ས་སྲེག་གོ་རེས་ཕྱུག་འགྱུར་ལམ་བུ་བསྐྲུན།

ཁུངས། ཀློག་གྲངས།

—རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྟེང་སོ་ཞང་ཤིང་མཁར་སྡེ་བའི་ཤུལ་བཞག་ཞིམ་ཟས་ཐོན་ལས་ཅན་གྱི་འཕེལ་རྒྱས་མཐོང་སྣང་།

ས་སྲེག་གོ་རེ་ལས་བཞིན་པ། 

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྟེང་སོ་ཞང་ཤིང་མཁར་སྡེ་བའི་ཤུལ་བཞག་ཞིམ་ཟས་ཐོན་ལས་ཅན་གྱི་འཕེལ་རྒྱས་མཐོང་སྣང་།

རྨ་ཆུས་ཁོ་ར་ཁོར་ཡུག་བརྒྱན་ཞིང་། མཐོ་སྒང་གི་ཕྱེ་དྲི་གང་སར་འཐུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྟེང་སོ་ཞང་ཤིང་མཁར་སྡེ་བ་རུ། ལོ་ངོ་སྟོང་ལ་བརྒྱུད་པའི་ས་སྲེག་གོ་རེ་ཞིག་ཞིང་བའི་ཐབ་མགོ་རུ་སྲོལ་རྒྱུན་གྱི་ཟ་མ་ཞིག་ནས། ཞིང་ཆེན་རིམ་པའི་ཤུལ་བཞག་ཟས་མཆོག་ཅིག་དང་། གྲོང་གསེབ་དར་སྤེལ་གྱི་གསེར་གྱི་གོ་རེར་གྱུར་ཡོད།

གནའ་ནས་བཟུང་། ས་གནས་ཀུང་ཟིས་རང་ཡུལ་དུ་རྐང་ཚུགས་ཤིང་། ཤུལ་བཞག་རྒྱུན་འཛིན་དེ་སྲོག་ཤིང་དང་། ཐོན་ལས་དམངས་ཕྱུག་དེ་གཞི་རྩ་རུ་བཟུང་སྟེ། རྨ་ཆུའི་གཞོང་ཡུལ་གྱི་ས་དྲི་དང་ཕྱེ་དྲིའི་མཐོ་སྒང་གི་དྲི་ཞིམ་དེ་ཁྱེར་ནས། རི་རབ་བརྒལ་ཏེ། རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད། དེ་ཡིས་རིག་གནས་ཀྱི་དབང་རྩ་སྲུང་ཡོད་ལ། མང་ཚོགས་ཀྱི་སྒོར་ཁུག་ཇེ་མཐུག་ཏུ་བཏང་ཡོད་པ་རེད།

གནའ་ལུགས་བཞིན་མེ་གསོས། ལྕེ་རྩེའི་ཤུལ་བཞག་ཉར།

ས་སེར་སྤུངས་གཅིག་དང་། གྲོ་ཕྱེ་སྤར་གང་། མེ་ཕུང་གཅིག་གིས་ལོ་ངོ་སྟོང་གི་ཤུལ་བཞག་གི་བྲོ་བ་བཏོན་ཞིང་། ས་ཕྱོགས་གཅིག་གི་མང་ཚོགས་ཀྱི་སེམས་དྲོ་བར་བྱས།

ས་སྲེག་གོ་རེའི་ཉིང་བཅུད་ནི། ས་ནང་དུ་ཡོད་ལ། མེ་ལྕེ་རུ་ཡོད་ཅིང་། ལག་ཤེས་སྒྱུ་རྩལ་རྙིང་བའི་ནང་དུ་ཡོད་ལ། ལྷག་ཏུ་གཅན་ཚའི་འབྱུང་ཁམས་སུ་ཡོད། ཅེས་ཤིང་མཁར་སྡེ་བའི་ས་སྲེག་གོ་རེའི་བཟོ་རྩལ་རྒྱུན་འཛིན་པའམ་ཀུང་ཟིའི་འགན་ཁུར་བ་རྣམ་རྒྱལ་གྱིས་ཚ་ཞིང་སྲེག་པའི་ས་ཕུང་དཀྲུག་བཞིན་དུ། གསར་འགོད་པར་རྒྱུན་འཛིན་བྱེད་པའི་ཀུན་སློང་གླེང་།

ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་རྣམ་གྲངས་ཤག་ཡིན་པའི་ཆ་ནས། གཅན་ཚ་ས་སྲེག་གོ་རེ་ཡི་གནའ་བོའི་སྲེག་རྩལ་ལ་མཐོ་སྒང་མེས་པོའི་འཚོ་གནས་ཀྱི་བློ་གྲོས་འདུས་ཡོད། ཁེ་ལས་ཀྱིས་ནམ་ཡང་སྲོལ་རྒྱུན་བཟོ་རྩལ་གྱི་ཚད་གཞི་དང་གོ་རིམ་བརྩི་སྲུང་བྱས་ནས། གདོད་མ་དང་། ལག་བཟོ། རྫས་སྣོན་མེད་པ་བཅས་སྲོག་ཤིང་ཚད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཡོད། མ་བཅོས་རྒྱུ་ཆ་ནི་སྟེང་སོ་ཞང་དང་ཉེ་འཁོར་གྱི་མཐོ་སྒང་གི་གྲོ་དང་ནས་ལེགས་འདེམས་བྱས་པ་ཡིན་ལ། སྲོལ་རྒྱུན་གྱི་རྡོ་འཐག་བརྒྱུད་ནས། འབྲུ་རིགས་དངོས་ཀྱི་འཚོ་བཅུད་དང་བྲོ་བ་ཚད་མཐོན་པོས་སྲུང་འཛིན་བྱས་ཡོད།

གོ་རེ་སྲེག་པའི་གོ་རིམ་ཞིབ་ཚགས་ཆེ་སྟེ། ཐོག་མར་ས་དཀར་གཙང་མ་འདེམས་དགོས་ལ། དེ་བུད་ཤིང་སྦར་ནས་བསྲེགས་ཏེ་ཚ་དྲོད་མཐོན་པོར་སླེབས་རྗེས་ཕྱེ་བརྫིས་པའི་སྟེང་འགེབས་པར་བྱེད་ཅིང་། དེ་ནས་ས་ཕུང་གི་དྲོད་ཚད་སྙོམ་པར་ཁྱབ་འགྱེད་བྱུང་བ་ལ་བརྟེན་ནས། མེར་དངོས་སུ་མི་ཐུག་ཅིང་རྫས་སྣོན་ཅི་ཡང་བྱས་མེད་པར། དྲོད་དམའ་མོས་ཕྱི་ཤུན་སེར་ལ་སོབ་སོབ་ཅན་དང་། ནང་སྙིང་མཉེན་ཞིང་ཚགས་ཆེ་བ། ཕྱེ་དྲི་དང་ས་དྲི་འདྲེས་པའི་ཐུན་མིན་གྱི་བྲོ་བ་བཟོ་ཐུབ་པ་རེད།

སྐྱུར་བསྙལ་ནས་ལངས་སུ་འཇུག་ཅིང་། ཕྱེ་བརྫིས་ནས་དབྱིབས་དོད། ས་བསྲེགས་ནས་དྲོད་ཚོད་འཛིན་བྱེད་དགོས་ལ། གོ་རིམ་རེ་རེ་མེད་དུ་མི་རུང་ལ། ཉམས་མྱོང་ལ་བརྟེན་དགོས། འཁོར་ཁང་དུ། སྡེ་མི་བཀྲ་ཤིས་སྒྲོལ་མས་བྱང་ཆ་ལྡན་པར་ཕྱེ་བརྫི་བཞིན་འདུག  སྡེ་བའི་ནང་གི་ཐོག་དང་པོའི་ས་སྲེག་གོ་རེ་ལས་མཁན་བུད་མེད་ཅིག་ཡིན་པའི་ཆ་ནས། མོས་བཤད་རྒྱུར། སྔོན་ཆད་ལོ་གསར་དང་དུས་ཆེན་སྐབས་རང་ཁྱིམ་དུ་ལས་པ་རེད། ད་ལྟ་ལག་རྩལ་རྙིང་བ་འདི་འཚོ་ཚིས་སྒྲུབ་བྱེད་ཀྱི་འཚོ་རྟེན་དུ་གྱུར་ཡོད། ད་ནི་ཁྱིམ་དུ་བསྡད་ཆོག་ལ། སྒོར་མོ་ཡང་འཚོལ་ཐུབ་པ་རེད་ཟེར།

