མཐོ་སྒང་གི་རྐང་གྲུག་ལ་ཐུན་མིན་ཁྱད་གཤིས་ལྡན།

ཁུངས། ཀློག་གྲངས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་སྲང་མགོ་ནས་བལྟས་ན། ནུབ་ཁའི་ཉི་མས་གངས་རིར་གསེར་མདོག་གི་འཕྱོར་ལྭ་སྤྲས་འདུག བཀྲ་ཤིས་ཕུན་ཚོགས་རྐང་གྲུག་ར་བའི་ཟུར་དུ་བསྡད་དེ། ཁོ་དང་ཐག་ཅུང་རིང་བའི་ས་ན་ལོ་བཅུ་ལ་བུད་མ་ཐག་པའི་བྱིས་པ་འགས་ངལ་དུབ་ལ་མ་འཛེམས་པར་ཡར་རྒྱུག་མར་རྒྱུག་བྱེད་ཞོར་རྐང་གྲུག་རྒྱག་བཞིན་པ་མཐོང་རྗེས། ཁོའི་ཁ་ཟུར་ལ་རང་དབང་མེད་པའི་སྒོ་ནས་འཛུམ་མདངས་ཤིག་ཕྱུང་།

དུས་མཉམ་གཅིག་ལ་བྱིས་པ་དེ་དག་གིས་ཀྱང་ཁོ་མཐོང་ནས་དགའ་སྤྲོ་ཆེན་པོས་ཡར་ལངས་ཏེ། ཁ་ནས“གན་བཀྲ་ཤིས་ཕུན་ཚོགས་རེད་མོ།  ནོར་གནག་རུ་ཁག་གི་བཀྲ་ཤིས་ཕུན་ཚོགས ”ཞེས་སྐད་ཆེན་པོ་བརྒྱབ་སྟེ། ཁོའི་ཕྱོགས་སུ་བྱ་འཕུར་བ་བཞིན་ཡོང་ནས། “ཕུ་བོ་བཀྲ་ཤིས་ཕུན་ཚོགས་ལགས། ཁྱེད་ཀྱིས་ང་ཚོར་རྐང་གྲུག་རྒྱག་སྟངས་ཁྲིད་ན་ཆོག་གམ”ཞེས་བཤད།

བཀྲ་ཤིས་ཕུན་ཚོགས་ཀྱིས་ཐོག་ལྭ་ཕུད་པ་ན། ཐོག་ལྭའི་འོག་ཏུ་གྱོན་ཡོད་པའི་ནོར་གནག་རུ་ཁག་གི་ལྒང་རྒྱག་ཆེད་ལྭ་སྔར་ལས་མངོན་གསལ་ཅན་དུ་གྱུར། མཐོ་སྒང་གི་ཉི་འོད་དྲག་པོས་བཏོད་པའི་ཁོའི་དམར་སྨུག་གི་གདོང་དུ། ཕོ་ལོ27ལ་བུད་པའི་ཕོ་གསར་ཞིག་གི་བསམ་ཤེས་དང་བློ་རྩ་བརྟན་པོ་གསལ་རྗེན་དུ་མངོན་འདུག

དེང་སྐབས་ཁོས་རུ་ཁག་གི་གྱོན་པ་དེ་གྱོན་ནས། “མཚོ་སྔོན་རིམ་འདས་མཉམ་འགྲན”གྱི་འགྲན་ར་ནས་རྩལ་བསྟན་མྱོང་བར་མ་ཟད། ཐ་ན་རྒྱལ་ཡོངས་ཀྱི་འགྲན་རར་ཡང་ཞུགས་མྱོང་། བྱིས་པ་དེ་དག་གི་མིག་ནང་ན་འཚེར་བའི་འོད་གོར་ཀྲིག་ཀྲིག་དེ་དག་ནི་དྲན་ཤེས་ཀྱི་སྐུད་པ་ཞིག་དང་འདྲ་བར། དེས་སྐད་ཅིག་དེ་ཉིད་ལ་བཀྲ་ཤིས་ཕུན་ཚོགས་ཡང་བསྐྱར་ལོ17གྱི་གཞོན་ནུའི་དུས་སྐབས་དེར་ཅིག་ཅར་དུ་དྲངས་བྱུང་། 

བཀྲ་ཤིས་ཕུན་ཚོགས་ཀྱི་རྐང་གྲུག་བློ་སྒོ་དེ་སྟེས་དབང་གིས་ཕྱེས་པ་ཞིག་ཡིན། དམའ་འབྲིང་ལོ་རིམ་གསུམ་པའི་ལོ་དེར། ཁོ་ཁོའི་ཕུ་བོ་འབྲིང་བ་དང་མཉམ་དུ་རྐང་གྲུག་འགྲན་བསྡུར་ཞིག་ལ་བལྟ་རུ་སོང་བ་རེད། རྐང་གྲུག་རྒྱག་ས་རུ། ཕུ་བོ་འབྲིང་བ་དང་རུ་ཁག་གི་མི་རྣམས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་གཅིག་གིས་གཅིག་ལ་རྐང་གྲུག་བརྒྱུད་སྤྲོད་བྱེད་པ། རྐང་གྲུག་སྒོ་ནང་དུ་འཕེན་པ་བཅས་ཀྱི་ཚོར་སྣང་དེས་ཁོ་གློ་བུར་དུ་རྨང་ནས་སྒུལ་བྱུང་།

“འདི་ངོ་མ་སྐྱིད་ཀི ཡང་མིན་ན་ངས་ཀྱང་ཚོད་ལྟ་ཞིག་བྱ་དགོས་ནི་མིན་ན”ཞེས་པའི་གློ་བུར་དུ་བྱུང་བའི་བསམ་ཚུལ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ནའང་། དེ་ཁོ་རང་གི་ཕུགས་ཀྱི་འདུན་པ་ཞིག་ཏུ་འགྱུར་འགྲོ་བ་ཁོའི་ཡིད་ལའང་འཁོར་མི་སྲིད།

