ལོ་རྒྱུས་སྙན་རྩོམ་རིང་མོའི་རྒྱུན་མཐུད་ནས་རྨ་ཡུལ་གྱི་རིག་གནས་ཡུལ་སྐོར་གོང་དུ་སྤེལ།

ཁུངས། ཀློག་གྲངས།

—2026ལོའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་གི་ཟུར་བྲིས།

ཟླ་བརྒྱད་པར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་ཨ་མྱེས་རྨ་ཆེན་གངས་རིའི་རྩེ་མོ་དགུང་དུ་ཟུག་ལ། རྟ་བོ་གྲོང་རྡལ་གྱི་སྐལ་བཟང་ཐང་དུ་མི་ཚོགས་ལང་ལོང་དུ་འཁོར།

ཉེ་ལམ། 2026ལོའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་ཡུལ་དེ་ནས་འཚོགས་འགོ་བརྩམས། རུ་སྟར་གྱི་དཔའ་ཉམས་དང་རྡུང་ལེན་གྱི་འགྱུར་ཁུགས། འཚོ་བའི་རོ་ཉམས་བཅས་རིག་གནས་གསར་སྐྲུན་དང་དབྱེར་མེད་དུ་འདྲེས་ནས། གསོན་ཉམས་ལྡན་པའི་མཐོ་སྒང་རིག་གནས་ཀྱི་ཤོག་ཐང་རིང་མོ་ཞིག་དལ་གྱིས་བཤམས།

“གེ་སར་གྱི་རྒྱན་ཆས་གྱོན་པའི་རུ་སྟར་ཐོན་པ་མཐོང་རྗེས། ལོ་རྒྱུས་སྙན་རྩོམ་རིང་མོའི་ནང་གི་དཔའ་རྟུལ་རྣམས་དངོས་སུ་མིག་མདུན་དུ་ཐོན་པའི་སྣང་བ་སྟེར་ལ་སྐད་ཅིག་མ་དེར་སེམས་པ་རབ་ཏུ་གཡོ་བ་ཞིག་རེད”ཅེས་གཞན་ཡུལ་ནས་ཐོན་པའི་ཡུལ་སྐོར་པ་ལྕམ་མོ་ཀྲང་ལགས་ཀྱིས་དེ་ལྟར་བཤད།

སེམས་པ་རབ་ཏུ་གཡོ་རུ་བཅུག་པ་ནི་ལྕམ་མོ་ཀྲང་ཁོ་ན་མིན་ལ། གསར་འགོད་པ་མི་ཚོགས་ཀྱི་རྒྱུན་དེད་ནས་གཅིག་སྒྲིལ་རྫོང་གི་སྦྲ་གུར་ཉམས་ལེན་ཁུལ་དུ་སོང་།

སྦྲ་ནག་གི་ནང་དུ་འབྲོག་མི་སྒྱུ་རྩལ་པས་ལག་བསྐོར་རྩམ་པ་འཐག་བཞིན་ཡོད་ལ། ལུས་ལ་སྲོལ་རྒྱུན་གྱོན་ཆས་སྤྲས་པའི་འབྲོག་མིས་འོ་མ་དཀྲུགས་པ་དེར་ཡུལ་སྐོར་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཐོན་ནས་འདྲ་པར་བསྐྱོན་བཞིན་ཡོད།

མགོ་ལོག་ཁུལ་གྱི་རྫོང་དྲུག་གིས་རང་རང་ས་ནས་གཟུགས་འདས་རིག་གནས་ཤུལ་བཞག་གི་ལག་རྩལ་ཐོན་རྫས་བཤམས་ཡོད་པས། ཡུལ་སྐོར་པ་ཚང་མས་རང་མོས་ལྟར་ཉམས་ལེན་བྱེད་ཆོག

སྲོལ་རྒྱུན་ལག་རྩལ་ནས་རིག་གནས་གསར་སྐྲུན་ཐོན་རྫས་བཤམས་ཁུལ་བར་གྱི་འཕོ་འགྱུར་དེ་ནི་འཕེལ་རྒྱས་ཤིག་རེད།

