སྐྱེ་ཁམས་ལ་བསྟུན་ནས་ཕྱུགས་ཟོག་བཙོང་ཤེས་བྱས་ཏེ་ཡོང་འབབ་འཕར།

ཁུངས། ཀློག་གྲངས།

དབྱར་ཟླ་དྲུག་པའི་ཟླ་འགོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྡེར་ནང་ཞང་གི་རྩྭ་ཐང་དུ་བསིལ་རླུང་དལ་གྱིས་ལྡང་ལ། ཤ་ཤེད་རྒྱས་པའི་ནོར་གནག་ཁྱུ་ཚོགས་ཀྱིས་སོས་དལ་བག་ཕེབས་ངང་རྩྭ་ཟ་བཞིན་འདུག རྩྭ་ཐང་དུ་ཐར་ཐོར་གནས་པའི་འབྲོག་ཁྱིམ་དག་གིས་ཕྱུགས་ཟོག་ལ་འཚོ་སྐྱོང་དང་ཚོང་ལམ་སྦྲེལ་མཐུད་བྱས་ཏེ། སྣང་ཡུལ་ཀུན་ལ་སྐྱེ་སྟོབས་ཀྱིས་ཁེངས་འདུག

སྡེར་ནང་ཞང་གིས་མཐོ་སྒང་གི་ཕྱུགས་ཟོག་ཐོན་ཁུངས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ནུས་འཕར། འབྲོག་པའི་ཡོང་འབབ་འཕར་བ་སོགས་ཀྱི་དམིགས་འབེན་གསུམ་ལ་དམིགས་པ་དང་།“ལེགས་འཛིན་བཞིར”བརྟེན་ནས་གནད་འཁེལ་སྒོས་དཀའ་གནད་སེལ་བ། ཕྱུགས་ཟོག་འཚང་གཡོལ་བཤས་རར་གཏོང་བའི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་བ། མང་ཚོགས་ཀྱི་ཡོང་འབབ་འཚོལ་ལམ་རྒྱ་བསྐྱེད་དེ། མཐོ་སྒང་གི་གྲོང་གསེབ་དར་སྤེལ་ལ་རྒྱུན་ཆད་མེད་པའི་ནང་གནས་སྒུལ་ཤུགས་བསྩལ།

འབྲོག་ཁུལ་གྱི་ས་རྒྱ་ཆེ་བ་དང་འབྲོག་ཁྱིམ་གྱི་སྡོད་གནས་ཐར་ཐོར་ཡིན་པས། ཕྱུགས་ཟོག་གི་ཁ་གྲངས་གནད་འཁེལ་སྒོས་ཁོང་དུ་ཆུད་པ་དང་མང་ཚོགས་ཀྱི་རེ་ཞུ་ངོ་མ་ཤེས་རྟོགས་གསལ་པོར་བྱེད་རྒྱུ་དེ་ནི། ཕྱུགས་ཟོག་འཚང་གཡོལ་བཤས་རར་གཏོང་བའི་འགག་སྒོ་དང་པོ་རེད། སྡེར་ནང་ཞང་གིས་ཞང་གི་ལས་བྱེད་པ་དང་སྡེ་སྡོད་ལས་བྱེད་རུ་ཁག ཕྱུགས་ཟོག་རིམས་འགོག་མི་སྣ་བཅས་ཀྱིས་གྲུབ་པའི་ཆེད་དམིགས་ལས་བྱེད་རུ་ཆུང་སྒྲིག་འཛུགས་བྱས་པ་དང་། རྩྭ་ཐང་གི་འབྲོག་ཁྱིམ་ཀུན་ལ་སོང་ནས། ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་གྲལ་བཤེར་དང་འཚམས་འདྲི་བྱས། ལས་བྱེད་པ་འབྲོག་པའི་སྦྲ་གུར་དང་ཐོན་སྐྱེད་ཡུལ་དངོས་སུ་སོང་སྟེ། སུན་སྣང་མེད་པར་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་ཞུར་ཉན་པ་དང་། ཁྱིམ་ཚང་རེ་རེའི་ཕྱུགས་ཟོག་གི་ཁ་གྲངས་དང་ཕྱུགས་ཟོག་གི་རིགས་སྣ་ཅི་ཡོད་ཞིབ་ཚགས་ཀྱིས་ཐོ་འགོད་བྱས་ཏེ། མང་ཚོགས་ཀྱིས་བཤས་རར་གཏོང་འདོད་དང་ཕྱིར་འཚོང་གི་འཆར་གཞི་ཞིབ་མོར་བསྡོམས་རྩིས་བླངས། དུས་མཚུངས་སུ། འབྲོག་པས་ཕྱུགས་ཟོག་ཕྱིར་ཚོང་དང་ཐོན་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་རེ་རེ་བཞིན་བསྡུ་རུབ་དང་། ཁྱིམ་ཚང་སོ་སོར་ཆེད་གཏོགས་ཀྱི་གསོ་སྤེལ་ཡིག་ཚགས་བཟོས་ལ། ཕྱུགས་ཟོག་གི་གཞི་གྲངས་དང་བཤས་རར་གཏོང་བའི་ཆ་འཕྲིན་འགུལ་རྣམ་སྒོས་གསར་བསྒྱུར་བྱས་ཤིང་། གནད་འཁེལ་ཞིབ་ཕྲ་དང་འགུལ་རྣམ་ཚོད་འཛིན་ཆོག་པའི་ཕྱུགས་ཟོག་གི་གསལ་ཐོ་མ་ལག་བསྐྲུན་ཏེ། ཕྱུགས་ཟོག་འཚང་གཡོལ་བཤས་རར་གཏོང་བའི་བྱ་བ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་གཞི་གྲངས་རྨང་གཞི་བརྟན་པོ་བསྐྲུན།