མཐོ་འབྲིང་གི་སྐབས་སུ། བཀྲ་ཤིས་ཕུན་ཚོགས་ས་དེའི་སྐད་གྲགས་ཆོད་པའི“རྐང་གྲུག་རྒན་རབས་པ”དང་རྩལ་ཁྲིད་པ་ཉི་མ་དོན་གྲུབ་ཀྱིས་སློབ་གྲྭའི་རྐང་གྲུག་རུ་ཁག་ཏུ་བདམས། བཀྲ་ཤིས་ཕུན་ཚོགས་ཀྱིས་སྐབས་དེ་དུས་རྐང་གྲུག་རྒྱག་སའི་ཐང་གི་རྩྭ་ཚང་མ་སྐམ་རྙིད་དུ་སོང་ཡོད་པའི་དབང་གིས། རྐང་གྲུག་རྒྱག་སྐབས་སར་འགྱེལ་ཚེ་ཁྲག་གི་རྗེས་ཤུལ་བཏོད་ཡོད་པ་གསལ་པོར་དྲན་གྱིན་འདུག

འོན་ཀྱང་ཁོ་དངོས་གནས་རྐང་གྲུག་ལ་ཧ་ཅང་དགའ། ཉིན་གུང་། དགེ་རྒན་དང་སློབ་གྲོགས་རྣམས་ངལ་གསོ་བྱེད་བཞིན་ཡོད་ནའང་། ཁོ་གཅིག་པུས་འཚོ་བའི་གྲོན་དངུལ་སྒོར25ཡིས་ཉོས་པའི་རྐང་གྲུག་ཁྱེར་ནས་ལུས་རྩལ་ར་བའི་ནང་ན་རྐང་གྲུག་རྒྱག་ཞོར་དགའ་སྣང་གིས་ཁེངས་ཡོད། ཆར་ཆེན་འབབ་པའི་དུས། མི་གཞན་སློབ་ཁང་དང་ཉལ་ཁང་དུ་ཡིབ་ནས་བསྡད་ཡོད་ནའང་། ཁོ་གཅིག་པུས་རྐང་གྲུག་འཕེན་སའི་སྒོ་འགྲམ་དུ་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱེད་བཞིན་ཡོད།

ཧུའུ་ནན་དུ་སློབ་ཆེན་འགྲིམ་པའི་སྐབས་སུ། བཀྲ་ཤིས་ཕུན་ཚོགས་ཀྱིས་གང་སར་རྩད་གཅོད་བྱས་ཏེ་རྐང་གྲུག་རོལ་རྩེད་ཁང་གི་ཚོད་ལྟའི་སྦྱོང་བརྡར་ནང་ཞུགས་པ་དང་། ཐ་ན་དབྱི་ཐ་ལིའི་རྐང་གྲུག་རོལ་རྩེད་ཁང་ཞིག་གིས་ཀྲུང་གོར་འདེམས་སྒྲུག་བྱེད་པའི་ཁྲོད་དུའང་ཞུགས་མྱོང་། རྒྱལ་ཡོངས་ཀྱི་མི200ལྷག་གི་ནང་ནས་མི5མ་གཏོགས་བདམས་ཐོན་བྱུང་མེད་ནའང་། བཀྲ་ཤིས་ཕུན་ཚོགས་ནི་བདམས་ཐོན་བྱུང་བའི་གྲས་ཀྱི་གཅིག་ཡིན། ཁོས་ངང་སྒུག་བྱེད་ལོང་མེད་པར་གཏམ་བཟང་དེ་ཁ་པར་བརྒྱུད་ནས་ཆེད་དུ་རང་གི་ཨ་ཕར་བཤད་སྐབས། ཁ་པར་གྱི་ཕར་སྣེ་ནས་སྐར་ཆ་འགའ་ལ་ཁུ་སིམ་མེར་བསྡད་རྗེས། ཨ་ཕས“ཁྱོད་སུས་འགྲོ་རུ་བཅུག་པ་ཡིན”ཞེས་པའི་གཟབ་ནན་ཆེ་བའི་སྐད་དེ་གྲགས་བྱུང་། ལྷག་པར་དུ་ཚོད་ལྟའི་སྦྱོང་བརྡར་ལ་ཞུགས་པར་སྒོར་འབུམ་གསུམ་སྤྲོད་དགོས་པ་ཐོས་རྗེས། ཨ་ཕ་སྔར་ལས་ཁོང་ཁྲོའི་དབང་དུ་གྱུར་ཏེ། “ཁྱོད་ཀྱིས་སྒུག་དང་། ང་ཡུས་ཧྲུའུ་ནས་མར་ཡོང་སྟེ་ཁྱོད་ཀྱི་རྐང་བ་གཅོག་རྒྱུ་ཡིན”ཞེས་བཤད།

ད་ཐེངས་ཀྱི་འདེམས་སྒྲུག་ནང་ཞུགས་ཆེད་བཀྲ་ཤིས་ཕུན་ཚོགས་ཀྱིས་སློབ་གསེང་གི་དུས་ཚོད་ཡོད་ཚད་བློས་བཏང་ནས་གང་སར་ཞོར་ལས་བྱས་ཏེ་ལམ་གླ་གསོག་གིན་ཡོད་པར་མ་ཟད། ཞག་སྡོད་ཀྱི་གྲོན་དངུལ་ཡང་འཚོ་བའི་གྲོན་དངུལ་གྱི་ནང་ནས་ཉུང་ངུ་ཉུང་ངུ་བྱས་ནས་སྡུག་གསོག་མུག་གསོག་བྱེད་ཀྱིན་ཡོད་པ་ཨ་ཕས་གཏན་ནས་ཤེས་ཀྱིན་མེད། རྐང་གྲུག་གིས་ཟ་མའི་ཚབ་བྱེད་མི་ཐུབ་པ་ནང་བཞིན། ཁོའི་ཨ་ཕས་བཀྲ་ཤིས་ཕུན་ཚོགས་ཀྱི་དགའ་ཕྱོགས་དེར་བསམ་ཤེས་བྱེད་མི་ཐུབ།