ཁྲུན་ཏུའུ་སྒར་འཚིག་ཇ་བཤམས་ཁུལ་དུ་འཚིག་ཇའི་དྲི་མ་འཐུལ་འདུག་ལ། བོད་ཀྱི་ཁྱད་ཆོས་མངའ་བའི་འཚིག་ཇ་དེས་ན་གཞོན་མང་པོ་བཀུག་ཡོད། སྲོལ་རྒྱུན་དམངས་སྲོལ་དང་དེང་རབས་རླབས་རྒྱུན་གཅིག་ཏུ་འདྲེས་པ་དེས་ཡུལ་དེའི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་ནུས་ཚད་གསར་པ་བསྩལ་ཡོད།

རིག་གནས་གསར་སྐྲུན་ཐོན་རྫས་བཤམས་ཁུལ་གྱི་ན་གཞོན་སྐོར་ཞིག་གི་བརྩམས་ཆོས་ཀྱིས་མིག་དབང་དབང་མེད་དུ་འཕྲོག་འགྲོ། ཁོ་ཚོས་རང་བདག་གིས་སྲོལ་རྒྱུན་མི་རིགས་རིག་གནས་གྲུབ་ཆ་དེ་སྟོད་གོས་ཀྱི་རྒྱན་རིས་སུ་བཀོད་ཡོད་ལ་ཉིན་དེར་སྟོད་གོས30ལྷག་བཙོངས། གསར་སྐྲུན་གྱི་སྟོད་གོས་རེ་རེ་ཡིས་ན་གཞོན་དེ་དག་ལ་ལས་གཏོད་འབབ་འཕར་གྱི་ཐབས་ལམ་རྙེད་དུ་བཅུག་ཡོད།

འགྲེམ་འཚོང་ཁུལ་དུ་མཐོ་སྒང་གི་ཐོན་རྫས་སྤུས་ལེགས་མང་པོ་བཤམས་ཡོད།

དར་ལག་རྫོང་སྡེར་ནང་ཞང་ཁང་ལུང་སྡེ་བའི་དྲ་བའི་གླ་སྟར་བཟོ་ཁང་གི་བཤམས་སྟེགས་མདུན་དུ། འགན་ཁུར་བ་ཞེ་པོ་ཡིས་སྟར་ཁུ་དམ་བི་གང་གི་ཁ་ཕྱེས་ནས་ཡུལ་སྐོར་པར་བྲོ་བ་མྱོང་དུ་བཅུག ཁོས་མ་བཅོས་རྒྱུ་ཆ་ཚང་མ་མཐོ་སྒང་གི་རི་སྐྱེས་གླ་སྟར་ཡིན་ལ། སྡེ་བའི་འབྲོག་མི་རྣམས་ཀྱིས་བཏོག་པ་རེད། དེ་ལ་ལས་སྣོན་བྱས་ཏེ་བཏུང་ཆུར་བཟོས། དམ་བི་ཆུང་ཆུང་དེ་ནི་རི་སྐྱེས་སིལ་ཏོག་ལས་བྱུང་བའི་ཡོང་འབབ་འཕར་བྱེད་ཀྱི་ཐོན་རྫས་ཤིག་ཡིན་ལ། འབྲོག་པ་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བྱེད་ཅིག་ཀྱང་རེད།

