ཚན་རྩལ་གྱིས་ནུས་པ་བསྩལ། “ལྷ་ལམ”ལ་སྲུང་སྐྱོབ་བྱས།

ཁུངས། ཀློག་གྲངས།

དབྱར་མགོ་མའི་ཉི་འོད་འབབ་ཚིགས་མདུན་གྱི་ཐང་ཆེན་དུ་སེར་ལམ་མེར་འཕྲོས།

ཟི་ལིང་མེ་འཁོར་འབབ་ཚིགས་སུ་མི་ཚོགས་ཀྱི་འདུ་འཛི་འཁྲིགས་ནའང་སྒྲིག་ལམ་ཡག མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ཟི་ལིང་སྤྱི་བདེ་ཁྲུའུ་ཟི་ལིང་འབབ་ཚིགས་མངགས་གཏོང་ཁང་གི་ནང་དུ་སོང་བ་ན། ལོ་ཟླ་ཡིས་འདི་རུ་བཞག་པ་ནི་དུས་ཚོད་ཀྱིས་བརྩེགས་པའི་ལོ་འཁོར་ཙམ་མ་ཡིན་པར། ལྷིང་འཇགས་ཀྱི་ཁྲོད་ནས་ལེགས་འགྲུབ་བྱུང་བའི་ཚན་རྩལ་གྱི་འཕོ་འགྱུར་ཆེན་པོ་དེ་རེད།

མཚོ་བོད་ལྕགས་ལམ་གྱི་ལམ་ལ་ཆས་སའི་བདེ་འཇགས་སྲུང་ཡོལ་དང་པོ་དེ་ཡིན་པའི་ཆ་ནས། ལོ་ངོ20ཡི་རིང་ལ། ཟི་ལིང་འབབ་ཚིགས་ཀྱིས“ལྷ་ལམ”གྱི་མི་ཚོགས་ཇེ་མང་དང་ལམ་དྲ་རྒྱ་བསྐྱེད། དུས་རབས་ཀྱི་འགྱུར་བ་བཅས་ལ་བདེན་དཔང་བྱས་ཡོད་ལ། རྐང་ཐང་གིས་ལམ་ཐིག་ལ་སྐོར་ཞིབ་དང་མིས་ཐབས་ཀྱིས་ཞིབ་བཤེར་བྱེད་པ་ནས་ས་སྟོང་སྐོར་གཡེང་དང་རིག་ནུས་སྲུང་སྐྱོང་བྱེད་པའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ལ་དེ་བས་ཀྱང་བདེན་དཔང་བྱས་ཡོད།

  ལོ་ཟླའི་དྲན་ངོགས་སུ་གསལ་བའི་ཐོག་མའི་བརྟན་སྲུང་།

ལོ་ངོ40ལྷག་ལ་ལས་རྐང་བརྟན་སྲུང་བྱས་པའི་ཉེན་རྟོག་པ་རྒན་པ་ཀྲང་ཁྲེང་གི་དབུ་སྐྲ་དཀར་པོར་གྱུར་ཡོད་ནའང་གཟུགས་གཞི་ཤིན་ཏུ་དྲང་། ལོ་ངོ20སྔོན་གྱི་ཉིན་དེ་གླེང་སྐབས་ཁོའི་མིག་མདངས་ལས་འོད་སྣང་འཕྲོས་བྱུང་།“མེ་འཁོར་ཤར་བགྲོད་ཐུབ་པའི་ཉིན་དེར། ངས་ལམ་འགྲམ་དུ་སྐོར་ཞིབ་བྱེད་ཀྱིན་ཡོད།”“ཚོར་བ་ཅི་འདྲ་ཞིག་རེད་དམ་ཟེར་ན། ཕྱོགས་གཅིག་ནས་གཟི་བརྗིད་ཅིག་རེད་སྙམ་ལ། ཕྱོགས་གཅིག་ནས་འཇིགས་སྐྲག་ཅིག་ཀྱང་ངང་གིས་སྐྱེས་ཡོང་།”དོན་དག་འབྱུང་བར་སྐྲག་པ་མ་ཡིན་ནམ། “ལྷ་ལམ”འདི་ལ་