བཀྲ་ཤིས་ཕུན་ཚོགས་དབྱི་ཐ་ལིར་འགྲོ་མ་ཐུབ་ནའང་། ཨ་ཕས་བཤད་པའི་བཀྲ་ཤིས་ཕུན་ཚོགས་ཀྱི་རྐང་པ་གཅོག་རྒྱུ་ཡིན་ཞེས་པའི་གཟབ་ནན་གྱི་སྐད་ཆ་དེ་དོན་ལ་གནས་པ་འདྲ་སྟེ། དེའི་རྗེས་ཀྱི་ལོ་ཕྱེད་ལྷག་གི་རིང་ལ་བཀྲ་ཤིས་ཕུན་ཚོགས་ཀྱིས་རང་ཁྱིམ་དུ་འབྲེལ་བ་ཐེངས་གཅིག་ཀྱང་བྱས་མྱོང་མེད།

བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། “2022ལོ་ནི་ངའི་རྐང་གྲུག་ལས་དབང་ལ་ཁ་ལོ་བསྒྱུར་བའི་དུས་སྐབས་དམིགས་བསལ་བ་ཞིག་ཡིན”ཟེར། བཀྲ་ཤིས་ཕུན་ཚོགས་ཀྱིས་ད་ལྟའང་ད་དུང་གསལ་ལེར་དྲན་ཐུབ་པ་ཞིག་ནི། ལོ་དེའི་ལོ་འགོར་ཁོ་གཞུང་ཞབས་པའི་རྒྱུགས་སྤྲོད་གསོ་སྦྱོང་འཛིན་གྲྭ་ཞིག་ཏུ་ཞུགས་ནས་གྲ་སྒྲིག་བྱེད་བཞིན་ཡོད་སྐབས། ཉིན་ཞིག་གི་དགོང་མོར་གློ་བུར་དུ་སྐབས་དེའི་ཡུས་ཧྲུའུ་ནོར་གནག་རུ་ཁག་གི་རྩལ་ཁྲིད་པ་དཔལ་ལྡན་འཕྲིན་ལས་ཀྱིས་ཁ་པར་ཡོང་ནས། “བཀྲ་ཤིས་ཕུན་ཚོགས། ཉིན་གཉིས་ཀྱི་རྗེས་ནས་ཁྱོད་ང་ཚོ་དང་མཉམ་དུ་ཞིན་ཅང་ལ་འགྲན་བསྡུར་བྱེད་དུ་འགྲོ་ཁོམ་ཡོད་དམ”ཟེར།

“ཁ་པར་གྱི་སྒོ་བརྒྱབ་མེད་ནའང་སེམས་འགུལ་ཐེབས་ནས་ལག་པ་འདར་འགོ་བརྩམས་བྱུང་།”སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། བཀྲ་ཤིས་ཕུན་ཚོགས་ད་ལྟ་ཡིན་ནའང་སེམས་འགུལ་ཚད་མེད་ཐེབས། དེ་ནི་ཁོས་ཐེངས་དང་པོར་ཡུས་ཧྲུའུ་ནོར་གནག་རུ་ཁག་གི་ཚབ་བྱས་ནས་དངོས་སུ་འགྲན་བསྡུར་ལ་ཞུགས་པ་ཡིན་པས་རེད། འགྲན་བསྡུར་དེའི་ཁྲོད་དུ། རུ་ཁག་ཡོངས་ཀྱིས་རྐང་གྲུག་གཉིས་བརྫངས་པ་རེད་ལ། དེའི་ནང་གི་གཅིག་ནི་ཁོས་བརྫངས་པ་རེད།

བཀྲ་ཤིས་ཕུན་ཚོགས་ལ་མཚོན་ནས་བཤད་ན། རྐང་གྲུག་བཞུད་ལམ་སྟེང་གི་འཚར་ལོངས་ངོ་མ་ནི2024ལོ་ནས་བཟུང་གཞི་ནས་འགོ་བརྩམས་པ་རེད། ལོ་དེའི་ཟླ2པར། ཡུས་ཧྲུའུ་ནོར་གནག་རུ་ཁག་གདན་ཞུ་ལྟར་བལ་བོར་བསྡུས་པའི“ལོ་གསར་རྟེན་འབྲེལ་བུམ་པའི”ཀྲུང་གོ་དང་བལ་བོའི་མཛའ་མཐུན་རྐང་གྲུག་འགྲན་བསྡུར་ནང་ཞུགས་ནས། བལ་བོའི་རྒྱལ་ཁབ་ཀྱིU23ན་གཞོན་རུ་ཁག་དང་འགྲན་བསྡུར་བྱས་པ་རེད། ཟླ5པར། “རབ་མཛེས་མཚོ་སྔོན.མཐོ་སྒང་རྐང་གྲུག”རིམ་འདས་མཉམ་འགྲན་སྐབས་དང་པོ་དངོས་སུ་འགྲན་འགོ་བརྩམས་ཤིང་། མཇུག་མཐར་ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་རྒྱལ་ཁ་ཐེངས་བཅུ་དང་འདྲ་མཉམ་ཐེངས་གཉིས། ཕམ་ཁ་ཐེངས་གཉིས་བཅས་ཀྱི་མཇུག་མཐའི་བསགས་སྐར32ཀྱི་གྲུབ་འབྲས་ལ་བརྟེན་ནས་སྐབས་དང་པོའི་མཚོ་སྔོན་རིམ་འདས་མཉམ་འགྲན་གྱི་ཨང་དང་པོ་བླངས་པ་དང་། བཀྲ་ཤིས་ཕུན་ཚོགས་ཀྱིས་འགྲན་རིམ་དེའི་ཁྲོད་རྐང་གྲུག་དྲུག་བརྫངས་པ་རེད།

