
“གཙང་པོའི་མགོ་ཁུངས་སུ། འབྱམས་ཀླས་པའི་ཆུ་བོ་ཆེན་པོ་མེད་པར་གྲོག་ཆུ་ཕྲ་མོ་དལ་གྱིས་བཞུར་བ་ལས་མེད། ས་གཞི་ཆེན་པོའི་སྟེང་དུ། གྲོག་ཆུ་ཕྲ་མོ་རང་སྟོབས་ཀྱིས་མུར་བརྐྱངས་ནས་ངང་ངམ་ཤུགས་ཀྱིས་ཆུ་ལག་ཆེན་པོ་རུ་གྲུབ་པ་ཡིན།”
ཟླ8པར། ཝུའུ་ཞའོ་ཧན་ཐེ་གོ་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་ཐོབ་ཐང་གི་ངོས་ནས་མཚོ་སྔོན་དུ་ཐེངས་གསུམ་པར་ཡོང་སྐབས། ཁོ་མོ་ཐེངས་དང་པོར་གཙང་པོའི་ལྡོག་ཕྱོགས་སུ་བསྐྱོད་དེ། རྫ་ཆུའི་ཆུ་མགོའི་ཐང་སྟོང་དུ་ཕྱིན་པའི་སྟོན་རླུང་གི་གྲང་ངར་ཅུང་ཆེ་བའི་ཕྱི་དྲོ་དེར་དྲན་སོས་ཀྱི་འདུག སྐབས་དེར་ཁོ་མོས་འཛམ་གླིང་སྐྱེ་བོ་ཀུན་ལ་གསལ་ཆ་ཡོད་པའི་ལེ་དབར་སྟོང་ཕྲག་གི་ས་ཆ་རུ་ཆད་མེད་དུ་བཞུར་བའི་མེ་ཀུང་ཆུ་བོ་ནི། དང་ཐོག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་གཞི་ཆེན་པོའི་སྟེང་དུ་བཞུར་བའི་ཆུ་ཕྲན་ཆུང་ཆུང་ཞིག་ཡིན་པ་མི་ཤེས། གཙང་པོའི་ཆུ་མགོ་ཁོ་མོའི་མིག་མདུན་དུ་ཐོག་མར་རྒྱུ་བའི་སྐད་ཅིག་མ་དེར། ཕྱི་རྒྱལ་གྱི་མི་དམངས་མང་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་བཅངས་པའི་སྔོན་གོམས་ཀྱི་བག་ཆགས་དེར་འགྱུར་བ་ཐེབས་ངེས་པ་མ་ཟད། གཙང་ཆུ་སྔོན་མོས་རྫ་ཆུ་དང་མེ་ཀུང་ཆུ་བོའི་བཞུར་ཁོངས་ཀྱི་རྒྱལ་ཁབ་དྲུག་གི་རི་མཚོ་ཅི་རིགས་བརྒལ་བའི་ལས་དབང་དེའང་བསམ་ཡུལ་ལས་འདས་པ་ཞིག་ཡིན་ངེས་པ་བཤད་ཅི་དགོས།
སྐབས་དེར། 《ཐེ་གོའི་དུས་རླུང》དུས་དེབ་ཀྱི་སྨྱན་སྦྱོར་སྤྱི་ཁྱབ་རྩོམ་སྒྲིག་པ་ཝུའུ་ཞའོ་ཧན་མཚོ་སྔོན་དུ་ཐེངས་དང་པོར་ཡོང་། འགྲུལ་བཞུད་ཐོག་མ་འདིའི་དབང་གིས། ཁོ་མོས་ལོ་བཅུ་ཕྲག་རིང་མཚོ་སྔོན་ལ་བཅངས་པའི་འགྱུར་མེད་ཀྱི་བསམ་ཚོད་ཚང་མ་རྦད་དེ་འགྱུར་འགོ་བརྩམས།
ཐེ་གོའི་མང་ཚོགས་ཀྱི་སྔར་ཡོད་ངོས་འཛིན་ཁྲོད། རྒྱང་ཐག་དུ་མས་ཆོད་པའི་ཀྲུང་གོའི་མཚོ་སྔོན་ལ་ཐོག་མཐའ་བར་གསུམ་དུ་ལུང་སྟོང་གིས་བཀང་ཡོད་ཅིང་། གནས་དེར་གྲང་ངར་ཆེ་ལ་ས་རྒྱུ་ཞན་པ་བཅས་ཀྱི་རྟགས་ཐམ་བཀོད་ཡོད། ལོ་ན་གཞོན་དུས། ཝུའུ་ཞའོ་ཧན་གྱིས་ཀོང་ཏུང་དུ་ཚོང་གཉེར་བྱེད་པར་ཡོང་བའི་མཚོ་སྔོན་གྱི་མིའི་ཁ་ནས་མཐོ་སྒང་གི་དབུལ་ཕོངས་འུ་ཐུག་གི་དཀའ་ངལ་དེ་ཐོས་མྱོང་བ་དང་། ཁྱད་པར་དུ2010ལོའི་ཡུས་ཧྲུའུ་ས་ཡོམ་གྱི་གསར་འགྱུར་བརྙན་ལམ་དུ་མཐོང་བའི་མོད་ལ། གྲང་ངར་ཆེ་ཞིང་ཕྱོགས་གང་ཅིའི་ཆ་རྐྱེན་ཞན་པའི་མཚོ་སྔོན་གྱི་བག་ཆགས་དེ་སྔར་ལས་ཇེ་མཐུག་ཏུ་ཕྱིན། ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ལྔའི་འཚོ་གནས་ཀྱི་གཞི་རྟེན་དུ་གྱུར་ཞིང་། ལེ་དབར་སྟོང་ཕྲག་གི་སར་བར་མེད་དུ་རྒྱུ་བཞིན་པའི་མེ་ཀུང་ཆུ་བོའི་ཤེས་དཔལ་དང་སྐྱེ་སྟོབས་ཀྱི་འབྱུང་ཁུངས་དེ་ནི། ཁོ་མོས་ལོ་མང་པོར་གོ་ནོར་ཐེབས་པའི་མཐོ་སྒང་འདིའི་སྟེང་དུ་སྦས་ཡོད་པ་ཁོ་མོའི་བསམ་མྱོང་མེད།
རྫ་ཆུ་དང་མེ་ཀུང་ཆུ་བོས་ལེ་དབར་ཁྲི་ཕྲག་ཧོབ་ཀྱིས་བརྒལ་ཏེ། ངོས་འཛིན་གྱི་བཀག་རྒྱ་ཅི་རིགས་གཏོར་བར་གོ་སྐབས་ཅི་ཡང་སྟེར།
2021ལོའི་སྟོན་ཀ “ཆུ་བོ་གཅིག་གི་ཆུ་མཉམ་འཐུང་བྱེད། རྫ་ཆུ་དང་མེ་ཀུང་ཆུ་བོའི་བརྩེ་དུང་མཉམ་དུ་གླེང”ཞེས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ལ་བརྟེན་ནས། ཝུའུ་ཞའོ་ཧན་གྱིས་མཚོ་སྔོན་དུ་གཙང་པོའི་མགོ་ཁུངས་ལ་དངོས་སུ་གཏུག་ནས་བཅར་འདྲི་བྱས། ལམ་ལ་མ་ཆས་པའི་སྔོན་ལ། ཁོ་མོས་ད་ཐེངས་ཀྱི་བཅར་འདྲི་འདི་ལ་འཆར་འགོད་ཞིབ་ཚགས་བྱས།
ཁོ་མོས་བཤད་རྒྱུར། “ཐེ་གོའི་མང་ཚོགས་མང་པོ་ཞིག་གིས་རྫ་ཆུ་དང་མེ་ཀུང་ཆུ་བོའི་བཞུར་རྒྱུད་ཀྱི་འབྱུང་ཁུངས་སྐོར་ལ་ཆ་རྒྱུས་མེད་པས། གོ་སྐབས་འདི་དང་བསྟུན་ནས། ད་ཐེངས་ཀྱི་མཐོང་ཐོས་དང་པར་རིས་དང་ཡི་གེ་ཅི་རིགས《ཐེ་གོའི་དུས་རླུང》དུས་དེབ་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ཐོག་བཀོད་དེ། ས་གནས་དེ་གའི་མང་ཚོགས་ཀྱི་མཐོང་ཟུར་ངོས་ནས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་འཆད་རྩིས་བྱས། སྔོན་ཆད་ས་ཡོམ་ལ་བརྟེན་ནས་ཡུས་ཧྲུའུ་ཐོག་མར་ངོ་ཤེས་པ་དང་། དེང་སྐབས་ས་ཡོམ་བྱུང་རྗེས་ཀྱི་བསྐྱར་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་སོགས་རིམ་པར་བརྒྱུད་པའི་ཡུས་ཧྲུའུ་ཡི་རྣམ་པ་གང་འདྲ་ཞིག་ཡིན་པ་ལ་ལྟ་འདོད་ཤིན་ཏུ་ཆེ”ཟེར།