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་ཀྱིན་ཡོད་པས་དོན་དག་ཕྲན་ཙམ་ཡང་འབྱུང་མི་རུང་། སྐབས་དེར་སྐོར་ཞིབ་ཇི་ལྟར་བྱས་པ་ཡིན་ནམ་ཞེས་དྲིས་པར། ཀྲང་ཁྲེང་གིས་ལག་པས་རྐང་པར་རྡེབ་བཞིན“ལྕགས་ཀྱིས་གྲུབ་པའི་རྐང་བ”འདི་ལ་བརྟེན་པ་ཡིན་ཞེས་དགོད་ཞོར་དུ་བཤད། གོམ་པ་གཅིག་རེ་གཅིག་རེ་སྤོས་ཏེ་ལྕགས་ལམ་གྱི་འགྲམ་རྒྱུད་དུ་སྐོར་ཞིབ་བྱས་པ་དང་། མིག་གིས་ཕྱོགས་བཞིར་ལྟ་བ་དང་རྣ་བས་ཕྱོགས་བཞིའི་སྒྲ་ལ་ཉན་དགོས། ཆར་རླུང་དྲག་པོ་འབབ་པའི་སྐབས་དང་འཁེལ་དུས། སྙིང་རླུང་སྟོད་ལ་འཚང་འགྲོ། ད་ལྟ་དེ་འདྲ་ཞིག་གང་ནས་ཡིན། མི་མེད་གནམ་གྲུས་སྐོར་ཞིབ་བྱེད་པ་དང་། བརྙན་མིག་ཉེ་སར་འཐེན་ན་ལམ་ཐིག་སྟེང་གི་གཅུས་གཟེར་ཡང་མཐོང་ཐུབ།“ཆར་རླུང་ཅི་འདྲ་རྒོད་ཀྱང་བརྙན་མིག་ནི་ནམ་ཡང་གནས་དེ་རུ་བཀལ་ཡོད་པས། སྔོན་ཆད་ཀྱི་ང་ལས་བརྒྱུགས་ན་མགྱོགས་ལ་བལྟས་ན་གསལ”ཞེས་བཤད། ལམ་རྒྱུད་དུ་བརྙན་རིས་ལྟ་སྐུལ་ཚོད་འཛིན་གྲངས་མེད་ཅིག་བཙུགས་ཡོད་ལ། དེ་དག་ནི་ངལ་བ་མེད་པའི་སོ་དམག་རེ་རེ་དང་མཚུངས་ལ། ཉིན་མཚན་དབྱེར་མེད་དུ་མིག་ཟུང་ཆེས་ཆེར་བགྲད་དེ་ལམ་རྒྱུད་ཀྱི་བདེ་འཇགས་ལ་སོ་ལྟ་བྱེད་ཀྱིན་ཡོད། ཀྲང་ཁྲེང་གི་ལྕགས་ཀྱི་རྐང་པ་དེ་ད་ལྟ་ངལ་གསོ་བྱེད་ཐུབ་སོང་། ཁོའི་ལས་རྐང་དེའི་ཤུལ་འཛིན་མཁན་ནི་མཁའ་དབྱིངས་སུ་བཀལ་བའི་བརྙན་མིག་དང་ས་སྟེང་དུ་ཡོད་པའི་གཞི་གྲངས་རེད།“སྔོན་ཆད་སྐོར་ཞིབ་བྱེད་སྐབས་སེམས་པ་བདེ་ལ་འབབ་མི་ཐུབ། ད་ལྟ་གཞུང་ལས་ཁང་དུ་བསྡད་ནའང་ཡོད་ཚད་གསལ་པོར་མཐོང་ཐུབ་པས། སེམས་བདེ་ལ་བབས་ནས་བསྡད་ཆོག”

  འབབ་ཚིགས་བཀག་སྒོ་བར་གྱི་ཕན་ནུས་ཀྱི་འཕོ་འགྱུར།