ལས་རོགས་རྩལ་ཁྲིད་པ་ཀྲའོ་ཏུང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་བཤད་རྒྱུར། “ལག་རྩལ་ཁོ་ནའི་ཆ་ནས་བཤད་ན། ཁོ་ཚོའི་ལག་རྩལ་གྱི་རིམ་པ་དེ་རྒྱལ་ཡོངས་ཀྱི་རྐང་གྲུག་རུ་ཁག་མང་པོ་དང་བསྡུར་ན་ད་དུང་ཧེ་བག་ཡོད་སྲིད་ནའང་། ཁོ་ཚོའི་རུ་ཁག་དེར་མཐུན་སྒྲིལ་ཧ་ཅང་ཆེན་པོ་ཡོད་པས། རུ་མི་ཚོས་དཀའ་སྡུག་བཟོད་ཐུབ་ཀི”ཟེར། ཀྲའོ་ཏུང་གིས་མུ་མཐུད་ནས་བཤད་རྒྱུར། “ལག་རྩལ་ཐད་ཀྱི་ཞན་ཆ་སྦྱོང་བརྡར་བྱས་པ་བརྒྱུད་ཁ་གསབ་བྱེད་ཐུབ་མོད། འོན་ཀྱང་ངར་ཤུགས་མེད་ན་ཅི་ཡང་མི་འགྲུབ། རུ་ཁག་དེར་ཆེས་ཡོད་པ་ནི་ངར་ཤུགས་དང་དཀའ་བ་དང་ལེན་གྱི་སྙིང་སྟོབས་རེད”ཟེར།

“མཚོ་སྔོན་རིམ་འདས་མཉམ་འགྲན”གྱིས་བཀྲ་ཤིས་ཕུན་ཚོགས་གཅིག་པུའི་བསམ་བློ་བསྒྱུར་བ་མ་ཡིན་པར། ཁོས་བཤད་པ་ནང་བཞིན། “སྔོན་ཆད་ཁྱིམ་བདག་ཚོས་རྐང་གྲུག་རྒྱག་པ་ནི་ལས་ཀ་ཆོ་མེད་དང་ཡང་ན་ལས་ཀ་ཞིག་ལ་མི་བརྩི་ནའང་། དེང་སྐབས་ཁྱིམ་བདག་མང་པོ་ཞིག་གིས‘ནོར་གནག་རུ་ཁག་གི་ཕུ་བོ་ཚོར་ཁ་མིག་ཡར་ལྟ་བྱས་ཏེ་སློབ་སྦྱོང་བྱོས’ཞེས་བཤད་ཀྱིན་འདུག”པར་བལྟས་ན། མི་མང་པོ་ཞིག་གི་བསམ་བློ་བསྒྱུར་ཡོད་པ་ཐག་གིས་ཆོད།

“མཚོ་སྔོན་རིམ་འདས་མཉམ་འགྲན”གྱི་ལོ་གསུམ་ནི་སྨྲ་བ་མེད་པའི་འཕོ་འགྱུར་ཅིག་དང་མཚུངས།

སྲིད་གཞུང་གིས་རྒྱབ་སྐྱོར་དང་གྲུག་ཞེན་པས་དགའ་མོས་བྱེད་ཀྱིན་ཡོད་པས། རྐང་གྲུག་རུ་ཁག་ལ་གཏན་འཇགས་ཀྱི་སྦྱོང་བརྡར་འཆར་གཞི་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་སྲུང་བརྟན་པོ་ཞིག་ཡོད་པར་གྱུར། རྩལ་ཁྲིད་པའི་ཚོགས་པས་རྐང་གྲུག་འདུ་ཤེས་གསར་རྐྱང་ཁྱེར་ཡོང་། རུ་མི་ཚོས་ངལ་གསོ་དང་བཟའ་བཏུང་ལ་དོ་སྣང་བྱེད་འགོ་བརྩམས་པ་དང་། འཚོ་བའི་ཐད་ནས་རང་གཅུན་རང་སྡོམ་དང་སྦྱོང་བརྡར་སྔར་ལས་མ་ལག་ཅན་དུ་གྱུར། 

འོན་ཀྱང་། མཚོ་སྔོན་གྱི་རྐང་གྲུག་ས་གཞི་དྲོན་མོའི་སྟེང་། སྐྱེས་པའི་སྐས་རིམ་རུ་ཁག་ཏུ་འཇོན་མི་བྱུང་ཡོད་པར་མ་ཟད། སྐྱེས་མའི་རྐང་གྲུག་ཀྱང་དལ་མོར་འབུར་ཐོན་འབྱུང་བཞིན་ཡོད། ན་གཞོན་སྐྱེས་མ་མང་པོས་དགའ་ཞེན་དང་བསྡོངས་ནས་ལུས་རྩལ་ར་བར་ཞུགས་ཤིང་། ཧུའུ་ཉན་ཁྲོན་ཡང་དེའི་གྲས་ཀྱི་གཅིག་ཡིན། རྐང་གྲུག་རོལ་རྩེད་ཁང་ནས་སྦྱོང་བརྡར་ཕྲན་ཙམ་བྱས་པ་ནས། ཟི་ལིང་གྲོང་ཁྱེར་ལུས་རྩལ་སློབ་གྲྭ་ནས་རྩལ་ནུས་ཀྱི་མྱུ་གུ་འབུས་ཤིང་། དེ་ནས་ཞིང་ཆེན་ལུས་རྩལ་སློབ་གྲྭའི་གཏན་འཁེལ་གཙོ་ཤུགས་སུ་གྱུར་བའི་བར། ད་ལོ་ལོ་བཅུ་བདུན་ཡིན་པའི་ཁོ་མོའང་སྔོན་ཆད་བྱ་གཞག་གི་དཀའ་ཁག་དང་འཕྲད་མྱོང་ལ། རྨས་སྐྱོན་གྱི་བར་ཆད་ཐེབས་ཤིང་། ཡིད་ཆེས་ཀྱི་སྤོབས་པ་ཉམས་པའི་ཚུལ་དུ་ལྷུང་ལ། “ཆེས་དཀའ་བའི་དུས་སུ། ང་རུ་གྲོགས་དག་གིས་སྐྱོར་ཞིང་། སྐུལ་མ་བྱས་མཐར་ངས་རྒྱུན་འཁྱོངས་བྱེད་ཐུབ་སོང་།”