ཆུ་བོའི་གྱེན་ཕྱོགས་བརྒྱུད་དེ་མགོ་ཁུངས་སུ་ཆས་པ་ན། རྫ་ཆུ་དང་མེ་ཀུང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཀྱི་ཉམས་སྣང་གསོན་པོས་ཁོ་མར་ཧ་ལས་ཤིང་ཧང་སངས་དགོས་པའི་དྲིས་ལན་གསལ་བོ་ཞིག་བྱིན་བྱུང་། ངར་སྐད་གནམ་སར་མཆེད་ཅིང་རླངས་ཕྲེང་ལང་ལོང་བར་དུ་རྩེན་པའི་ཉམས་སྣང་མེད་པར། ཆུ་ཕྲན་ཕྲ་མོ་ཁྲི་སྟོང་མང་པོ་རང་མོས་ངང་བཞུར་ནས་རང་བྱུང་གིས་གཞི་གཅིག་ཏུ་འདུས་པའི་རྣམ་པ་འདི་ནི། ད་གཟོད་མཐོ་སྒང་ཁོ་ནར་ཡོད་པའི་སྐྱེ་ཁམས་ཀྱི་དབྱངས་སྙན་འབུམ་ལྡན་གྱི་འགྱུར་ཁུགས་ཆེན་པོ་ཞིག་ཡིན་ལ། རྫ་ཆུ་དང་མེ་ཀུང་ཆུ་བོའི་བཞུར་རྒྱུད་དུ་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་པའི་འབྱུང་རྩ་རྣལ་མ་དེ་ཡིན།
ཐེ་གོ་རུ་ཕྱིར་ལོག་རྗེས། ཝུའུ་ཞའོ་ཧན་གྱིས་ཞིབ་ཚགས་ཟོལ་མེད་ཀྱི་འབྲི་ཐབས་སྤྱད་དེ། ཕྲེང་བསྟར་གསར་འགྱུར་ལེགས་གྲས་འགའ་བྲིས། 《ཐེ་གོའི་དུས་རླུང》དུས་དེབ་དང་དེ་བཞིན་ལས་སྟེགས་ཡོངས་ཀྱི་སྨྱན་སྦྱོར་གསར་པའི་སྟེང་བཀོད། དེ་སྔའི་ཕྱོགས་རེ་བ་དང་ལྟ་བ་མཁྲེགས་འཛིན་ཅན་གྱི་ཕྱི་རྒྱལ་གྱི་གནས་ཚུལ་སྤེལ་ཐབས་དང་གཏན་ནས་མི་འདྲ་བར། ཁོ་མོས་དངོས་བྲིས་འབྲི་ཐབས་ཀྱིས་ས་གཞི་འདིའི་སྟེང་གི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་བསྐྱར་སྐྲུན་གྱི་འཕོ་འགྱུར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་མཚོན་བྱས།
ཁོ་མོས་བཤད་རྒྱུར། “ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་དུ་ཐོན་པ་ན། བོད་ལུགས་ཀྱི་ཉམས་སྣང་གིས་ཕྱུག་པའི་གྲོང་ཁྱེར་གྱི་རྣམ་པ་དེ་མིག་མདུན་དུ་མངོན་ཡོང་བ་དང་། གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་རི་གྲོང་དེ་རྨི་ལམ་གྱི་ཡུལ་གྲུ་ལྟ་བུར་མཛེས། གནོད་ཤུལ་བསྐྱར་སྐྲུན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁྲོད། ‘རིག་ལྡན་གྲོང་ཁྱེར’གྱི་འདུ་ཤེས་ཡོངས་སུ་འདྲེས་ནས། གྲོང་ཁྱེར་དོ་དམ་དེ‘ཞིབ་ཚགས་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན’བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། མཆོང་བརྒལ་འཕེལ་རྒྱས་དང་། མཐོ་གསར་དང་རིག་ལྡན་ཟུང་ལྡན་གྱི་ཡུས་ཧྲུའུ་གསར་པ་ཞིག་འཚར་ལོངས་འབྱུང་བཞིན་ཡོད”ཟེར།
གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་དུ། བོད་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་ཚོགས་སུ་བལྟས་ཏེ། མཐོང་རྒྱ་ཆེ་རུ་བསྐྱེད་དེ་ཧ་ལས་ཤིང་ཧང་སངས་པར་གྱུར། གསར་འགོད་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲིད་གཞུང་གིས་ཆེས་མཐོ་བའི་བརྩི་འཇོག་དང་། སྲུང་སྐྱོབ། སྔོག་འདོན། རྒྱུན་འཛིན་བཅས་བྱས་པ་མ་ཟད། ཁྲོམ་རར་དྲངས་པས། གདོད་མ་དང་དེང་རབས་གཉིས་གདོང་ཐུག་བྱུང་ལ། སྦྲེལ་དྲའི་མྱུར་འཁོར་ལ་བརྟེན་ནས་ཕྱི་རུ་བསྐྱོད་དེ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་བླ་ལྷག་ཏུ་བྱུང་ཞིང་། བོད་རིགས་སྤུན་ཟླའི་འཚོ་བའི་སྤུས་ཚད་ལེགས་སྒྱུར་དང་མཐོར་འདེགས་བཏང་བ་མཐོང་། དེ་ལས་གསར་འགོད་པར་སེམས་ཚོར་དྲག་པོ་བྱུང་།
གསར་འགོད་པར་བག་ཆགས་ཆེས་ཟབ་པ་ནི། ཟླ10པའི་ཚེས16ཉིན་ཡུས་ཧྲུའུ་གྲོང་ཁྱེར་ནས་རྫ་སྟོད་རྫོང་དུ་འགྲོ་བའི་ལམ་གྱི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་རྫ་ཆུ་གླིང་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཚིགས་སུ། འགྲེམ་སྟོན་ཚོམས་ཆེན་ནས་བོད་རིགས་ལས་བྱེད་ཅིག་གིས་འགྲེལ་བཤད་བྱེད་པ་ཐོས་བྱུང་། གཟུགས་སྟོབས་ཆེ་བའི་བོད་རིགས་སྐྱེས་པ་འདིའི་མིང་ལ་ཉི་དགའ་ཟེར་ཞིང་། ཁོ་ནི་རྫ་ཆུ་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་རེད། ཉི་དགའ་ཡིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ང་ཚོར་སློབ་དེབ་མེད་ལ། ང་ཚོས་ཕྱི་རྒྱལ་གྱི་ཉམས་མྱོང་ཡང་མ་བླངས་པར། ང་ཚོས་གཙང་གསུམ་འབྱུང་ཡུལ་གྱི་དོན་དངོས་ཀྱི་གནས་ཚུལ་བརྒྱུད་ནས། ཀྲུང་གོའི་ལུགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ལམ་བུ་ཞིག་བཙལ་ནས་རྙེད་ཡོད། སྔོན་ཆད་རང་བྱུང་དང་མིས་གཏོར་བརླག་བྱས་པའི་ས་ཆ་ལ། ང་ཚོས་སྐྱེ་ཁམས་ཀྱི་རང་བྱུང་སླར་གསོ་འབྱུང་བའི་རྩ་དོན་གཞིར་བཟུང་ནས། མི་ཡིས་ཡང་བསྐྱར་གཏོར་བརླག་མི་བྱེད་པར། རང་བྱུང་ཁམས་ཆེན་པོའི་ཆོས་ཉིད་ལ་བརྩི་བཀུར་བྱས་པ་ཡིན་ཟེར།