“ང་ཚོས་ཕྱུགས་ཟོག་འཚང་གཡོལ་བཤས་རར་གཏོང་བ་ནི་དར་ལག་རྫོང་གི‘མིང་བྱང་ལྔ’དང‘སྔོན་བསྟར་དྲུག’གི་བྱ་བའི་བཀོད་སྒྲིག་དངོས་འབེབས་བྱེད་པའི་དོན་གཉེར་བྱེད་སྟངས་ཤིག་ཡིན།” སྡེར་ནང་ཞང་ཏང་ཨུའི་ཧྲུའུ་ཅི་ལིའུ་ཧྲིན་པིང་གིས་བཤད་རྒྱུར། ཟླ6པ་ནས་བཟུང་སྡེར་ནང་ཞང་གིས་བསྡོམས་པས་ནོར་གནག304བཤས་རར་བཏང་བ་དང་། དེས་རྩྭ་སའི་གནོན་ཤུགས་ནུས་ལྡན་སྒོས་སེལ་བ་དང་སྐྱེ་ཁམས་གཞི་མདོག་སྲུང་སྐྱོང་བྱས་པར་མ་ཟད། གྲོང་གསེབ་དར་སྤེལ་གྱི་སྐྱེ་ཁམས་རྨང་གཞི་བརྟན་པོར་བསྐྲུན་པ་དང་། འབྲོག་པའི་ཡོང་འབབ་འཕར་བའི་གནད་དོན་གནད་འཁེལ་སྒོས་སེལ་ཞིང་། དམངས་ཕྱུག་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མང་ཚོགས་ལ་ཁྱད་ལྡན་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཁྲོད་དངོས་འབྲས་ཐོབ་ཏུ་བཅུག་ལ་ཡོང་འབབ་ཀྱང་བརྟན་པོར་བཏང་།