འབབ་ཚིགས་ཀྱི་འཛུལ་སྒོ་ཁ་རུ་ཡུལ་སྐོར་པ་རྣམས་གྲལ་བསྟར་བསྒྲིགས་འདུག ཐོབ་ཐང་ལག་ཁྱེར་སྟོན་ཞིང་བརྙན་མིག་གིས་བཤེར་བ་ན་འཛུལ་སྒོ་ཕྱེ་ཞིང་། དེ་དག་ལ་སྐར་ཆ་འགའ་ལས་མི་དགོས། མི་དམངས་ཉེན་རྟོག་པ་མེང་ཝུན་ཞན་བཀག་སྒོའི་འགྲམ་དུ་ལངས་ཤིང་། མིག་མདངས་ལ་བྱམས་བརྩེ་ཡིས་ཁེངས་ཤིང་གདོང་ལ་འཛུམ་མདངས་རྒྱས། ལོ་ངོ20ཡི་ཡར་སྔོན་དུ་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་རྫོགས་ཤར་གཏོང་བྱེད་པའི་སྐབས་དེར་ཁོ་རང་བདེ་སྲུང་གི་ལས་རྐང་དུ་ཡོད། སྐབས་དེའི་འཛུལ་སྒོ་ཕྱེ་བའི་རྣམ་པ་དེ་གླེང་སྐབས། མེང་ཝུན་ཞན་གྱིས་ལག་པ་གཡུག་གཡུག་བྱས་ཏེ“འདི་ལྟ་བུ་ཞིག་གཏན་ནས་མིན”ཞེས་བཤད། སྐབས་དེར་ཐོབ་ཐང་ལ་ཞིབ་བཤེར་བྱེད་པར། ཡོད་ཚད་ཐོབ་ཐང་ལག་ཁྱེར་ལ་བརྟེན་དགོས། ཡུལ་སྐོར་པ་གྲལ་སྟར་རིང་པོ་བསྒྲིགས་ཏེ་ཁོས་རེ་རེ་བཞིན་ཞིབ་བཤེར་བྱེད་དགོས།“ཞིབ་བཤེར་བྱེད་སྟངས་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། མིག་གིས་ལྟ་བ་དང་ཉམས་མྱོང་ལ་བརྟེན་ནས་ཞིབ་བཤེར་བྱེད་དགོས་ལ། ལན་རེར་ཐད་ཚོར་ལ་བརྟེན་དགོས།”སྐབས་ལ་ལར་ལག་ཁྱེར་སྟེང་གི་འདྲ་པར་རྙིང་བ་ཡོད་ན། ཟུར་དུ་བོས་ནས་ཡང་དང་བསྐྱར་དུ་འདྲི་རྟོག་བྱེད་དགོས་པས། དུས་ཚོད་འགོར་བར་མ་ཟད་ལུས་ཟུངས་ཀྱང་ཟད་འགྲོ་ལ། ཡུལ་སྐོར་པར་སུན་སྣང་འབྱུང་བ་དང་། རང་ཉིད་ཀྱི་སེམས་ཀྱང་འཚབ་འཚུབ་ཏུ་འགྱུར། “ད་ལྟ་ཅི་འདྲ་རེད་དམ།”ཞེས་གསར་འགོད་པས་དེ་ལྟར་བྲིས་པ་ན། ཁོས་ཀླད་ཐོག་ཏུ་ཡོད་པའི་བརྙན་མིག་བསྟན་པ་དང་། དེ་ནས་འཛུལ་སྒོ་འགྲམ་གྱི་བརྙན་ཡོལ་བསྟན། “བརྙན་མིག་འདི་མིའི་མིག་ལས་ཀྱང་རྣོ།”མི་དང་དཔང་ཡིག་དང་པ་སེ་གསུམ་འཛོམས་ན། ཞིབ་བཤེར་ལ་སྐར་ཆ་གསུམ་ལས་མི་དགོས། གཞི་གྲངས་ཆེན་མོས་དུས་མཉམ་དུ་ངོ་རུས་ངོས་འཛིན་བྱེད་ཀྱིན་ཡོད་པས། གལ་ཏེ་གནད་དོན་ཡོད་ན་མྱུར་དུ་ཉེན་བརྡ་བཏང་ཡོང་། “སྔོན་ཆད་ང་ཚོས་འབབ་ཚིགས་ནང་ནས་མི་ངན་གང་སར་བདའ་བའམ་ཡང་ན་བཙལ་དགོས་ལ། ད་ལྟ་གཞི་གྲངས་ཀྱིས་སྔུན་ནས་བཀག་ཡོད་པས། མི་ངན་འབབ་ཚིགས་ནང་མ་འཛུལ་གོང་ང་ཚོས་ཤེས་ཐུབ།”ཁོས་སྐད་ཆ་འདི་དག་བཤད་སྐབས། སྐད་ཀྱི་གདངས་ཆག་ཡོད་ནའང་བློ་རྩ་བརྟན་པོ་རེད། ལག་རྩལ་འགྱུར་ནའང་ཁོ་རང་ཁོམ་ནས་བསྡད་མེད། ལོ་ངོ20ཡི་ཡར་སྔོན་དུ། ཁོས་བལྟ་ས་ངོ་གདོང་ཡིན་ལ། ལོ་ངོ20ཡི་རྗེས་སུ། ཁོས་བལྟ་ས་བདེ་འཇགས་རེད། དེ་ནི་བཀོད་འདོམས་ལྟེ་གནས་ཀྱི་རིག་ནུས་འགྱུར་ལྡོག་རེད། ཟི་ལིང་འབབ་ཚིགས་མངགས་གཏོང་སའོ་ཡི་ཕྱོགས་བསྡུས་བཀོད་འདོམས་ཁང་དུ་སོང་བ་ན། “ལྷ་ལམ”བདེ་འཇགས་ཀྱི“ཆེས་སྤྱང་གྲུང་ལྡན་པའི་ཀླད་པའི”ནང་དུ་ཐོན་པ་དང་གཉིས་སུ་མ་མཆིས། འབབ་ཚིགས་ཁུལ་གྱི་རྩ་གསུམ་ས་ཁྲ་དང་ཉེན་རྟོག་པ་ཡོད་ས། དུས་ཐོག་ལྟ་འཛིན། འགྲུལ་བའི་རྒྱུག་ཚད་སོགས་ཀྱི་གཞི་གྲངས་སྣ་ཚོགས་དེའི་བརྙན་ངོས་སུ་འཆར་གྱིན་འདུག་ལ། སའོ་ཀྲང་ཝང་ཝེ་ཡིས་བརྙན་ཡོལ་ངོས་སུ་བལྟས་འདུག གནས་འདི་ནི་སྲོལ་རྒྱུན་དོན་སྙིང་སྟེང་གི་ལས་རེས་ཁང་ཞིག་མ་ཡིན་པར། དེ་ནི་ཚན་རྩལ་ནུས་སྤྲོད་དང་དངོས་འཐབ་ཕྱོགས་སྟོན། ཁྱབ་ཁོངས་ཡོངས་ཀྱི་ཚོད་འཛིན་སོགས་གཞི་རིམ་བཅོས་སྐྱོང་གི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུ་རེད།

“ད་ལྟ་ང་ཚོས་དངོས་གནས་བརྙན་ཡོལ་གཅིག་གིས་ཁྱབ་ཁོངས་ཡོངས་ལ་ལྟ་རྟོག་བྱེད་ཐུབ་པ་དང་སྟེགས་གཞོང་གཅིག་གིས་ཉེན་རྟོག་པ་བཀོད་འདོམས་བྱེད་ཐུབ”ཞེས་ཝང་ཝེ་ཡིས་བཤད། ལོ་ངོ20ཡི་ཡར་སྔོན་དུ། འབབ་ཚིགས་ཡོངས་ཀྱི་ཉེན་རྟོག་པ་བཀོད་འདོམས་བྱེད་པར“འབོད་རྒྱུག་ལྟ”གསུམ་ལ་བརྟེན་དགོས། ཉེན་རྟོག་པའི་གནས་ཚུལ་བརྒྱུད་སྤྲོད་བྱེད་སྐབས་ཁ་པར་ལ་བརྟེན་པ་དང་། ཉེན་རྟོག་པ་བཀོད་འདོམས་བྱེད་སྐབས་རྐང་ཐང་དུ་རྒྱུག་དགོས་པས། ཆ་འཕྲིན་བརྒྱུད་སྒྲོག་བྱེད་ཚད་དལ་ལ་མཐུན་སྦྱོར་གྱིས་ཐག་གཅོད་བྱེད་པར་དཀའ་ཁག་ཆེ། ཡུལ་སྐོར་པས་དངོས་པོ་བོར་བ་དང་། བྱིས་པ་དང་