ཤུལ་བཞག་ཉིང་བཅུད་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་། ཀུང་ཟིས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལས་རིམ་བཙུགས་ཤིང་། མ་རྒྱུ་ལེགས་འདེམས་ནས་ཕྱེ་རྡོག་སྐྱུར་ལངས། དྲོད་ཚད་ཚོད་འཛིན། དེ་ནས་ཐོན་རྫས་ཞིབ་བཤེར་བཅས་གོ་རིམ་ཧྲིལ་བོར་ཚོད་འཛིན་བྱེད་པར། སྲོལ་རྒྱུན་ལག་རྩལ་དང་སྤུས་ཚད་འགན་སྲུང་གི་ཟུང་འབྲེལ་གཅིག་གྱུར་མངོན་འགྱུར་བྱུང་ཡོད།

གོ་རེ་ཆུང་ཆུང་གིས་ཐོན་ལས་ཆེན་པོ་བཀྱགས།

ལག་རྩལ་རྙིང་བ་སྲུང་ཐུབ་པ་ནས། ཁྲོམ་ར་གསར་བར་བསྐྱོད་ཐུབ་དགོས། གོ་རེ་ཆུང་ཆུང་གིས་ཀྱང་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་ཆེན་པོ་འགྱོག་ཐུབ།

ས་སྲེག་གོ་རེ་ལས་པ་ནི། ཞིམ་ཟས་རྒྱུན་འཛིན་བྱས་པ་ཙམ་མ་ཡིན་པར། ཡུལ་མི་རྣམས་ལ་ཕྱུག་འགྱུར་གྱི་ལམ་བསྐྲུན་པ་རེད། ཅེས་རྣམ་རྒྱལ་གྱིས་ཀུང་ཟི་ཞིང་སྡེ་རུ་རྐང་ཚུགས་པ་དང་། ཡུལ་མི་རྣམས་ལ་ཞབས་ཞུ་སྒྲུབ་པའི་ཀུན་སློང་གླེང་བྱུང་།

ཀུང་ཟིས་གསར་གཏོད་བྱས་ཏེ་ཀུང་ཟིའི་སྟེང་མཉམ་ལས་ཁང་དང་། དེའི་སྟེང་ཞིང་ཁྱིམ་སྣོན་པའི་མཉམ་འགུལ་གྱི་རྣམ་པ་སྤེལ་ཞིང་། ཚགས་དམ་པའི་ཁེ་ཕན་མཉམ་འབྲེལ་བྱེད་སྟངས་བཙུགས། ཕྱོགས་གཅིག་ནས། ཤིང་མཁར་སྡེ་བ་དང་ཉེ་འཁོར་གྱི་ཞིང་ཁྱིམ་བར་ལ་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ཀྱི་གྲོས་ཡིག་བཞག་ཅིང་། གོང་དམའ་མོས་གྲོ་དང་ནས་ཉོས་ནས། མངག་ཐོ་རང་བཞིན་གྱི་མཁོ་སྤྲོད་མངོན་འགྱུར་བྱས། འབྲུ་རིགས་འདེབས་པ་ལ་འགན་སྲུང་དང་། ཡོང་འབབ་སྔར་བས་གཏན་ཆགས་བཏང་། ཕྱོགས་གཞན་ཞིག་ནས། ལས་ཞུགས་ཀྱི་སྒོ་ཆེན་ཕྱེས་ནས། རང་སྡེ་བ་དང་ཉེ་འཁོར་གྱི་དབུལ་ཐར་ཁྱིམ་ཚང་དང་། ཞིང་སྡེའི་བུད་མེད་ལས་ཞུགས་རྣམས་དམིགས་བསལ་གྱིས་སྔོན་ལ་བསྡུས་ནས། ཕྱེ་བརྫི་བ་དང་། དབྱིབས་བཟོ་བ། བསྲེགས་པ། ཐུམ་སྒྲིལ། དགར་བ་སོགས་བརྒྱུད་རིམ་ཡོངས་ཀྱི་ལས་གནས་སུ་ཁྱབ་པར་བྱས་ཏེ། མང་ཚོགས་རྣམས་སྒོ་ནང་ནས་ལས་ཞུགས་ཐུབ་པ་དང་ཡོང་སྒོ་བརྟན་པོ་ཡིན་པ་མངོན་འགྱུར་བྱས།

སྔོན་ཆད་ཞིང་འདེབས་པ་དང་ཞོར་ལས་བྱས་ཤིང་། ཡོང་འབབ་ཉུང་ཉུང་ཡིན་པས་འགན་སྲུང་མེད་ལ། ད་ལྟ་འཁོར་ཁང་དུ་ལས་ཚོགས་སུ་ཞུགས་ན། ཟླ་རེར་སྒོར་སྟོང་གསུམ་ལྷག་འཚོལ་ཐུབ་པས། ཉིན་རེར་བསྡད་ན་སེམས་ཇེ་བདེ་རེད། ཅེས་ཤིང་མཁར་སྡེ་བའི་དབུལ་ཐར་ཁྱིམ་ཚང་མགོན་པོ་ཡིས་དགོད་བཞིན་བཤད་ལ། ཁོ་དང་སྡེ་བའི་མི16མཉམ་དུ་འཁོར་ཁང་གི་རྐང་འཛིན་པར་གྱུར།

གཞི་གྲངས་སྐོར་ཞིག་གིས་དངོས་འབྲས་སྟོན་ཐུབ། ཀུང་ཟིས་བསྡོམས་རྩིས་བྱས་ན་ཉེ་འཁོར་གྱི་ཁྱིམ་གྲངས50ལྷག་གི་གཏན་ཆགས་ཀྱི་ཡོང་འབབ་འཕར་དུ་བཅུག་ཅིང་། ས་གནས་ཀྱི་ངལ་ལས་པ32ནང་འདྲེན་བྱས་ལ། དེའི་ནང་དུ་བུད་མེད26དང་། དབུལ་ཐར་ཁྱིམ་ཚང8ཡོད་པ་དང་། ལོ་རེའི་གླ་ཕོགས་བྱིན་པ་སྒོར་འབུམ་བརྒྱད་ལས་བརྒལ། གོ་རེ་ཆུང་ཆུང་དེ། དངོས་སུ་གྲོང་གསེབ་ལས་ཞུགས་སློང་བ་དང་། མཉམ་པོར་ཕྱུག་འགྱུར་ལ་རོགས་འདེགས་ཐུབ་པའི་གསེར་གྱི་འཇའ་ཤིང་དུ་གྱུར་ཡོད།

ཀུང་སིས་ཞིང་ཆེན་ནང་ཁུལ་ནས་འཕེལ་རྒྱས་གཏོང་བ་དང་ཞིང་ཆེན་ཕྱི་རུ་རྒྱ་བསྐྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་མཐོ་སྒང་གི་གཟུགས་འདས་ཤུལ་བཞག་གི་ཟས་མཆོག་དེ་རང་ས་གནས་མ་ཟད། ཐ་ན་རྒྱལ་ཡོངས་སུ་ཕྱིར་འཚོང་བྱེད་ཐུབ་པར་བྱས། 

ཞིང་ཆེན་ནང་ཁུལ་གྱི་ཁྲོམ་རས་གཅན་ཚ་རྫོང་མཁར་གྱི་སྒོ་རྩིས་ཚོང་ཁང་དང་ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཛེས་ལྗོངས་ཁུལ་གྱི་ཚོང་ཁང་།  ཞང་དང་གྲོང་རྡལ་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་བཅས་གཙོ་བོར་བྱས་ཏེ་ཕྱོགས་ཡོངས་ལ་ཁེབས་པའི་ཡུལ་དངོས་ཀྱི་ཕྱིར་འཚོང་དྲ་རྒྱ་གང་ལེགས་སྒོས་བསྐྲུན་ནས། ས་སྲེག་གོ་རེ་དེ་ས་གནས་སྡོད་དམངས་ཀྱི་ཉིན་རྒྱུན་གྱི་ཁ་ཟས་གཙོ་བོར་གྱུར་ཡོད་པ་མ་ཟད།   ཡུལ་སྐོར་བས་འདེམས་པའི་ས་གནས་ཁྱད་ལྡན་ཐོན་རྫས་གཙོ་བོར་གྱུར་ནས་དུས་ཆེན་སྐབས་དང་ཡུལ་སྐོར་པ་མང་པོའི་དུས་སྐབས་སུ་ཡོང་འབབ་ཆེས་ཆེར་འཕར་བཞིན་ཡོད།

