ནོར་གནག་བཟང་ན་རིན་གོང་མཐོ།

ཁུངས། ཀློག་གྲངས།

ནོར་གནག་བཟང་ན་རིན་གོང་མཐོ།

ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྐང་ཚ་བོད་རིགས་ཞང་རྐང་ཚ་སྡེ་བའི་མཐོ་སྒང་ནོར་གནག་གསོ་སྤེལ་རྟེན་གཞི་རུ་མི་ཚོགས་ལང་ལོང་དུ་འཁོར། 2025ལོའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་ཡུལ་དེ་ན་ཚོགས་བཞིན་འདུག

ཆར་བ་ཟམ་ཟིམ་བབས་ཏེ་ཤིན་ཏུ་ནམ་ཟླ་འཁྱགས་རུང་ཚང་མས་ལུས་ལ་ལྭ་བ་དྲོན་པོ་གྱོན་ཏེ་སྔ་མོ་ནས་དེར་ཡོང་ནས་བསྒུག་ཡོད་ལ། ཚང་མའི་གདོང་ལ་རེ་སྒུག་དང་དགའ་སྤྲོས་ཁེངས་ཡོད། “འདི་ཁེ་སྤོགས་བགོ་ཐེངས་གཉིས་པ་རེད། ཐེངས་དང་པོར་བསྡུར་ན་སྒོར100ཡིས་མང་། མ་རྐང་མཉམ་ལས་ཁང་དུ་བཞག་པའི་ལམ་འདི་འགྲིག་སོང”ཞེས་ཁེ་སྤོགས་བགོ་བའི་ཡུལ་དངོས་སུ་བསྟན་འཛིན་ཚེ་རིང་གིས་ལག་གི་སྒོར་མོ་རྩི་ཞོར་དུ་དེ་ལྟར་བཤད།

རྐང་ཚ་ཞང་ནི་ཆ་སྙོམས་ཀྱིས་མཚོ་འཕགས་སྨི3600ཡོད་པའི་ཁྲབ་ཆེན་རི་བོའི་འདབས་སུ་གནས་ལ། ནེའུ་གསིང་སྤང་ཐང་མུ་ནས་མུ་རུ་བསྲིངས་ཤིང་གང་སར་སྨུག་པས་བཏུམས་ཡོད། ཡུལ་དེ་ནི་མཛེས་ལྗོངས་ལྟ་ན་སྡུག་པའི“སྤྲིན་གྱི་བང་རིམ་གྱི་ཕྱུགས་ར”ཡིན་པར་མ་ཟད། མཚོ་ཤར་གྲོང་ཁྱེར་གྱི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཕྱུགས་ལས་ཞང་ཁོ་ནའང་རེད། ཐུན་མོང་མ་ཡིན་པའི་རང་བྱུང་རྩྭ་ཐང་གི་ཐོན་ཁུངས་ལ་བརྟེན་ནས་ནོར་གནག་འཚོ་བ་ནི་ཡུལ་དེའི་མང་ཚོགས་ཀྱི་ཡོང་སྒོའི་ཐོན་ཁུངས་གཙོ་བོ་རེད།

སྔོན་ཆད་ཀྱི་ཐར་ཐོར་དུ་འཚོ་སྟངས་ཀྱི་ལག་རྩལ་རྗེས་ལུས་ཡིན་པ་དང་ཉེན་ཁ་འགོག་པའི་ནུས་པ་ཞན་པས། “ནོར་གནག་བཟང་རུང་རིན་གོང་མཐོན་པོར་བཙོང་མི་ཐུབ་པའི”དཀའ་ཁག་དང་འཕྲད། ཐ་ན“དབྱར་ཁར་ཤ་ཤེད་རྒྱས་པ་དང་སྟོན་ཁར་ཚོ་འབུད་པ། དགུན་ཁར་བྱང་བ། དཔྱིད་ཀར་ཤི་བ”ཡི་གསོ་སྤེལ་དཀའ་ཁག་ལའང་འཕྲད་ནས། འབྲོག་མི་ཚོར“གསེར་ལྟ་བུའི་རྩྭ་ས”ཡོད་རུང་། ཡུན་རིང་པོར་ཐོན་ལས་ཕྲེང་འབྲེལ་གྱི་ཆེས་དམའ་གྲས་སུ་གནས་ཡོད།

“སྔོན་ཆད་ངེད་ཚང་གིས་ནོར་གནག་འཚོས་ན་ཡོད་ཚད་གནམ་ལ་བརྟེན་དགོས། དགུན་ཁར་གནམ་གཤིས་འཁྱགས་རྗེས་ཤ་ཤེད་ལྷུང་བ་དང་དེའི་ཁར་ཁངས་ཆག་དང་འཕྲད་ཚེ་གོད་ཁ་ཆེན་པོ་འབྱུང་བ་རེད། ནོར་གནག་བཙོང་སྐབས་ཀྱང་ཉོ་མཁན་ཡོང་བར་བསྒུག་དགོས་ལ། དེ་ཚོས་རིན་གོང་ག་ཚོད་གཏམས་ན་དེ་ལྟར་བཙོང་དགོས་པས། ལོ་གཅིག་གི་འབད་བརྩོན་ལ་འབྲས་བུ་མེད་པ་ཞིག་ཡིན”ཞེས་རྐང་ཚ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིན་ཆེན་དོན་འགྲུབ་ཀྱིས་སྔོན་ཆད་ཀྱི་འཚོ་བ་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད།

“གནམ་ལ་བརྟེན་ནས་ཕྱུགས་འཚོ་བའི”གཞན་དབང་གི་རྣམ་པ་དེ་བསྒྱུར་ཆེད། 2022ལོར། རྐང་ཚ་ཞང་གིས་རང་ཡུལ་ཐོན་ཁུངས་ཀྱི་རང་སྤུས་ལ་རྐང་བཙུགས་ཤིང་གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་པ་དང་། མ་དངུལ་སྒོར་ས་ཡ་བཞི་སུམ་འབུམ་དགུ་ཧྲག་སྡེབ་བྱས་ནས། རྐང་ཚ་སྡེ་བ་རུ་མཐོ་སྒང་ནོར་གནག་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། “ཏང་ཀྲི་པུའུ་དང་མཉམ་ལས་ཁང་། འབྲོག་ཁྱིམ་བཅས་མཉམ་འབྲེལ”གྱི་ཁྱད་ལྡན་འཕེལ་རྒྱས་གཏོང་སྟངས་གསར་སྐྲུན་བྱས་ནས་བཏོན་པ་སྟེ། ཏང་ཀྲི་པུའུ་ཡིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཛིན་པ་དང་མཉམ་ལས་ཁང་གི་འགན་ཁུར་པས་བྱེ་བྲག་ཏུ་ཚོང་གཉེར་བྱེད་པ། འབྲོག་མི་ཚོས“ནོར་གནག་གཅིག”མ་རྐང་དུ་བཞག་སྟེ་མཉམ་ལས་ཁང་གི“རྐང་འཛིན་པར”གྱུར།

དང་ཐོག འབྲོག་མི་མི་ཉུང་བ་ཞིག་གི་སེམས་སུ“རྒྱུ་ནོར་འདི་འདྲ་མང་པོ་མ་རྐང་དུ་བཞག་ན། གལ་ཏེ་བརྡིབས་སོང་ན་ཇི་ལྟར་བྱ”ཞེས་དེ་ལྟར་དོགས་པ་སྐྱེས། འབྲོག་པ་རྣམས་ཀྱི་སེམས་བདེ་རུ་འཇུག་ཆེད། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་རབས་གསུམ་པའི་འབྲོང་ཐུག་ཆེད་དུ་ནང་འདྲེན་བྱས། དེ་ལས་འབྲོག་པ་རྣམས་དེའི་ཁྲོད་ཞུགས་པར་སྤྲོ་བ་ཆེས་ཆེར་བསླངས། འདི་ལྟར་རྐང་ཚ་སྡེ་བའི་འབྲོག་ཁྱིམ299མཉམ་ལས་ཁང་དུ་ཞུགས་པ་དང་། སྡེ་བ་ཐུན་མོང་གི་རྩྭ་ས་སྤྱི་ཆིངས33.33ཡང་མ་རྐང་དུ་ཞུགས།

ཚད་ལྡན་ཅན་གྱི་ཚོང་གཉེར་བྱེད་སྟངས་ལ་བརྟེན་ནས། སྔོན་ཆད་ཀྱི་སྟབས་བདེའི་ནོར་ཁང་དེ་སྨི་གྲུ་བཞི་མ1800ཡི་ཚད་ལྡན་ཅན་གྱི་ནོར་ཁང་དུ་རིམ་པ་སྤར། རྩྭ་ཁང་དང་ཨོང་ཁང་། གཅིན་རྫིང་སོགས་ཀྱི་ཆ་སྡེབ་སྒྲིག་བཀོད་གང་མཁོ་དེ་འཛོམས་ཤིག་ཏུ་གྱུར། འབྲོང་ཐིག་ནང་འདྲེན་བྱས་ཏེ་ཕྱུགས་རྒྱུད་ཇེ་ལེགས་སུ་བཏང་བ་དང་། “སྐྱེ་ཁམས་ཕྱུགས་འཚོ་དང་ཚན་རིག་ལྟར་ཆས་གསོ་མཉམ་འབྲེལ”བྱེད་སྟངས་བཏོན་པར་མ་ཟད། གཟན་རྩྭ་འདེབས་འཛུགས་དང་ལས་སྣོན་གྱི་ཕུང་གཅིག་མ་ལག་བཙུགས། 2024ལོར་ཡང་བསྐྱར་གནོད་འགོག་ཕྱུགས་སྲུང་གི་རྟེན་གཞི་དང་འཁྱགས་སྦྲེལ་སྒྲིག་བཀོད་འཛུགས་སྐྲུན་བྱས་པས། “དགུན་ཁར་ཕྱུགས་ཟོག་གི་ཤ་ཤེད་ལྷུང་བའི”དཀའ་གནད་རྩ་བ་ནས་སེལ།