རྒན་པ་བོར་བ། ཡུལ་སྐོར་པའི་བར་དུ་རྩོད་གཞི་བྱུང་སྟེ་འདུམ་སྒྲིག་བྱེད་པ་སོགས་ནི་བལྟས་ཚོད་ཀྱིས་དོན་དག་ཆུང་ཆུང་ཡིན་མོད། མི་ཚོགས་ཀྱི་འདུ་འཛི་ཆེ་བའི་འབབ་ཚིགས་སུ་མྱུར་དུ་ཐག་གཅོད་བྱེད་མ་ཐུབ་ཚེ། ཡུལ་སྐོར་པའི་འགྲོ་སྐྱོད་ལ་འགོར་འགྱངས་ཐེབས་ལ། ཐ་ན་བདེ་འཇགས་ཀྱི་རྐྱེན་ངན་ཡང་འབྱུང་སྲིད། ལོ་ངོ20ཡི་རྗེས་སུ། གཞི་གྲངས་ཆེན་མོ་དང་བརྙན་མིག་ལྟ་རྟོག རིག་ནུས་བརྡར་གཅོད་སོགས་མཉམ་འདྲེས་གཏིང་ཟབ་བྱུང་། བཀོད་འདོམས་ལྟེ་གནས་ཀྱིས་འབབ་ཚིགས་ཁུལ་ཡོངས་རྫོགས་དང་ལམ་ཐིག་ཡོངས་རྫོགས། ཉེན་རྟོག་པའི་སྟོབས་ཤུགས་ཡོངས་རྫོགས་བཅས་དང་སྦྲེལ་མཐུད་བྱེད་པ་དང་། ཉེན་རྟོག་པའི་གནས་ཚུལ་མཐེབ་གཞོང་གཅིག་གིས་འདེད་སྐྱེལ་བྱེད་པ་དང་། ཉེན་རྟོག་པའི་སྟོབས་ཤུགས་ཉེ་འགྲམ་ནས་བཀོད་གཏོང་བྱེད་པ། བརྙན་ངོས་དུས་ཐོག་ཏུ་ཕྱིར་སྐྱེལ་བ། ཐག་གཅོད་ཀྱི་གོ་རིམ་ཡོངས་རྫོགས་འཁོར་རྒྱུག་བྱེད་ཀྱིན་ཡོད། ཡུལ་སྐོར་པས་དངོས་པོ་བོར་ན། མ་ལག་གིས་མྱུར་དུ་བརྙན་ཟློས་རྗེས་འདེད་ཀྱིས་ངེས་གནས་གཏན་ཁེལ་བྱས་ཏེ་བཙལ་ཆོག་པ་དང་། ལོ་ལོན་དང་བྱིས་པ་བོར་ན། རིག་ནུས་ཀྱིས་རྗེས་ཤུལ་ཞིབ་བསྡུར་བྱས་ཏེ་ཆེས་ཐུང་བའི་དུས་ཡུན་ནང་རྙེད་ཐུབ། ཡུལ་སྐོར་པའི་བར་ལ་འགལ་བ་བྱུང་ན། ཉེན་རྟོག་པས་མྱུར་དུ་འདུམ་སྒྲིག་བྱེད་པ་དང་རྒྱབ་སྟེགས་ནས་གོམ་མཉམ་གྱིས་མཉམ་འགུལ་བྱས་ཏེ། མྱུར་བ་མྱུར་དུ་འགལ་བ་ཐག་གཅོད་བྱས་ཆོག གཞི་གྲངས་མང་པོ་འདི་རུ་འཛོམས་ཏེ་ནུས་པ་འདོན་པ་དེ་ནི་དབང་རྩའི་ཕྲ་ཕུང་མང་པོ་ཞིག་དྲག་ཏུ་མཆོང་འགུལ་བྱས་པ་དང་འདྲ་སྟེ། མཇུག་མཐར་ལས་ཡུལ་དང་པོའི་མི་དམངས་ཉེན་རྟོག་པ་རྣམས་ཀྱི་གནད་དུ་འཁེལ་བའི་འགུལ་སྐྱོད་ཕྱོགས་སྟོན་དུ་གྱུར། བདེ་འཇགས་ནི་ལས་རེས་རྐྱང་བ་ཞིག་མ་ཡིན་ལ། ཁྱབ་ཁོངས་ཡོངས་མཉམ་འགུལ་བྱས་པ་ལས་བརྟན་སྲུང་མངོན་འགྱུར་བྱུང་ཡོད།