“ང་ཚོའི་རུ་ཁག་ནང་དུ་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས་མང་པོའི་རུ་མི་ཡོད་ཅིང་། ཚང་མས་ཕན་ཚུན་བར་བརྩེ་སེམས་བཅངས་པས། ཚང་མ་ལྕམ་སྲིང་དུ་གྱུར་ཡོད། སྤྱིར་ན་ང་ཚོ་མི་རིགས་མི་འདྲ་ནའང་། ཡིན་ཡང་ང་ཚོའི་ཕུགས་འདུན་གཅིག་ཡིན། དེ་ནི་སྲོག་བསྡོས་ཀྱིས་འགྲན་བསྡུར་ལ་ཞུགས་ཏེ། མི་མང་པོར་མཚོ་སྔོན་སྐྱེས་མའི་སྟོབས་ཤུགས་མཐོང་དུ་འཇུག་བསམ་པ་དེ་ཡིན”ཞེས་ཧུའུ་ཉན་ཁྲོན་གྱིས་ལུས་པོ་ཆུང་ཆུང་ནང་དུ་སྟོབས་ཤུགས་ཆེན་པོ་ཞིག་གིས་བཀང་འདུག 

སྦྱོང་བརྡར་ར་བའི་ནང་དུ། ཁོ་མོ་ཚོས་རང་ཉིད་སྐྱེས་མ་ཞིག་གི་ཚད་དུ་བཞག་མེད་པར། “སྐྱེས་པས་ཐུབ་པ་ཐམས་ཅད་ང་ཚོས་ཀྱང་ནུས་ལ། ཁོ་ཚོར་ཡོད་པའི་རྩལ་ནུས་ང་ཚོས་ཀྱང་འདོན་ཐུབ།” སྦྱོང་བརྡར་སློབ་ཁྲིད་མཇུག་རྫོགས་རྗེས། སྐྱེས་མ་རྣམས་ཀྱིས་ཁ་རོག་གེར་ལྷག་སྦྱོང་བྱེད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཡིན་པས། རྩལ་ཁྲིད་པ་ཧྥན་ཞའོ་ཅོན་གྱིས་མགོ་ན་བཞིན་བཤད་རྒྱུར། བཤད་ཀྱང་མི་ཉན་ལ། བདའ་ཡང་མི་འགྲོ་ཟེར།

ཧུའུ་ཉན་ཁྲོན་དང་རུ་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་རིམ་འདས་མཉམ་འགྲན་ལ་དོ་སྣང་བྱས་ཡོད་ལ། ཐད་གཏོང་བརྒྱུད་ནས་འགྲན་བསྡུར་དེ་གཞུང་ལུགས་སློབ་ཁྲིད་དུ་བཟུང་སྟེ། རྐང་གྲུག་པའི་སྤྲོད་འཛིན་རྩལ་ཐབས་དང་། འཐབ་རྩལ་བསམ་བློར་སློབ་སྦྱོང་བྱས། ཁོ་མོ་ཚོའི་མིག་ལམ་དུ། མཚོ་སྔོན་རིམ་འདས་མཉམ་འགྲན་གྱིས་ཕྱི་མི་ཚོས་མཚོ་སྔོན་གྱི་བྱིས་པས་རྒོད་གྲུག་མ་གཏོགས་རྩེད་མི་ཤེས་པའི་སྣང་བརྙན་གཏོར་ལ། རང་ས་གནས་ཀྱི་རྐང་གྲུག་ལ་སྐུལ་འདེད་བྱས་ནས་ཆེད་ལས་ཅན་གྱི་ཁ་ཕྱོགས་སུ་བསྐྱོད་པར་བྱས་ཡོད། ཕྱི་མི་ལ་མཐོ་སྒང་གི་བྱིས་པར་འབད་བརྩོན་གྱི་སྡུག་རུས་ཡོད་པར་མ་ཟད། འཐབ་རྩལ་བྱང་ཚད་ཀྱང་ཡོད་པ་བདེན་དཔང་བྱས་ཡོད།

བཀྲ་ཤིས་ཕུན་ཚོགས་ཀྱིས་ཀྱང་སྐྱེས་མའི་རྐང་གྲུག་འདིར་མཐོང་ཆེན་བྱེད་ལ། “ཁྱིམ་བདག་མང་པོས་བྱིས་པས་རྐང་གྲུག་རྒྱག་པར་རྒྱབ་སྐྱོར་བྱེད་འགོ་བརྩམས་སོང་། རྫོང་དུ་སྐྱེས་མ་འགའ་ཤས་ཀྱིས་རྐང་གྲུག་ལ་བརྟེན་ནས་སློབ་ཆེན་དུ་རྒྱུགས་འཕྲོད་དེ། ལུས་རྩལ་དགེ་རྒན་དུ་གྱུར་ཡོད”ཟེར།