མེ་ཏོག་གི་དྲི་བསུང་གིས་ཀྱང་མི་རྣམས་ཀྱི་དང་བ་ཅིག་ཅར་དུ་འདྲེན། རྨ་ཆེན་རྫོང་གི་འབྲོག་མོ་ཞའོ་ཧུང་གིས་རང་གིས་བཏབ་པའི་ལུག་མཉེ་མེ་ཏོག་ཁྱེར་ཡོང་ཡོད་དེ། ལོ་ངོ་གསུམ་གྱི་ཡར་སྔོན་དུ། མོས་མཚོ་འཕགས་སྨི4000ལ་ཉེ་བའི་མཐོ་སྒང་དུ་ལུག་མཉེ་མེ་ཏོག་འདེབས་པར་ཚོད་ལྟ་བྱས་ཤིང་། མཐོ་སྒང་གི་གནམ་གཤིས་འཁྱགས་པའི་བཀག་རྒྱ་གཏོར་ནས། ད་ལྟ་ལུག་མཉེ་མེ་ཏོག་གངས་རིའི་ལྗོངས་སུ་ལྷམ་མེར་བཞད་ཅིང་། དུས་ཆེན་གྱི་དགའ་སྟོན་དུ་ཐོན་ཡོད་པར་མ་ཟད། མཐོ་སྒང་གི་འབྲོག་པ་མང་ཚོགས་ཀྱིས་ཁྱད་ལྡན་འདེབས་འཛུགས་དང་ངལ་རྩོལ་ལ་བརྟེན་ནས་འབབ་འཕར་གྱི་ལམ་བུ་རྒྱ་བསྐྱེད་པའི་ཐབས་ལམ་འཚོལ་བའི་བདེན་དཔང་གསོན་པོར་ཡང་གྱུར་ཡོད།

ཞའོ་ཧུང་གིས་མེ་ཏོག་ལག་ཏུ་བཟུང་སྟེ་གདོང་ལ་འཛུམ་གྱིས་ཁེངས་བཞིན་བཤད་རྒྱུར།“ཚང་མས་རྩྭ་ཐང་དུ་མེ་ཏོག་ཉམ་ཆུང་འདི་འདྲ་ཞིག་སོས་དཀའ་ཟེར་ཡང་། ད་ནི་འདི་ལྟར་རྩ་བ་ཚུགས་པར་མ་ཟད། མེ་ཏོག་ཀྱང་ཉིན་རེ་བཞིན་ཇེ་ཡག་ཇེ་བཟང་རེད།”

གར་སྟེགས་སྟེང་དུ་གླུ་གར་གྱི་རླབས་རྒྱུན་སྐྱོམ་ཞིང་རྒྱུན་འཛིན་གྱི་གཏམ་རྒྱུད་གཅིག་འདྲ་ཞིག་བརྗོད་ཀྱིན་ཡོད། རིག་རྩལ་འཁྲབ་སྟོན་གཅིག་འཕྲོར་གཅིག་མཐུད་ནས། གེ་སར་སྙན་སྒྲུང་གི་དཔའ་ཉམས་གླུ་གར་དུ་བསྒྱུར་ཏེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་དང་བདེ་སྡོད་ལས་བརྩོན་གྱི་ལྗོངས་རིས་ཤིག་ལྷོད་ཀྱིས་བཀྲམ་ཡོང་།

ཕྱི་དྲོའི་དགའ་བདེ་རྫོང་གི་ཆེད་དམིགས་རིག་རྩལ་འཁྲབ་སྟོན་ནི་དེ་བས་ཀྱང་ཀུན་གྱི་མིག་དབང་འཕྲོག་པ་ཞིག་རེད། སྲོལ་རྒྱུན་དམངས་སྲོལ་གྱི་བྲོ་བ་སྟུག་པོ་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་ཅིང་། བབ་ཆགས་པའི་གླུ་གར་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རྩེད་རིག་འཕྲོ་རིམ་འཕྲོར་འཁྲབ་སྟོན་བྱས་ལ། ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲ་མཚམས་མི་ཆད་པར་གྲགས།  

དགའ་བདེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཧུང་ཆིང་གིས་བཤད་རྒྱུར། ལེ་ཚན་ཡོངས་རྫོགས་རང་ས་གནས་ཀྱི་རིག་གནས་ནང་དོན་ལ་རྐང་བཙུགས་ཏེ། རྩམ་དྲི་དང་མར་དྲི་མ་ཡལ་བའི་རྩྭ་ཐང་གི་བྲོ་བ་ཡོད་ལ། མང་ཚོགས་ཀྱི་མཛེས་དཔྱོད་དང་ཡང་མཐུན་ཞིང་། འབྲོག་པ་མང་ཚོགས་ཀྱི་འཚོ་བར་ཡང་ཁ་ཐག་ཉེ་བ་ཞིག་ཡིན་པས། ལྟད་མོ་པ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད།