  ན་གཞོན་བཟོ་པའི་དཀའ་གནད་འགག་སྒྲོལ།

གལ་ཏེ་བཀོད་འདོམས་ཁང་གི་རིག་ནུས་སྔོན་འགོག་ཚོད་འཛིན་ནི“ལྷ་ལམ”ཉེན་རྟོག་ལས་དོན་གྱི“ཆེས་སྤྱང་གྲུང་ལྡན་པའི་ཀླད་པ”ཡིན་ཞེས་བཤད་ན། ལས་ཡུལ་དང་པོའི་དངོས་འཐབ་ཀྱི་ཉེན་སྤྱོད་སྒྲིག་ཆས་ནི་མཐོ་སྒང་ལྕགས་ལམ་ཉེན་རྟོག་པའི“རལ་གྲི་རྣོན་པོ”དེ་ཡིན་ཞེས་བཤད་ཆོག་ཆོག་རེད། ཟི་ལིང་འབབ་ཚིགས་ཀྱི་མངགས་གཏོང་ཁང་དུ། ན་གཞོན་ཉེན་རྟོག་པས་གྲུབ་པའི་གསར་སྐྲུན་ཚོགས་པ་ཞིག་གིས་རང་ཉིད་ཀྱི་ལང་ཚོ་ལ་བརྟེན་ནས་མཐོ་སྒང་ལྕགས་ལམ་ཉེན་རྟོག་པའི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་བདེ་འཇགས་རྐྱེན་ངན་མེད་པར་བཟོས་ཏེ། ཆེད་དམིགས་ཀྱི“སྒྲིག་ཆས་མཁྲེགས་པོ”ཞིག་བསྐྲུན་ཡོད། ཉེན་རྟོག་ཞིབ་འཇུག་ཚན་རྩལ་ཆ་འཕྲིན་ཅན་ལས་སྒྲུབ་ཁང་གི་སྣེ་ཁྲིད་པའམ་སའོ་ཀྲང་གཞོན་པ་ལིའུ་ཕེང་གིས་ན་གཞོན་ཉེན་རྟོག་པ་རྣམས་ཀྱི་སྣེ་ཁྲིད་དེ་ལག་རྩལ་གསར་སྐྲུན་ལ་འབད་པ་དང་། ཚོད་ལྟ་ཁང་གི་ཞིབ་འཇུག་གསར་སྤེལ་དེ་མཐོ་སྒང་ལྕགས་ལམ་གྱི་དངོས་འཐབ་ཡུལ་དངོས་སུ་སྤར་ཡོད། ས་འོག་གི་སྦུག་དྲ་དང་བར་སྟོང་དོག་མོ། གནོད་ལྡན་རླུང་གཟུགས་སོགས་དུས་རྒྱུན་ཉེན་རྟོག་པ་ཉེ་འགྲམ་དུ་བཅར་ཐབས་མེད་པ་དང་གྲལ་བཤེར་བྱེད་ཐབས་མེད་པའི་ཉེན་མཐོ་ས་ཁུལ་ནི་སྔོན་ཆད་འཕྲལ་བསྟུན་མྱུར་སྐྱོབ་དང་ཉེན་ཁ་འགོག་སེལ་བྱེད་དཀའ་བའི་གནས་རེད། དངོས་འཐབ་ཁྲོད་ཀྱི་དཀའ་ཁག་དེ་དག་ལ་གདོང་གཏད་དེ། ན་གཞོན་ཉེན་རྟོག་པ་རྣམས་ཀྱིས་དཀའ་བ་ལ་མ་འཛེམ་པར་མདུན་དུ་མཆོང་། ཟི་ལིང་འབབ་ཚིགས་ཀྱི་འཁོར་སྒུག་ཚོམས་ཆེན་དུ། རིག་ནུས་སྐོར་ཞིབ་འཕྲུལ་མི་ཞིག་གིས་འཕྲུལ་ཁྱི་ཞིག་ཁྲིད་དེ་གོམ་པ་བརྟན་ཞིང་འགུལ་སྐྱོད་བདེ་ལྕག་འཁྱུག་པའི་སྒོ་ནས་སྐོར་ཞིབ་བྱེད་ཀྱིན་འདུག