དེའི་ཐད་དུ། མིང་གྲགས་ཅན་གྱི་རྩལ་ཁྲིད་པ་ལི་མེན་ལ་ཚོར་བ་དེ་འདྲ་ཡོད། ཡུས་ཧྲུའུ་ནོར་གནག་རུ་ཁག་དང་ཟི་ལིང་གསའ་རུ་ཁག་གཉིས་ཁྲིད་དེ། སོ་སོར་སྐབས་སྔོན་མ་གཉིས་ཀྱི་མཚོ་སྔོན་རིམ་འདས་མཉམ་འགྲན་ཁྲོད། ཨང་དང་པོ་དང་གཉིས་པ་བླངས་པའི་རྩལ་ཁྲིད་པ་ཁོས་ད་ལྟ་སེམས་ཤུགས་ཡོངས་རྫོགས་ན་གཞོན་སྦྱོང་བརྡར་ལས་དོན་སྟེང་འདོན་བཞིན་ཡོད། མཚོ་སྔོན་རིམ་འདས་མཉམ་འགྲན་གྱིས་འཚར་ལོངས་ཀྱི་སྟེགས་བུ་ལེགས་པོ་བསྐྲུན་པས། ཞིང་ཆེན་ལུས་རྩལ་སློབ་གྲྭ་དང་ན་གཞོན་སྦྱོང་བརྡར་མ་ལག་མང་པོ་ནས། མཚོ་སྔོན་རིམ་འདས་མཉམ་འགྲན་རུ་ཁག་ལ་བསྐྱལ་བའི་རྐང་གྲུག་པ་དག་ད་ལྟ་སྲོག་ཤིང་གཙོ་ཤུགས་སུ་གྱུར་ཡོད་ལ། གདུང་འདེགས་ཀ་བར་གྱུར་ཡོད་ཅེས་ལི་མེན་གྱིས་བཤད་བཞིན། མིག་ནང་དུ་ཡིད་ཚིམ་པའི་སྣང་བས་ཁྱབ་འདུག

ལི་མེན་གྱིས་བཤད་རྒྱུར། མཚོ་སྔོན་རྐང་གྲུག་ན་གཞོན་སྦྱོང་བརྡར་སྐས་རིམ་རུ་ཁག་འཛུགས་པ་དེ་བརྟན་བརླིང་ངང་གོང་སྤེལ་གཏོང་བཞིན་ཡོད། ཉིས་སྟོང་དགུ་ལོ་དང་ཉིས་སྟོང་བཅུ་ལོར་སྐྱེས་པའི་ལོ་མཚམས་ཀྱི་ན་ཆུང་རུ་མི་དག་མཚོ་སྔོན་རིམ་འདས་མཉམ་འགྲན་མ་ལག་ཏུ་ཞུགས་ཚར་ལ། སྔོན་དཔག་ལྟར་ན་སང་ལོར་ད་དུང་ན་གཞོན་སྦྱོང་བརྡར་རྐང་གྲུག་པ་བཅུ་ལྷག་མཚོ་སྔོན་རིམ་འདས་མཉམ་འགྲན་དུ་ཞུགས་རྒྱུ་རེད། ན་གཞོན་སྦྱོང་བརྡར་རུ་ཁག་གི་གཞི་ཁྱོན་མཚམས་ཆད་མེད་པར་ཆེ་རུ་ཕྱིན་པས། སྐྱེས་པའི་སྐས་རིམ་རུ་ཁག་ཏུ་སྤྱི་བསྡོམས་མི87ཡོད་ལ། སྐྱེས་མའི་རུ་ཁག་ཏུའང་མི་སྣ43ལ་སླེབས་ཡོད། ད་ལོའི་ཟླ9པར་སྐྱེས་མའི་རུ་ཁག་གསུམ་དང་། སྐྱེས་པའི་ལོ13དང14ཅན་གྱི་སྐས་རིམ་རུ་ཁག་རྩ་འཛུགས་བྱ་རྒྱུ་ཡིན། “སློབ་བསྡུའི་བྱ་བར་ཁུལ་དང་རྫོང་སོ་སོ་ནས་གཞོགས་འདེགས་བྱས་པ་བཟང་ལ། ཁྱིམ་ཚང་མང་པོས་རང་འགུལ་གྱིས་ང་ཚོར་འབྲེལ་གཏུག་བྱས་ནས། བྱིས་པ་རྐང་གྲུག་སྦྱོང་བརྡར་ནང་དུ་ཞུགས་པར་རེ་བ་འདོན་བཞིན་ཡོད།”

“མཚོ་སྔོན་རིམ་འདས་མཉམ་འགྲན་གྱིས་འགྲན་ཞུགས་མ་ཐེམ་ལོ16ཏུ་བཏང་བས། ལོ་ཆུང་གི་རྐང་གྲུག་པ་རྣམས་འགྲན་སྟེགས་སྟེང་ཞུགས་པའི་གོ་སྐབས་ཡོད་བྱུང་། འགྲན་རའི་ཕྱི་ནང་གི་འགྲན་བསྡུར་དང་འགྲན་ཐེངས་མང་པོའི་འབྲེལ་འདྲིས་ཀྱིས་བྱིས་པ་རྣམས་ལ། འགྲན་རའི་འགྲམ་གྱི་ལྟད་མོ་བ་ནས་མཆོང་རྒྱུག་བྱེད་པའི་འགྲན་ཞུགས་པར་གྱུར་ཡོད”ཅེས་ལི་མེན་གྱིས་བཤད་ཅིང་། ཞིང་ཆེན་ནང་ཁུལ་གྱི་རྐང་གྲུག་རྩལ་ཁྲིད་པའི་བར་གྱི་འབྲེལ་བ་དམ་ཟབ་དང་། ལས་རིགས་ཀྱི་ཁས་ལེན་ཐོབ་ཚད་ལ་བརྟེན་ནས། ཕུལ་བྱུང་གི་ན་གཞོན་རྐང་གྲུག་པ་རྣམས་ལ་འགྲན་བསྡུར་མང་པོར་ཞུགས་པ་དང་། བྱང་ཆུང་པར་སྦྱོང་བའི་གོ་སྐབས་བརྩོན་ལེན་བྱས་ཏེ། ན་གཞོན་སྦྱོང་བརྡར་གྱི་གོང་འཕེལ་དེ་འཁོར་རྒྱུག་བཟང་པོ་ཚུལ་དུ་གྱུར། “བྱིས་པ་རྣམས་ཀྱིས་ཕ་ཡུལ་གྱི་ཚབ་བྱས་ཏེ་མཚོ་སྔོན་རིམ་འདས་མཉམ་འགྲན་དུ་ཞུགས་པ་གཟི་བརྗིད་དུ་བརྩིས་ཡོད་ལ། འགྲན་རའི་སྟེང་དུ། མི་ཚང་མས་སྟོབས་ཤུགས་ཡོད་རྒུ་འདོན་བཞིན་ཡོད་ཅིང་། དགའ་ཞེན་དང་འགན་འཁྲི་འདི་ཡིས་མཚོ་སྔོན་རྐང་གྲུག་གི་རྗེས་གྲབས་སྟོབས་ཤུགས་ཆེ་ནས་ཆེ་རུ་བཏང་ཡོད”ཟེར།