ལོ་ངོ་གསུམ་ལ་ཞིབ་མོར་བསྒྲུབས་པ་བརྒྱུད་འབྲོག་པ་རྣམས་ལ་གཏམ་བཟང་གོ་རུ་བཅུག 2025ལོའི་ལོ་འགོར། མཐོ་སྒང་ནོར་གནག་གསོ་སྤེལ་རྟེན་གཞི་ཡིས་ཁེ་སྤོགས་བགོ་བའི་ཚོགས་ཆེན་ཐོག་མ་བསྡུས། མ་རྐང་དུ་ཞུགས་པའི་ཁྱིམ་ཚང299པོའི་ཁྱིམ་ཁ་རེར་ཁེ་སྤོགས་སྒོར1000རེ་བགོས། “ཐོག་མའི་ཁེ་སྤོགས”ལས་འབྲོག་པ་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ལས་ཐོན་པའི་ཁེ་ཕན་མཐོང་ནས། མང་ཚོགས་ཁྱད་ལྡན་ཕྱུགས་ལས་འཕེལ་རྒྱས་ཁྲོད་དུ་ཞུགས་པའི་ཡིད་ཆེས་ཆེས་ཆེར་སོང་། ཐོན་ལས་ཀྱི་ཕན་འབྲས་རིམ་བཞིན་མངོན་གསལ་དུ་སོང་བ་དང་བསྟུན་ནས། རྐང་ཚ་སྡེ་བ་དང་མཐའ་འཁོར་གྱི་ཟོག་པ་སྡེ་བ་དང་ཁ་སོ་སྡེ་བ་སོགས་ཀྱིས་ཀྱང་མཉམ་ལས་ཁང་དུ་མ་རྐང་འཇོག་པའི་རེ་བ་གཅིག་རྗེས་གཉིས་མཐུད་དུ་བཏོན།

དེ་ལས་གཞན། ཤར་ནུབ་མཉམ་ལས་ཀྱི“ནུབ་ནོར་ཤར་སྐྱེལ”གྱི་ལས་གཞིར་བརྟེན་ནས། རྐང་ཚ་ཞང་གིས་སྐམས་ཤ་སྤུས་ལེགས་སྤྱི་རྒྱ5500ལྷག་སྤྱི་ལེ2000གིས་ཆོད་པའི་ཅང་སུའུ་ཝུའུ་ཞི་རུ་བཙོང་། དེ་ལྟར་སྐམས་ཤ་རིན་གོང་མཐོན་པོར་བཙོང་བ་མ་ཟད། “མཐོ་སྒང་ནོར་གནག”གི་ཟོང་རྟགས་ཤེས་སུ་བཅུག་ནས་ཕྱིར་འཚོང་གི་ཐབས་ལམ་གསར་པ་ཕྱེས།

མིག་སྔར། རྐང་ཚ་ཞང་དུ་ནོར་གནག་ཆིག་ཁྲི་དགུ་སྟོང་ལྔ་བརྒྱ་གསོས་ཡོད་ལ། ཞུན་ཧྭ་རྫོང་གི་སྤྱི་འབོར་གྱི་བཅུ་ཆའི་དགུ་ཟིན། མཐོ་སྒང་ནོར་གནག་གསོ་སྤེལ་རྟེན་གཞིར་རིམ་བསགས་ཀྱིས་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཅིག་བརྒྱད་འབུམ་ཙམ་བཏང་ལ། སྣ་རྐྱང་གསོ་སྤེལ་དེ་གསོ་སྤེལ་དང་ལས་སྣོན། འཁྱགས་འབྲེལ། ཕྱིར་འཚོང་བཅས་ཀྱིས་ཐོན་ལས་མུ་ཕྲེང་ཧྲིལ་པོའི་ཕྱོགས་སུ་བདེ་བླག་གིས་བསྲིངས་ཡོད།

ནོར་གནག་ལེགས་པོར་འཚོས་ན་ཕྱུག་འགྱུར་གྱི་ལམ་ཁ་བཏོད་པ་ཡིན། ད་ལྟའི་ཁྲབ་ཆེན་རི་འདབས་སུ་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། འབྲོག་མིའི་འབབ་འཕར་བཅས་ཕྱོགས་གསུམ་ནས་རྒྱལ་ཁ་བླངས་ཡོད་ལ། སྔོན་ཆད་ཀྱི་འབྲོག་སྡེ་དེར་ཕྱོགས་ཡོངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར། མཐོ་སྒང་ནོར་གནག་གསོ་སྤེལ་རྟེན་གཞིའི་ཐོན་ལས་མུ་ཕྲེང་རྒྱུན་ཆད་མེད་པར་བསྲིངས་པ་དང་བསྟུན་ནས། བཤའ་བ་དང་ལས་སྣོན། འཁྱགས་སྐྱེལ་བཅས་ཀྱི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བ་དང་། དར་རྒྱས་ཀྱི་འཕེལ་ཁ་མཐོ་བའི་གྲོང་གསེབ་དར་སྤེལ་གྱི་ལམ་ཁ་དེ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད། །