སྲུང་སྐྱོབ་ས་ཚིགས་ཀྱི་འགྲེམ་སྟོན་ཚོམས་ཆེན་གྱི་རྡོ་བརྩིགས་ཀྱི་འཛུལ་སྒོ་རུ། བོད་རྒྱ་སྐད་གཉིས་ཀྱི་ཆ་ཡིག་ཅིག་འདུག དེ་རུ་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་བརྩི་བཀུར་བྱེད་ཅེས་བྲིས་འདུག འདི་ནི་ས་གནས་མི་དམངས་ཀྱི་རྣམ་འགྱུར་དང་ཡུལ་སྣང་རེད།
ཀྲུང་ཧྭའི་ཆུ་མཛོད་གཙང་གསུམ་འབྱུང་ཡུལ་ལ་བཅར་ཞིང་། རྫ་ཆུའི་མགོ་ཁུངས་འཚོལ་ཞིབ་བྱེད་དུས། གསར་འགོད་པས་ད་གཟོད་གནས་ལུགས་ཤིག་རྟོགས་བྱུང་། དེ་ནི་ཅི་ཞིག་ལ་ཆུ་ཕྲན་ཁྲི་ཕྲག་གཙང་པོར་འགྱུར་ཞེས་པ་དང་། ཅི་ཞིག་ལ་ཆུ་བོ་སྟོང་ཕྲག་རྒྱ་མཚོར་འབབ་ཅེས་པ་ནི། མ་གཞི་ནས་སྙན་ངག་གི་ནང་དོན་ཙམ་མིན་པར། རྫ་ཆུའི་མགོ་ཁུངས་ཀྱི་ཆུའི་ཁྱབ་ཁོངས་ཀྱི་དོན་དངོས་ཀྱི་སྐྱེ་ཁམས་དང་ཆོས་ཉིད་རེད།
གསར་འགྱུར་བཀོད་པ་དུས་དེབ་སྟེང་སྤེལ་རྗེས་མགྱོགས་མྱུར་ངང་ཐེ་གོ་ལས་རིགས་ཁག་གི་ཚུར་སྣང་ཆེན་པོ་བྱུང་བ་དང་། མང་ཚོགས་ཀྱིས་མདོ་དབུས་མཐོ་སྒང་ལ་བཅངས་ཡོད་པའི་ངོས་ཟིན་གསར་བར་བསྒྱུར་ཏེ། གཙང་པོའི་མགོ་ཁུངས་ཀྱི་དག་གཙང་ཡུལ་ལྗོངས་དང་ཐུན་མིན་མི་ཚུལ་རིག་གནས་ལ་སྨོན་པ་འཆོར། ཐེ་གོ་ཚོང་ལས་ལས་རིགས་ཁག་གིས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དང་ཁྱད་ལྡན་ཞིང་ཕྱུགས། གཟུགས་འདས་རིག་གནས་ཤུལ་བཞག་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་འགྲན་ལམ་ལ་དམིགས་ཏེ། རྒྱལ་ཁོངས་བརྒལ་བའི་མཉམ་ལས་གོ་སྐབས་རང་འགུལ་གྱིས་འཚོལ་ཞིབ་བྱས་ཤིང་། སྨྱན་སྦྱོར་མང་པོ་ཞིག་གིས་རང་འགུལ་ངང་བརྒྱུད་འགོད་དང་འགྲེལ་ཀློག་བྱས་པ་བརྒྱུད། རྫ་ཆུ་དང་མེ་ཀུང་ཆུ་བོའི་མགོ་ཁུངས་ཀྱི་གཏམ་རྒྱུད་དེ་ཐེ་གོ་མང་ཚོགས་ཀྱི་གླེང་གཞི་གཙོ་བོ་རུ་གྱུར།
རྒྱལ་ཁབ་དྲུག་གཙང་པོ་གཅིག་གིས་སྦྲེལ། ལས་སྐལ་གཅིག་ཆུ་མགོ་གཅིག་ལ་འབྲེལ།
ད་ལོ་རྫ་ཆུ་དང་མེ་ཀུང་ཆུ་བོའི་བར་མཉམ་ལས་བྱས་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན་ཞིང་། རྫ་ཆུ་དང་མེ་ཀུང་ཆུ་བོའི་བཞུར་རྒྱུད་ཀྱི་སྟོད་སྨད་རྒྱུད་ཀྱིས་མཐུན་སྦྱོར་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་རྣམ་པ་སྔར་ལས་མངོན་གསལ་རེད། ལོ་བཅུ་ཡི་རིང་། ཀྲུང་གོ་དང་མེ་ཀུང་ཆུ་བོའི་རྒྱུད་ཀྱི་རྒྱལ་ཁབ་ལྔ་ཡི་ཉོ་ཚོང་དངུལ་འབོར་དེ་ཨ་སྒོར་ཁྲག་ཁྲིག་ལྔ་ལས་བརྒལ་ཏེ། ལོ་བཅུ་ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་ལྔ་བཅུ་འཕར་ཡོད། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལྕགས་ལམ་བརྒྱུད་དེ་སྐྱེལ་འདྲེན་བྱས་པའི་དངོས་ཟོང་རིགས་ཀྱང་ཐོག་མའི་དུས་ཀྱི་རིགས10ལྷག་ནས་རིགས3900ལྷག་ལ་རྒྱ་ཆེར་འཕར་ཞིང་། རྒྱལ་ཁབ་དང་ས་ཁུལ19ལ་ཁྱབ་པར་བྱས་ནས། རྒྱལ་ནང་གི་ཕྱི་ཚོང་བདག་གཉེར་བྱེད་པོ7000ལྷག་ལ་ཞབས་འདེགས་ཞུས་ཡོད། རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་དེ་འདུ་ཤེས་འཛིན་པ་ནས་འཕེལ་རྒྱས་ཁེ་སྤོགས་དངོས་སུ་ལེན་རྒྱུ་ཡོད་པར་གྱུར། ངོས་འཛིན་གསར་རྐྱང་ཞིག་དང་མཉམ་ལས་འདུན་ལྗོངས་ཤིག་གི་བསམ་པའི་འཁྱེར་སོ་ལ་བརྟེན་ནས། ཟླ8པར། ཝུའུ་ཞའོ་ཧན་མཚོ་སྔོན་ལ་ཐེངས་གསུམ་པར་ཡོང་སྟེ། རྫ་ཆུ་དང་མེ་ཀུང་ཆུ་བོའི་མགོ་ཁུངས་ཀྱི་མཉམ་ལས་གླེང་མོལ་བྱེད་སྒོར་ཞུགས།
ཡུལ་ལྗོངས་ཟིན་ཐོར་འགོད་པའི་སྨྱན་སྦྱོར་པའི་ཐོབ་ཐང་ནས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ལ་གཞོལ་བའི་དམངས་ཁྲོད་སྐུལ་འདེད་པར་གྱུར། ཝུའུ་ཞའོ་ཧན་གྱིས་ཤེས་གསལ་ལྟར་ན། གལ་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་གྱི་རང་མདངས་ཤིག་ཡིན་ན། རྒྱུན་འཛིན་དང་གསར་གཏོད་མཉམ་དུ་བྱུང་བའི་ཐོན་ལས་འཕེལ་རྒྱས་ནི། མཐོ་སྒང་གིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྱད་ཆོས་རང་ཡིན།
མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་སུ་ཝུའུ་ཞའོ་ཧན་གྱིས་མཐོ་སྒང་གི་སྲོལ་རྒྱུན་ལག་རྩལ་གྱི་རབས་བརྗེ་གསར་སྒྱུར་ལ་བདེན་དཔང་བྱས། ཞེང་ཆེ་བའི་ལག་བཟོའི་ས་གདན་གྱི་མདུན་དུ་ལངས་ཏེ། ཁོ་མོས་རང་དབང་མེད་པར་སེམས་ཚོར་ཟབ་མོ་ཞིག་བརྗོད་པ་ནི།“ཐེ་གོའི་དར་སྐུད་འཛམ་གླིང་ཐོག་སྐད་གྲགས་ཆེ་ཡང་། མང་ཆེ་བའི་ཞེང་ཚད་ཅུང་ཆུང་བ་རེད། ཡིན་ཡང་མཚོ་སྔོན་གྱི་ལག་བཟོའི་ས་གདན་གྱིས་ཞེང་ཚད་ལ་སྨི་འགའ་ཡོད་པའི་རི་མོ་ཆ་ཚང་ཞིག་འཐག་ཐུབ་ཅིང་། མཐོ་སྒང་ལུག་བལ་གྱི་ཐུན་མིན་ཁྱད་ཆོས་ཚོར་ཐུབ་པ་མ་ཟད། གནའ་བོའི་རི་མོའི་བཟོ་རྩལ་ཡང་དེང་རབས་ཇུས་འགོད་ཁྲོད་མཉམ་འདྲེས་ཡོང་བར་བྱས་ཡོད་ལ། འདི་ནི་མཐོ་སྒང་གི་ལག་ཤེས་པར་ཡོད་པའི་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ཤིག་རེད་ཟེར། ”