མཚོ་སྔོན་རིམ་འདས་མཉམ་འགྲན་གྱིས་ཁྱེར་ཡོང་བ་ནི། རྐང་གྲུག་རང་ངོས་ཙམ་མ་ཡིན།

གྲོང་ཁྱེར་དང་ཁུལ་གཞན་དུ་ཕྱིན་ནས་འགྲན་ཞུགས་བྱེད་དུས། བཀྲ་ཤིས་ཕུན་ཚོགས་ཀྱིས་ས་གནས་སོ་སོའི་ཁྱད་ཆོས་མཉམ་འཇོག་བྱས་ཡོད། ཁོས་འགྲན་རའི་ནང་དུ། སོག་པོའི་སྦེ་ག་འཇུ་རེས་ཀྱི་གཞི་རྒྱུ་དེ་ངར་སློང་རུ་ཁག་གི་འཁྲབ་སྟོན་ནང་དུ་བཞག་པ་དང་། བོད་རིགས་ཀྱི་སྲོལ་རྒྱུན་རི་མོས་གྲུག་ལྭ་ཇུས་འགོད་བརྒྱན་ཡོད་ལ། རེབ་གོང་ཐང་ག་དང་། གེ་སར་སྒྲུང་། རྨ་ཙོང་ཀོ་ཟློས་སོགས་ཀྱི་ཤུལ་བཞག་རྣམ་གྲངས་དག་འགྲན་རའི་ཕྱི་ནང་དུ་འགྲེམ་སྟོན་བྱེད་བཞིན་ཡོད་པས། རྐང་གྲུག་ར་བ་དེ་འགུལ་སྐྱོད་ཀྱི་ཤུལ་བཞག་རྟེན་མཛོད་ཁང་དུ་གྱུར་ཡོད། “མཚོ་སྔོན་རིམ་འདས་མཉམ་འགྲན”གྱི་ཁྱད་ཆོས་འདི་དག་སེམས་སུ་ཉར་ཡོད་ལ། རྗེས་ཕྱོགས་ཕྱི་རུ་འགྲན་བསྡུར་བྱེད་དུས། ས་གནས་དེའི་གྲུག་ཞེན་པ་རྣམས་ལ་མཚམས་སྦྱོར་བྱས་ཆོག་ཟེར།

ཡུས་ཧྲུའུ་ནོར་གནག་རུ་ཁག་ཕྱི་རུ་འགྲན་བསྡུར་ལ་ཞུགས་དུས། རུ་མི་རྣམས་ནམ་ཡང་རང་དབང་མེད་པར་ཕ་ཡུལ་གྱི་མགྲིན་ཚབ་པར་གྱུར་ཡོད། མི་འགའ་ཤས་ཀྱིས་ཁྱོད་ཚོ་གང་ནས་ཡོང་ཞེས་དྲིས་ཚེ། ཁོ་ཚོས་གཟི་བརྗིད་ལྡན་པའི་ངང་མཚོ་སྔོན་ཡུས་ཧྲུའུ་བ་ཡིན་ཟེར། མི་འགའ་ཤས་ས་དེའི་ཡུལ་ལྗོངས་ལ་ངོ་མཚར་དུས། ཁོ་ཚོས་ལག་ཁྱེར་ཁ་པར་ནང་གི་གངས་རི་དང་རྩྭ་ཐང་གི་འདྲ་པར་བསྟན་ཏེ། ཁྱོད་ཀྱིས་ལྟོས་དང་། འདི་ནི་ང་ཚོའི་ཕ་ཡུལ་ཡིན་ཟེར།

བཀྲ་ཤིས་ཕུན་ཚོགས་ཀྱིས་ལྷག་ཏུ་སྟོབས་ཤུགས་འདོན་བཞིན་ཡོད། ཁོའི་ཕ་ཡུལ་འབྲི་སྟོད་རྫོང་ནི། ཚ་ཚ་འུར་འུར་གྱིས་གཏོང་བཞིན་པའི《བླ་ཤིང》གཏམ་རྒྱུད་ཀྱི་ས་གནས་དངོས་ཡིན། ཁོས་ནུས་པ་ཡོད་ཚད་བཏོན་ནས་ས་གནས་དེ་གའི་གྲུག་ཞེན་པ་དག་གདན་ཞུ་ཞུས་ཏེ། ངེས་པར་དུ་ཡུས་ཧྲུའུ་རུ་ཡོང་ནས་མཉམ་རོལ་བྱེད་དགོས། ད་དུང་ཡུས་ཧྲུའུ་ཡི་སྐམས་ཤ་ནི། ཞིམ་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན་ཞེས་བཤད་སྐབས། ཁོའི་མིག་ཟུང་ལ་འོད་མདངས་བཀྲ་བཞིན་འདུག 

