུར། ཏང་ཡོན་ཚོས་དཔེ་སྟོན་སྣེ་ཁྲིད་བྱས་པ་བརྒྱུད། སྡེ་བ་ཡོངས་ཀྱི་ཞིང་ས་མུའུ1200བདེ་བླག་ངང་ཡུག་གཅིག་ཏུ་བསྙམས་ནས། ལེགས་བསྡུས་ཞིབ་གཉེར་ཅན་གྱི་སྒོ་ནས་གྲོ་དང་མ་རྨོས་ལོ་ཏོག ནས། ཁྱད་ལྡན་སྔོ་ཚོད་བཅས་རེས་མོས་ཀྱིས་བཏབ་ལ། ཞིང་ས་ཚད་ལྡན་དུ་བདག་སྐྱོང་བྱས་པས། ཡོང་འབབ་ཀྱི་འབྲས་བུ་ལྡབ་འགྱུར་གྱིས་འཕར་ནས་སྔོན་ཆད་ཀྱི་ས་ཞིང་འདེབས་སྟངས་ཇེ་བཟང་དུ་སོང་།

ལེགས་པོར་བཏབ་པ་གཅིག་པུས་མི་ཆོག་པས་སྡེ་བའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རེས་མོས་འདེབས་འཛུགས་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས། སྡེ་བའི་ནང་དུ་གཅིག་བསྡུས་གསོ་སྤེལ་འཕེལ་རྒྱས་བཏང་བས་ད་ལྟ་ཕྱུགས་ཟོག4120ཡོད་ལ། ཁྱིམ་ཚང་གི་ཕྱུགས་ར་དང་གསོ་སྤེལ་ཁྱིམ་ཚང་ཆེན་པོ་སྐྱེད་སྲིང་བྱས་ཏེ།“མ་རྨོས་ལོ་ཏོག→སོག་མ།→ གསོ་སྤེལ། →ལུད་རྫས།→ ས་ཞིང”བཅས་ཀྱི་ལྗང་མདོག་སྐྱེ་ཁམས་ཀྱི་འབྲེལ་ཐག་ཅིག་ཆགས་ཡོད།

“འདེབས་འཛུགས་རྟེན་གཞིའི་སོག་མ་དང་སྔོ་ཚོད་གཉིས་གསོ་སྤེལ་རྟེན་གཞིའི་སྤུས་ལེགས་གཟན་ཆས་སུ་གྱུར་པ་དང་། གསོ་སྤེལ་རྟེན་གཞིའི་སྒོ་ཕྱུགས་ཀྱི་ལུད་དེ་འདེབས་འཛུགས་རྟེན་གཞིའི་སྐྱེ་ལྡན་ལུད་རྫས་སུ་གྱུར་ནས་མ་རྩ་ཉུང་དུ་ཕྱིན་ཞིང་སྤུས་ཚད་མཐོན་པོར་ཕྱིན་ཡོད”ཅེས་པི་ཧྲེང་ལུང་གིས་དེ་ལྟར་ངོ་སྤྲོད་བྱས། བྱེད་སྟངས་འདིས་ཐོན་ཁུངས་གོ་ཆོད་ཀྱིས་རྒྱུག་པོར་བཏང་ལ། རྩོལ་པོ་ལྷག་མ་རྣམས་ཐོན་ལས་ཕྲེང་འབྲེལ་སྟེང་དུ་བསྡུས་ནས། མང་ཚོགས་ལ་རང་ཁྱིམ་གྱི་སྒོ་ཁ་ནས་གཏན་འཇགས་ཀྱི་ཡོང་སྒོ་འཚོལ་དུ་བཅུག་ཡོད།

“ཞིང་ལས་ཐོན་རྫས་བཙོང་བ་ཁོ་ནར་བརྟེན་ན་སྒོར་མོ་མང་པོ་བཙལ་མི་ཐུབ། ལས་སྣོན་ཡག་པོ་བྱས་ན་ད་གཟོད་ཞིང་ལས་ཐོན་རྫས་རིན་གོང་མཐོན་པོར་བཙོང་ཐུབ”ཅེས་པི་ཧྲེང་ལུང་གིས་སྡེ་མི་ཡོངས་ཀྱི་བསམ་ཚུལ་བཤད།

“བཏབ་ནའང་རིན་གོང་དམའ་བའི”དཀའ་ངལ་བསལ་ཆེད། སྡེ་བའི་ཏང་ཀྲི་པུའུ་ཡིས་རང་འགུལ་གྱིས་ཁེ་ལས་དང་འབྲེལ་གཏུག་བྱས་པ་དང་། སྡེ་བའི་ཐུན་མོང་ཐོན་ཁུངས་བསྡུ་སྒྲིལ་དང་དཀོན་ཚལ་ལས་སྣོན་བཟོ་གྲྭ་བཙུགས་ཏེ། འདེབས་འཛུགས་བྱས་པའི་དཀོན་ཚལ་རང་ས་གནས་སུ་ལས་སྣོན་དང་རང་ས་གནས་སུ་རིན་ཐང་འཕར་དུ་བཅུག དེ་དང་ཆབས་ཅིག“ཁེ་ལས+ཞིང་ཁྱིམ”གྱི་མཉམ་ལས་བྱེད་སྟངས་ལ་བརྟེན་ནས་སོས་འཛིན་མ་རྨོས་ལོ་ཏོག་གི་ལས་སྣོན་བཟོ་གྲྭ་བསྐྲུན་ལ། ལས་སྣོན་དང་ཐུམ་རྒྱག མཛོད་ཉར་སོགས་སྒྲིག་བཀོད་མ་ལག་ཆ་ཚང་སྒྲིག་སྦྱོར་བྱས་ནས“འདེབས་འཛུགས།-ལས་སྣོན།-ཕྱིར་འཚོང”བཅས་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོ་བཏོད་དེ། ཞིང་ཁ་ཞིང་གཉའ་ཡི་ལྗང་མདོག་ཞིང་ལས་ཐོན་རྫས་ཐད་ཀར་འཛད་སྤྱོད་ཚོང་ཁྲོམ་དུ་བཀྲམ།