ཞིང་ཆེན་ཕྱིའི་ཁྲོམ་རའི་ཐད་ནས།   འཁྱུག་དབྱིངས་དང་མགྱོགས་འཕྲིན་སོགས་ཀྱི་ཐད་གཏོང་སྟེགས་བུ་དང་།  དེ་བཞིན་གློག་རྡུག་ཚོང་དོན་དང་སྡེ་ཁུལ་གྱིས་གཅིག་བསྡུས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ཚོང་ལམ་གསར་པར་བརྟེན་ནས་ཆེད་ལས་ཚོང་གཉེར་རུ་ཁག་རྩ་འཛུགས་བྱས་ཤིང་།   བརྙན་ཐུང་བརྒྱུད་དེ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་འགྲེམ་སྟོན་དང་ས་སྲེག་གོ་རེ་ཡི་རིག་གནས་གཏམ་རྒྱུད་བཤད་དེ། རྒྱལ་ཡོངས་ཀྱི་འཛད་སྤྱོད་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པར་བྱས།   མིག་སྔར།    པེ་ཅིང་དང་ཧྲང་ཧེ།  ཅང་སུའུ། ཐེན་ཅིན་སོགས་ས་ཁུལ་མང་པོར་ཕྱིར་འཚོང་བྱེད་བཞིན་ཡོད་པ་དང་།  ལོ་གཅིག་གི་དྲ་ཐོག་གི་ཕྱིར་འཚོང་ཡོང་འབབ་སྒོར་ས་ཡ་གཉིས་ལས་བརྒལ་ཏེ། “གཅན་ཚའི་ས་སྲེག་གོ་རེ” ཅེས་པའི་མིང་གྲགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཡོད།  

དེ་དང་ཆབས་ཅིག    ཀུང་སི་དེས་རིག་གནས་ཡུལ་སྐོར་ཐོན་ལས་དང་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ཏེ་ཁམས་ར་མཛེས་ལྗོངས་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཉམས་ཞིབ་ལས་ཤག་བསྐྲུན་ནས་ཡུལ་སྐོར་བ་རྣམས་ཕྱེ་རྫི་བ་དང་གོ་རེ་ལས་པ། གོ་རེ་སྲེག་པ་བཅས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་ཞུགས་སུ་བཅུག་པ་དང་།  ས་སྲེག་གོ་རེ་དེ་རིག་གནས་ཡུལ་སྐོར་གྱི་ཞིབ་འཇུག་སློབ་སྦྱོང་དང་ལུས་རྩལ་འགྲན་སྡུར་གྱི་ཁ་གསབ་བཟའ་བཏུང་ཁྲོད་བཞག་ནས། གཟུགས་འདས་ཤུལ་བཞག་ཟས་མཆོག་དེ་རི་ཆུའི་མཛེས་ལྗོངས་དང་དམངས་སྲོལ་རིག་གནས།  ལུས་རྩལ་འགྲན་སྡུར་ཁྲོད་སིམ་འདྲེས་ཡོང་བར་བྱས་ནས་ས་སྲེག་གོ་རེ་དེ་གཅན་ཚའི་སྣང་བརྙན་ངོམས་པའི་ཟས་མཆོག་ཏུ་འགྱུར་བར་བྱས།   

རྒྱུན་འཛིན་ནི་རྙིང་ཞེན་བྱེད་པ་མིན་ལ།  གསར་གཏོད་བྱས་ན་ད་གཟོད་ཡུན་རིང་ལ་གནས་ཐུབ་ཅེས་པ་ལྟར་མ་འོངས་པའི་འཕེལ་ཐད་རྣམ་རྒྱལ་ལ་ཡིད་ཆེས་ཀྱིས་ཁེངས་འདུག