འཕྲུལ་ཆས་འདི་གཉིས་ལ་འཇོན་ནུས་མི་ཉུང་བ་ཞིག་ལྡན།“འཕྲུལ་མིའི་སྟེང་དུAIམཐོང་ཚོར་རྒྱུད་ཁོངས་སྒྲིག་སྦྱོར་བྱས་ཡོད་པས། མི་ཚོགས་ཀྱི་ཁྲོད་དུ་སྐོར་ཞིབ་བྱས་ན། ཉེན་ཁའི་མི་སྣ་དང་ཉེན་ཁའི་བྱ་སྤྱོད་གནད་འཁེལ་སྒོས་དབྱེ་འབྱེད་བྱེད་ཐུབ་ལ། གྲི་ཆས་དང་གཏན་འགོག་དངོས་རྫས་སོགས་ཁུག་མ་རུ་བཅུག་ཡོད་ནའང་ཁོའི‘མིག’ནང་ནས་འཆོར་མི་སྲིད”ཅེས་ལིའུ་ཕེང་གིས་དེ་ལྟར་བཤད། སྐད་ཆ་དེ་བཤད་མ་ཐག འཕྲུལ་ཁྱི་དེས་བདེ་ལྕག་འཁྱུག་པའི་ངང་ཁ་ཕྱོགས་བསྒྱུར་བས། མཐའ་འཁོར་གྱི་བྱིས་པ་རྣམས་ཀྱི་དགོད་སྒྲ་ལྷང་ལྷང་གྲགས། འཕྲུལ་ཆས་དེ་དག་ནི་མིག་དབང་འགུག་པའི་ཡུལ་ལྗོངས་སུ་གྱུར་ཡོད་པར་མ་ཟད། རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཡོད་པ་ཤེས་འཕྲལ། མ་ལག་གིས་རང་འགུལ་ངང་གནས་ཐིག་གཏན་འཁེལ་བྱས་ཏེ་དེ་མ་ཐག་ཏུ་ཉེན་རྟོག་པར་ཡར་ཞུ་ཞུས་ལ། ཉེན་རྟོག་པ་ཡུལ་དངོས་སུ་མ་ཐོན་གོང་། ཡུལ་དངོས་ཀྱི་བརྙན་རིས་བཀོད་འདོམས་ཁང་དུ་ཐོན་ཡོད་པས། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཆེས་ཆེར་འཕར་ཡོད།“ལྷ་ལམ”བསྲུང་བའི་རྒྱུག་མཐུད་དབྱུག་པ་འདི་ལྟར་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས། དབྱུག་པ་བརྒྱུད་མཁན་གྱི་མགོ་སྐྲ་དཀར་པོར་གྱུར་ཡོད་ལ། དབྱུག་པ་ལེན་མཁན་གྱི་ལང་ཚོ་དར་ལ་བབས་ཡོད་མོད། འོན་ཀྱང་ཟི་ལིང་འབབ་ཚིགས་མངགས་གཏོང་སའོ་ཡི་གྱང་ངོས་སུ་བྲིས་པའི“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་དཀོན། མཚོ་འཕགས་མཐོ་ལ་འཐབ་སེམས་དེ་བས་མཐོ”ཞེས་པའི་སྐད་ཆ་དེའི་ནང་དོན་ལ་ནམ་ཡང་འགྱུར་བ་མེད།“ལྷ་ལམ”གྲུབ་ནས་ལོ་ངོ20འགོར་བའི་རིང་ལ། མེ་འཁོར་གྱི་འདུར་རྒྱུག་དང་མི་ཚོགས་ཀྱི་འདུ་འཛི་ཇི་ལྟར་རྒོད་ནའང་། སྲུང་མཁན་གྱི་བརྟན་སྲུང་ལ་ནམ་ཡང་ཆད་པ་མེད། །

བན་དེ་སྐྱབས་ཀྱིས་སྒྱུར་སྒྲིག་བྱས།