བཀྲ་ཤིས་ཕུན་ཚོགས་ད་ལོ་ལོ27ཡིན་ལ། ཁོས་ལུས་རྩལ་པའི་ཆེད་ལས་ལོ་ཟླ་ནི་ཐུང་ཐུང་ཡིན་པ་ཤེས་ཡོད། ང་རྩལ་ཁྲིད་པ་བྱེདའདོད་ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་ཐེ་ཚོམ་སྤུ་ཙམ་མེད་པར་བཤད་བྱུང་། ཁོསDརིམ་པའི་རྩལ་ཁྲིད་པའི་འཛིན་ཡིག་བླངས་ཡོད་ལ། ད་ལོརCརིམ་པར་རྒྱུགས་སྤྲོད་རྩིས་ཡོད། རྐང་གྲུག་རྒྱག་མི་ཐུབ་ནའང་། ངས་ཐོབ་ཐང་བརྗེས་ནས། མུ་མཐུད་དུ་རུ་ཁག་ལ་ཞབས་ཞུ་སྒྲུབ་རྒྱུ་ཡིན་ལ། ན་གཞོན་སྦྱོང་བརྡར་ལས་དོན་ལ་བྱས་རྗེས་ཅུང་ཙམ་འཇོག་རྒྱུ་ཡིན་ཟེར།

རྒྱང་རིང་གི་གངས་རི་སྔར་བཞིན་བརྗིད་ཆགས་ལ། སེམས་འདུན་རྣལ་མ་འདི་དག་སེམས་ཀྱིས་ཉན་བཞིན་ཡོད་ཅིང་། ས་གཞི་འདིའི་སྟེང་གི་རྐང་གྲུག་གི་ཕུགས་བསམ་དེ་ས་ཆེན་བརྟོལ་ནས་ཡོང་བཞིན་པ་བདེན་དཔང་བྱས་ཡོད།

འདམ་རྫབ་སྟེང་གི་ཁྲག་ཐིགས་ནས། མཚོ་སྔོན་རིམ་འདས་མཉམ་འགྲན་གྱི་ཆེད་ལས་རྐང་གྲུག་ར་བའི་བར་དུ། “ལས་སྒོ་ཡང་དག་མིན་པའི”ཁྱད་གསོད་ནས། བྱིས་པ་རྣམས་ཀྱི་མིག་ནང་གི་དང་རྟེན་དུ་གྱུར་བ། དེ་ནས་མི་གཅིག་གི་ཨུ་ཚུགས་ནས། ས་ཁུལ་གཅིག་གི་རྐང་གྲུག་གི་ཚ་རླབས་འཕྱུར་བ་ནི། བཀྲ་ཤིས་ཕུན་ཚོགས་ཀྱི་གཏམ་རྒྱུད་ཡིན་ལ། མཚོ་སྔོན་རིམ་འདས་མཉམ་འགྲན་གྱི་གཏམ་རྒྱུད་ཀྱང་ཡིན།

ལོ་གསུམ་གྱི་རིང་ལ། མཚོ་སྔོན་གྱི་རིམ་འདས་མཉམ་འགྲན་གྱིས་ཡུས་ཧྲུའུ་དང་ཐ་ན་མཚོ་སྔོན་གྱི་ན་གཞོན་ལ་སྔར་ལས་ཆེད་ལས་དང་སྔར་ལས་ཆུ་ཚད་མཐོ་བའི་རྐང་གྲུག་སྐས་རིམ་ཞིག་བསྐྲུན་པ་མ་ཟད། མཚོ་སྔོན་གྱི་རྐང་གྲུག་སྦྱོང་བརྡར་མ་ལག་དེ་མཐོ་སྒང་དུ་འཕེལ་རྒྱས་ཆེ་རུ་ཕྱིན། དེ་བས་ཀྱང་རྐང་གྲུག་ལ་བརྟེན་ནས་ཞིང་ལས་དང་ལུས་རྩལ། རིག་གནས་དང་ཡུལ་སྐོར། ཚོང་ལས་དང་ཁམས་གསོ་སོགས་ལས་སྒོ་དྲུག་མཉམ་འདྲེས་དམ་ཟབ་བྱུང་ཡོད། འགྲན་རའི་ནང་རྔུལ་ཆུ་དང་འབད་བརྩོན་ཡོད་ལ། འགྲན་རའི་ཕྱིར་ཁྱད་ལྡན་འགྲེམ་ཚོང་དང་རིག་གནས་ཡུལ་སྐོར་འོས་སྦྱོར། མི་རིགས་ཞབས་བྲོ། ཁམས་གསོ་ཉམས་ལེན་སོགས་ཡོད། རྐང་གྲུག་ནི་སྒེའུ་ཁུང་ཞིག་ཏ་གྱུར་ཏེ། མི་དེ་བས་མང་པོར་མཚོ་སྔོན་མཐོང་བ་དང་མཚོ་སྔོན་དུ་བསྐྱོད་པ། མཚོ་སྔོན་ལ་དགའ་ཞེན་ཡོད་དུ་བཅུག

བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། སྔོན་ཆད་མི་མང་པོ་ཞིག་གིས་མཚོ་སྔོན་གང་དུ་ཡོད་པ་མི་ཤེས་མོད། ད་ལྟ་ཁོ་ཚོས་མཚོ་སྔོན་རིམ་འདས་མཉམ་འགྲན་གླེང་ན། གངས་རི་དང་ནོར་གནག དགའ་ཞེན་ཆེ་བའི་གྲུག་ཞེན་པ་ཡོད་པའི་གནས་དེ་ཨེ་རེད་ཅེས་ཟེར་ཡོང་།

འདི་ནི་རྐང་གྲུག་ལྟག་རྒྱབ་ཀྱི་མཚོ་སྔོན་གཏམ་རྒྱུད་ཡིན།