“ཡར་སྔོན་ཞོར་ལས་ལ་འགྲོ་འདོད་ཀྱང་ཁྱིམ་གྱི་རྒན་རྒོན་དང་ཕྲུ་གུ་ཚོར་བལྟས་ནས་འགྲོ་མི་ཐུབ་ལ་སྒོར་མོའང་འཚོལ་འདོད་ཀྱང་བཙལ་མི་ཐུབ། འོན་ཀྱང་ད་ལྟ་དེ་འདྲ་མིན།”ལོ56ལ་སོན་པའི་སྡེ་མི་ཀྲུའུ་ཅིན་ཕིང་གིས་དཀོན་ཚལ་དབྱེ་འབྱེད་བྱེད་ཞོར་དགའ་སྤྲོའི་ངང་གསར་འགོད་པར“ཁྱིམ་ནས་བཟོ་གྲྭར་ཡོང་ན་སྐར་བཅུ་ཡས་མས་ཀྱིས་ཐོན་ཐུབ། ལས་ཀ་མི་ལྗིད་པར་མ་ཟད། ཟླ་རེར་སྒོར3000ལྷག་བཙལ་ཐུབ། སྒོ་ཕྱི་ནང་གི་དོན་དག་ཚང་མ་བསྒྲུབ་ཐུབ་པས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད”ཅེས་བཤད།

ཁྲེ་ཙེ་ཞོལ་མ་སྡེ་བར་ཀྲུའུ་ཅིན་ཕིང་དང་འདྲ་བའི་རང་ཁྱིམ་གྱི་སྒོ་ཁ་རུ་ལས་ཀར་ཞུགས་པའི་སྡེ་མི70ལྷག་ཡོད། དཀོན་ཚལ་དང་མ་རྨོས་ལོ་ཏོག་གསར་པ་འདེབས་པའི་ཁྱིམ་ཚང་གི་ཞིང་ས་མུའུ་རེར་ཡོང་འབབ་སྒོར800ལྷག་ཏུ་འཕར་བ་དང་། སྡེ་བ་ཐུན་མོང་ལ་མཚོན་ན་ལོ་རེར་ལས་སྣོན་བཟོ་གྲྭ་ཁོ་ནའི་ཡོང་འབབ་སྒོར་ཁྲི60ལྷག་འཕར་བས། སྡེ་མི་ཚོའི་ཡོང་སྒོ་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད།

2025ལོར། ཁྲེ་ཙེ་ཞོལ་མ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི214ལས་བརྒལ་ནས། སྡེ་མིར་ཁེ་སྤོགས་སྒོར་ཁྲི85.8བགོས་པ་དང་། དབུལ་ཐར་ཁྱིམ་ཚང27གྱི་ཁྱིམ་མི83གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར26456.47ལ་སླེབས་པས། གཏན་འཇགས་ཀྱི་ཡོང་སྒོ་ཡོད་པར་འགན་སྲུང་བྱས་ཡོད།

པི་ཧྲེང་ལུང་གིས་སྤོབས་པ་ཆེན་པོས“ད་ལྟ་ང་ཚོའི་སྡེ་བའི་ཁྱིམ་ཚང་རེ་རེའི་སྒོ་ཁར་ལམ་ལས་ཡོད་པར་མ་ཟད། ལམ་འགྲམ་དུ་གློག་སྒྲོན་ཡང་བཀལ་ཡོད་ལ། ཡོང་སྒོ་ཇེ་མང་དུ་གྱུར་བ་དང་སྡེ་བའི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་ཡོད”ཅེས་བཤད། ཐུན་མོང་དཔལ་འབྱོར་སྟོབས་ཆེར་ཕྱིན་རྗེས། ཁྲེ་ཙེ་ཞོལ་མ་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྡེ་བ་ཐུན་མོང་ནས་མ་དངུལ་བཏང་ནས་གྲོང་གསེབ་ཀྱི་བགྲོད་ལམ་སྲ་བསྒྱུར་བྱས་ཤིང་ཡུར་ཆུ་ཉམས་གསོ་བྱས་ལ། ལམ་འགྲམ་དུ་གློག་སྒྲོན་འགེལ་བ་བཅས་བྱས་ཏེ་དམངས་འཚོའི་དོན་དངོས་རེ་རེ་བཞིན་མང་ཚོགས་ཀྱི་སྒོ་ཁར་བསྒྲུབས་ཡོད།

“2026ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང‘རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་བཏང་ནས་ཐོན་ལས་དར་སྤེལ་དང་རྫོང་སྟོབས་དམངས་ཕྱུག་གི་གཞི་གཅིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས’ཞེས་བཏོན་ཡོད། དེས་ང་ཚོར་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཁྲེ་ཙེ་ཞོལ་མ་སྡེ་བས་ད་དུང་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཐོན་ལས་དེ་བས་ཇེ་མང་དང་དེ་བས་སྟོབས་ཆེར་བཏང་ཞིང་ཡུལ་མི་ཚོར་ཐོན་ལས་འབྲེལ་ཐག་གི་རིན་ཐང་འཕར་བའི་ཕན་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས”ཞེས་འབྱུང་འགྱུར་སྐོར་གླེང་སྐབས་པི་ཧྲེང་ལུང་ལ་ཡིད་ཆེས་ཀྱིས་ཀུན་ནས་ཁེངས་ཡོད། །

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།