འཕེལ་རྒྱས་ཀྱི་བཀག་རྒྱ་གཏོར་བ་དང་། འབྲོག་པ་མང་ཚོགས་ལ་སྲོལ་རྒྱུན་ལྟར་ལོ་མཇུག་ཏུ་ཕྱུགས་མཉམ་དུ་བཙོང་བའི་གོམས་གཤིས་བསྒྱུར་དུ་འཇུག་ཆེད། སྡེར་ནང་ཞང་གིས་ལས་བྱེད་རུ་ཁག་རྩ་འཛུགས་བྱས་ནས་འབྲོག་ཁུལ་དང་འབྲོག་པའི་སྦྲ་ནང་དུ་སོང་སྟེ། འབྲོག་པ་མང་ཚོགས་ཀྱིས་གོ་སླ་བའི་ལམ་ནས་སྲིད་ཇུས་སྒྲོག་འགྲེལ་དང་ཚོང་རའི་གནས་ཚུལ་གསལ་འགྲེལ་བྱས། རྨོག་པོ་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གི་ཧྲུའུ་ཅི་དང་པོ་སྙིང་དཀར་རྒྱལ་གྱིས་སྒྲོག་འགྲེལ་སྐབས་སུ་བཤད་རྒྱུར།“གྲོང་གསེབ་དར་སྤེལ་བྱེད་ན་ཐོག་མར་མང་ཚོགས་ཀྱི་སྔོན་ཆད་ཀྱི་བསམ་བློ་གཏོང་སྟངས་བསྒྱུར་དགོས་ལ། ཁོ་ཚོར་ཕྱུགས་ཟོག་འཚང་གཡོལ་བྱས་ནས་བཙོང་བ་ནི་འབྲོག་པ་མང་ཚོགས་ལ་ཕན་པའི་དོན་བཟང་ཞིག་ཡིན་པ་ཤེས་སུ་འཇུག་དགོས་ཤིང་། ནོར་ལུག་སྔ་རྗེས་བཏོད་ནས་བཙོངས་ན། རིན་གོང་མཐོ་ཞིང་ཡོང་འབབ་བཟང་བ་དང་། དེ་ལྟར་བྱས་ན་ད་གཟོད་ཡོང་འབབ་ལོ་རེ་ནས་ལོ་རེར་བརྟན་པོ་ཡིན་པ་རྟོགས་སུ་འཇུག་དགོས།”

བསམ་བློ་གཏོང་སྟངས་བསྒྱུར་ནས་འཕེལ་རྒྱས་ཀྱི་ལམ་གསར་བཏོད་ཅིང་། ཚོང་ལམ་བཟང་པོ་བཙལ་ནས་ཡོང་འབབ་ཀྱི་རྨང་གཞི་བརྟན་པོར་བཏང་། འབྲོག་པ་མང་ཚོགས་ཀྱི་ཚོང་ལམ་སྣ་རྐྱང་ཡིན་པ་དང་། ཁྲོམ་རའི་རིན་གོང་གཏམས་ཚད་ཞན་པ། མཉམ་དུ་བཙོངས་ན་རིན་གོང་དམའ་བས་གྱོང་གུན་ཐེབས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། སྡེར་ནང་ཞང་གིས་ཕྱི་ཕྱོགས་ཁྲོམ་རར་སྦྲེལ་མཐུད་དང་ཚོང་ལམ་གྱི་ཐོན་ཁུངས་ལེགས་པོ་སྡེབ་སྒྲིག་བྱས་པས། ལོ་མཇུག་ལ་མཉམ་དུ་སྤུངས་ནས་རིན་གོང་དམའ་མོས་བཙོང་བའི་དཀའ་གནད་རྩ་བ་ནས་སེལ་ཞིང་། དྲ་ལམ་མ་ཡིན་པའི་ཕྱིར་འཚོང་སྦྲེལ་ལམ་ཕྱོགས་ཡོངས་ནས་ཤར་གཏོང་བྱས། དུས་མཚུངས་སུ། ཆེད་མི་མངགས་ཏེ་དུས་ལྟར་ཁྲོམ་རའི་ཕྱུགས་ཟོག་གི་རིན་གོང་ལ་མཉམ་འཇོག་བྱས་ཏེ། རིན་གོང་གི་ཐད་ནས་གནད་འཁེལ་སྒོས་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། ཁྲོམ་རའི་རིན་གོང་གི་གནས་ཚུལ་དང་ཉོ་བསྡུའི་རིན་གོང་སོགས་ཀྱི་གཙོ་གནད་ཆ་འཕྲིན་དུས་ཐོག་ཏུ་འབྲོག་པ་མང་ཚོགས་ཀྱི་རྣ་ལམ་དུ་བསྐྱལ་ནས། འབྲོག་པ་མང་ཚོགས་ལ་གནད་འཁེལ་སྒོས་ཁྲོམ་རའི་རིན་གོང་ལེགས་པའི་སྐབས་སུ་བཙོང་དགོས་པར་མཛུབ་སྟོན་བྱས་ཤིང་། ནོར་ལུག་གི་ཚོང་མི་བྲིན་པ་དང་སླ་བཙོང་བྱེད་པའི་ཉེན་ཁ་འགོ་ཁུངས་ནས་སེལ་ཏེ། འབྲོག་པའི་ཕྱུགས་ཟོག་གསོ་སྤེལ་གྱི་ཡོང་འབབ་ཆེས་ལེགས་པ་མངོན་འགྱུར་བྱས།