རིམ་གྱིས་མུན་རུབ་རྗེས། ནམ་མཁའི་མཐོངས་སུ་སྐར་ཚོགས་ལྷམ་མེར་བཀྲ།

དགོང་མོའི་ཆུ་ཚོད9ཡི་སྟེང་། མེ་ཕུང་སྐོར་བྲོ་གཟབ་རྒྱས་ངང་འགོ་བརྩམས་བྱུང་། རིགས་སོ་སོའི་མང་ཚོགས་ཀྱིས་མེ་ཕུང་བསྐོར་ཏེ་གླུ་གར་ལ་རྩེན་བཞིན་ལྷན་འཛོམས་ཀྱི་སྤྲོ་དགར་རོལ། མེ་འོད་ཀྱིས་དགོད་འཛུམ་རེ་རེར་དམར་མདོག་བྱུགས་ཏེ། འདུ་ལོང་འཁྲུག་པོའི་རིག་གནས་ཡུལ་སྐོར་དུས་སྟོན་ལ་དགའ་བདེའི་དཔལ་ལ་རོལ་བའི་མཚན་མོའི་གཞི་མདོག་ཅིག་བསྣན་ཡོད།

2023ལོར། གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཁུལ་ལ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ཆོག་མཆན་ཐོབ་པ་དང་། རྨ་ཡུལ་གེ་སར་རིག་གནས་དེ་སྔ་མོ་ནས་རང་ས་གནས་ཀྱི་རིག་གནས་ཡུལ་སྐོར་མིང་བྱང་གི་ཐེག་བྱེད་གལ་ཆེན་དུ་གྱུར་ཡོད། དགྱེས་སྟོན་དེ་ནི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཁྲབ་སྟོན་ཙམ་མ་ཡིན་པར། རིག་གནས་རྒྱུན་འཛིན་དང་མང་ཚོགས་ཀྱིས་མཉམ་སྤྱོད། ཐོན་ལས་ཡོང་འཕར་གྱི་ཕྱོགས་བསྡུས་སྟེགས་བུ་ཞིག་ཀྱང་རེད། སྙན་སྒྲུང་འགྲེམ་སྟོན་བྱས་ནས་རྩྭ་ཐང་གི་རིག་གནས་ཀྱི་ཁྲག་རྒྱུན་བསྲུངས་ཡོད་ལ། ཁྱད་ལྡན་འགྲེམ་ཚོང་བྱས་ནས་འབབ་འཕར་གྱི་བགྲོད་ལམ་རྒྱ་བསྐྱེད་པ་དང་། ཕྱོགས་ཡོང་མགྲོན་པོས་མི་རིགས་བར་གྱི་བརྩེ་འདང་ཡང་ཇེ་ཟབ་ཏུ་བཏང་།

ལོ་རྒྱུས་སྙན་རྩོམ་རིང་མོའི་རྒྱུན་མཐུད་ནས་རྨ་ཡུལ་གྱི་རིག་གནས་ཡུལ་སྐོར་གོང་དུ་སྤེལ། དབྱར་གཞུང་གི་རིག་གནས་གདན་ཞུ་གཟབ་རྒྱས་དེས། ལོ་ངོ་སྟོང་ཕྲག་གི་གེ་སར་རིག་གནས་ལ་དུས་རབས་ཀྱི་གསོན་ཉམས་རྒྱས་སུ་བཅུག་ཡོད་པར་མ་ཟད། མགོ་ལོག་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་འཛད་མེད་ཀྱི་ནང་གནས་སྒུལ་ཤུགས་བསྩལ་ཡོད། རིགས་སོ་སོའི་མི་དམངས་ཀྱིས་དགའ་སྤྲོའི་གླུ་སྒྲའི་ཁྲོད་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། གཟུགས་འདསIPཡིས་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྒུལ་ནུས་བསྩལ་ཏེ། རྨ་ཆུའི་མགོ་ཁུངས་ཀྱི་རིག་གནས་དར་རྒྱས་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཐོན་ལས་འཕེལ་རྒྱས་མཉམ་དུ་བསྐྲུན། །

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།