ཐོན་ལས་རྨང་གཞིར་རྐང་འཛུགས་པ་དང་།    བདེ་ཐང་འཛད་སྤྱོད་དང་གྲོང་གསེབ་དར་སྤེལ་གྱི་འཕེལ་ཕྱོགས་དང་བསྟུན་ནས།  ཀུང་སིས་ཐོན་རྫས་དང་ཚོང་ལམ།  རིག་གནས།   ཞིང་འབྲེལ་བཅས་ཕྱོགས་ཆེན་པོ་བཞིར་དམིགས་ཏེ་ས་སྲེག་གོ་རེ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རིམ་སྤོར་ལ་སྐུལ་འདེད་བཏང་།   ཐོན་རྫས་གསར་གཏོད་ཕྱོགས་ནས།   གནའ་བོའི་བྱེད་ཐབས་གཙོར་བཟུང་ཞིང་།   ནས་དང་རྩིང་འབྲུ་སོགས་བདེ་ཐང་ཐོན་རྫས་གསར་པ་གསར་སྤེལ་བྱས་ཏེ། འཁྱེར་བདེ་བའི་རིགས་དང་རིག་གནས་ཡུལ་སྐོར་གྱི་དྲན་རྟེན་རིགས་སོགས་འཛད་སྤྱོད་ཁྲོམ་ར་དང་མཐུན་པའི་རིགས་སྣ་མང་པོ་གསར་གཏོད་བྱས་ཡོད།   ཚོང་ལམ་རྒྱ་བསྐྱེད་ཕྱོགས་ནས།   ཞིང་ཆེན་ནང་ཁུལ་གྱི་ཡུལ་དངོས་ཚོང་ལམ་བརྟན་སྲུང་དང་། ཞིང་ཆེན་ཕྱིའི་གློག་རྡུལ་ཚོང་དོན་དང་ཚོགས་སྤྱིའི་ཉོ་སྒྲུབ་ཁྲོམ་རར་ཟབ་ཞུགས་བྱེད་པ།   ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་རེ་ཞུ་བཅས་བྱས་ནས། མཐོ་སྒང་གི་གཟུགས་འདས་ཤུལ་བཞག་ཟས་མཆོག་གི་སྤུས་རྟགས་ཇེ་ལེགས་སུ་གཏོང་བཞིན་ཡོད། རིག་གནས་ནུས་སྩོལ་ཕྱོགས་ནས།   གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཏམ་རྒྱུད་རྒྱུན་ཆད་མེད་པར་ལེགས་པོར་བཤད་དེ་གཟུགས་འདས་ཤུལ་བཞག་རིག་གནས་དང་རིག་གནས་ཡུལ་སྐོར།  ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་རྣམ་པ་གསར་པ་བསྐྲུན་ཏེ་རིག་གནས་རིན་ཐང་དེ་ཐོན་ལས་དགེ་མཚན་དུ་འགྱུར་བར་བྱས།    ཞིང་ལས་དང་མཉམ་འབྲེལ་ཟབ་མོ་བྱེད་པའི་ཕྱོགས་ནས། ཚད་ལྡན་ཅན་གྱི་རྩིང་འབྲུ་འདེབས་འཛུགས་རྟེན་གཞི་རྒྱ་བསྐྱེད་དང་།  ཉོ་སྒྲུབ་མངག་ཐོ་དང་ཁེ་ཕན་འགན་སྲུང་།  ཁེ་སྤོགས་བགོ་བཤའ་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཐོན་ལས་མུ་ཕྲེང་གི་རིན་ཐང་འཕར་ཏེ་གྲོང་གསེབ་མང་ཚོགས་ལ་ཕན་ཁེ་མང་པོ་བསྐྲུན།

གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་བོའི་དྲོད་ཁོལ་འོག་ཏུ།    ལོ་ངོ་སྟོང་གི་ལག་རྩལ་ལྡན་པའི་ས་སྲེག་གོ་རེ་དེས་རྒྱུན་ཆད་མེད་པར་ཐོན་ལས་ཀྱི་སྒུལ་ནུས་འདོན་སྤེལ་བྱེད་བཞིན་ཡོད་ལ།   ཐུན་མོང་ཕྱུག་འགྱུར་གྱི་ལེའུ་གསར་པ་འབད་པས་འབྲི་བཞིན་ཡོད།

སྙིང་བྱམས་ཚེ་རིང་དང་ལྷ་མོ་ཚེ་རིང་གཉིས་ཀྱིས་བསྒྱུར།


​