“དེ་སྔ་ཚང་མས་ལོ་མཇུག་ཏུ་མཉམ་དུ་ནོར་བཙོངས་པས། ཉོ་བསྡུའི་རིན་གོང་ཤིན་ཏུ་དམའ་བ་དང་། ལོ་ཧྲིལ་པོར་ལས་ལ་བྲེལ་ཡང་སྒོར་མོ་མང་པོ་བཙལ་ཐུབ་ཀྱིན་མེད། ད་ལོ་ཞང་གི་བཀོད་སྒྲིག་ལྟར་སྔ་རྗེས་བཏོད་ནས་ཕྱུགས་བཙོངས་པར། ཁྲོམ་རའི་གནས་ཚུལ་ཡག་པོ་དང་འཕྲད་སོང་། ནོར་བཙོངས་པའི་རིན་གོང་སྔར་ལས་མཐོ་བ་དང་། ཚོང་ལམ་ཡང་རང་གིས་སེམས་ཁུར་བྱེད་མི་དགོས་པར། ཡོང་འབབ་ད་དུང་སྔོན་ཆད་ལས་བརྟན་ཞིང་མང”ཞེས་ཁང་ལུང་སྡེ་བའི་འབྲོག་པ་ཤེར་བྷོ་ཡིས་རང་གི་ཡོང་འབབ་ལ་ལྟ་བཞིན་དགའ་སྤྲོས་ཁེངས་ནས་དེ་ལྟར་བཤད།

“ང་ཚོ་ཕྱུགས་ཟོག་གི་རིམས་ནད་ཞིབ་བཤེར་དཔང་ཡིག་ལེན་པ་དང་ཕྱིར་འཚོང་གན་རྒྱའི་ཡི་གེ་འབྲི་བ། ཐོན་རྫས་ཡོང་ཁུངས་ཡིག་ཚགས་བཟོ་བ་སོགས་མུ་ཕྲེང་ཡོངས་ཀྱི་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོའི་རྗེས་དེད་ནས། འབྲོག་པ་མང་ཚོགས་ཀྱི་ཕྱུགས་ཟོག་བཙོངས་པའི་ཐད་ཀྱི་གནད་དོན་སྣ་ཚོགས་དཀྱུས་གཅིག་ཏུ་ཐག་གཅོད་བྱས།”སྡེར་ནང་ཞང་ཕྱུགས་སྨན་ས་ཚིགས་ཀྱི་འགོ་གཙོ་ཧི་ཅུན་ཁྲེང་གིས་བཤད་རྒྱུར། ལས་ཡུལ་དང་པོ་ནས་གནད་འཁེལ་ཞབས་ཞུ་བྱས་པ་བརྒྱུད། འབྲོག་པ་མང་ཚོགས་ཀྱི་ལས་སྒྲུབ་བརྒྱུད་རིམ་ཇེ་ཉུང་དང་དུས་ཚོད་གཏོང་ཡུན་ཇེ་ཐུང་། འགྲོ་འོང་གི་ལམ་གླ་ཇེ་ཉུང་དུ་བཏང་བར་མ་ཟད། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་སྔ་རྗེས་བཏོད་ནས་བཙོང་བའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གནད་འཁེལ་གྱིས་ཐག་བཅད་དེ། དམངས་ལ་ཞབས་ཞུ་སྒྲུབ་པའི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས་ཤིང་། ཐོན་ལས་བདེ་འཇགས་ཀྱི་ཚད་མཐའ་སྲུང་བ་དང་ཆབས་ཅིག འབྲོག་པ་མང་ཚོགས་ཀྱི་དཀའ་ཚེགས་ཇེ་ཡང་དང་ཡོང་འབབ་ཇེ་མང་དུ་གཏོང་བར་འགན་སྲུང་གང་ལེགས་བྱས།

ད་ལྟའི་སྡེར་ནང་ཞང་གི་སྲོལ་རྒྱུན་གྱི་ཕྱུགས་ཟོག་ཐོན་ལས་མགྱོགས་མྱུར་གྱིས་སྤུས་འདེགས་རིམ་སྤར་བྱུང་ཞིང་། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཚོལ་ལམ་རྒྱུན་མཐུད་ཀྱིས་རྒྱ་སྐྱེད་དང་ཡོང་འབབ་བརྟན་བརླིང་ངང་མཐོར་འདེགས་བྱུང་ཡོད་ལ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། འབྲོག་ཁུལ་གྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་གསོན་ཤུགས་རྒྱས་ཡོད། །