འདི་ལྟ་བུའི་བརྟན་སྲུང་དང་གསར་སྒྱུར་ནི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤུས་འདེགས་ཕན་སྐྱེད་ཀྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཡིན། ད་ལྟའི་མཚོ་སྔོན་ནི་སྔོན་ཆད་ལྟར་ཐག་རིང་ལུང་ཁུག་ཏུ་ཡོད་པའི་མཐོ་སྒང་གི་ལྐོག་གྱུར་གནས་ཤིག་གཏན་ནས་མིན།
ཝུའུ་ཞའོ་ཧན་གྱིས “ཟི་ལིང་གིས་ང་ལ་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་ཞིག་གི་བག་ཆགས་ཟབ་མོ་བཞག་བྱུང་། དགོང་མོ་སླེབས་པ་ན། གྲོང་ཁྱེར་ཡོངས་སུ་གློག་འོད་ཆེམ་ཆེམ་འཕྲོ་ཞིང་ཚོན་མདངས་རྣམ་པར་བཀྲ་ལ། མཐོ་སྒང་གི་གྲོང་ཁྱེར་འདིས་གདོད་མའི་སྐྱེ་ཁམས་རིག་གནས་དང་དེང་རབས་ཅན་གྱི་དར་སྲོལ་གཉིས་མཉམ་འདྲེས་ལེགས་པོ་བྱས་ཡོད། ངས་བལྟས་ན་གྲོང་ཁྱེར་འདི་ནི་ནུབ་རྒྱུད་ས་ཁུལ་དུ་འཕེལ་རྒྱས་ཧ་ཅང་མགྱོགས་པའི་གྲོང་ཁྱེར་གྲས་ཀྱི་གཅིག་ཡིན་ལ། རྒྱལ་སྤྱི་ཅན་དང་གྲོང་ཁྱེར་ཅན་དུ་འགྱུར་བའི་གོམས་སྟབས་ཀྱང་ཧ་ཅང་མགྱོགས་ཟེར། ”
གསོན་ཉམས་ཀྱིས་ཕྱུག་པའི་གྲོང་ཁྱེར་གྱི་རྣམ་པ་དང་འཕེལ་རྒྱས་ཀྱི་གནས་བབ་བརྟན་པོས་མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་གང་ལེགས་སྒོས་མངོན་པར་བྱས་ཡོད་ལ། དཔལ་འབྱོར་ཉོ་ཚོང་གི་གཞི་གྲངས་དེ་དེ་བས་ཀྱང་ས་གནས་གཉིས་བར་ཕན་ཚུན་འགྲོ་འོང་བྱེད་པའི་དཔང་པོ་གལ་ཆེན་དུ་གྱུར་ཡོད། 2025ལོར་མཚོ་སྔོན་གྱིས་བསྡོམས་པས་ཐེ་གོར་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་འབུམ་དགུ་ཁྲི་བརྒྱད་བཏང་བ་དང་། ད་ལོའི་ཟླ་དང་པོ་ནས7པའི་བར་གྱི་ཕྱིར་གཏོང་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་འབུམ་དྲུག་ཁྲི་དགུར་སླེབས་ཡོད་ལ། ཆིག་ཤེལ་ཀུའེ་དབྱུག་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས། ཉ་སེར་ཁྲ་སོགས་ཁྱད་ལྡན་ཐོན་རྫས་མེ་ཀུང་ཆུ་བོའི་འགྲམ་དུ་ཕྱིར་འཚོང་བྱས་ཏེ་ས་གནས་གཉིས་བར་དཔལ་འབྱོར་ཉོ་ཚོང་བྱེད་པའི་སྦྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཝུའ་ཞའོ་ཧན་གྱིས“ཡུལ་སྐོར་དང་ཟས་རིགས་ནི་ཕན་ཚུན་བར་སྤེལ་རེས་དང་ཉོ་ཚོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་ལེགས་པོ་ཞིག་ཀྱང་ཡིན་ཟེར། ” ཝུའུ་ཞའོ་ཧན་གྱི་བསམ་པར་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་དཔལ་འབྱོར་ཉོ་ཚོང་མཉམ་སྦྲེལ། དམངས་སེམས་གཅིག་མཐུན་བཅས་ཀྱིས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་ཆེས་གསོན་ཉམས་ལྡན་པའི་འཆར་འགོད་མཉམ་དུ་འབྲི་བཞིན་ཡོད་པར་འདོད།
“ ང་ནི་གཙང་པོའི་ཕ་རོལ།། ཁྱོད་ནི་གཙང་པོའི་ཚུར་རོལ།། བརྩེ་སེམས་གཅིག་ཏུ་མཐུན་ན།། ཆུ་མོ་མཉམ་འཐུང་བྱས་ཆོག། ”བཅར་འདྲི་མཇུག་སྒྲིལ་སྐབས། སྤྲིན་ནག་གིས་བསྒྲིབས་ཡོད་པའི་མཐོ་སྒང་གི་ནམ་མཁའ་རིམ་གྱིས་དྭངས་ནས་ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པ་ཞིག་ཏུ་གྱུར། ཀྲོང་ངེར་འགྱིང་བའི་ཐག་རིང་གི་རི་རྒྱུད་ལ་རྒྱང་ལྟ་བྱེད་བཞིན་ཝུའུ་ཞའོ་ཧན་གྱིས་སྐད་མགོ་དམའ་མོས་སྙན་ཚིག་འདི་གྱེར། རྫ་ཆུ་རིང་མོས་རྒྱལ་ཁབ་དྲུག་གི་རི་ཆུ་མཉམ་དུ་སྦྲེལ་ཡོད་ལ། ཁོ་མོ་དང་མཚོ་སྔོན་བར་གྱི་བརྩེ་བ་ཟབ་མོ་སྦྲེལ་ཡོད། གོ་བ་ལོག་པ་དང་ཐོག་མར་ངོ་ཤེས་པ་ནས་བརྩེ་བ་ཟབ་མོ་ཆགས་པ་དང་རྒྱུས་ལོན་ཟབ་མོ་བྱས་པའི་བར་གྱི་མགོ་ཁུངས་འཚོལ་བའི་འགྲུལ་བཞུད་རེ་རེ་ཡིས་ཁོ་མོར་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གསོན་ཤུགས་ཚོར་དུ་བཅུག
སྔོན་ཆད་མཚོ་སྔོན་ནི་དཔེ་དེབ་དང་གསར་འགྱུར་ལས་མཐོང་ཐུབ་པའི་མེ་ཀུང་ཆུ་བོའི་ཕ་རོལ་གྱི་མིང་ཙམ་ཡིན་མོད། འོན་ཀྱང་ད་ལྟ་མཚོ་སྔོན་དེ་བཞུར་རྒྱུན་ལ་ཆད་པ་མེད་པའི་གཙང་པོ་ཞིག་དང་འདྲ་བར། རྫ་ཆུ་དང་མེ་ཀུང་ཆུ་བོ་མཉམ་གནས་ཀྱི་མཚོན་རྟགས་དང་སྒོ་འབྱེད་འཕེལ་རྒྱས་ཀྱི་ས་ཁུལ་གསར་པ་ཞིག་ཏུ་གྱུར་ཡོད། མཚོ་སྔོན་དུ་འགྲུལ་བཞུད་ཐེངས་གསུམ་བྱས་ཀྱང་། ཝུའུ་ཞའོ་ཧན་ད་རུང་ཡིད་ཚིམ་གྱིན་མེད།
ཝུའུ་ཞའོ་ཧན་གྱིས“ང་ད་རུང་མཚོ་སྔོན་གྱི་ས་ཆ་མང་ཆེ་བར་འགྲོ་ཁོམ་མ་བྱུང་། ང་གནས་འདིའི་ཡུལ་སྲོལ་གོམས་གཤིས་ལ་ཧ་ཅང་དགའ། རྗེས་མར་ང་ད་རུང་མཚོ་སྔོན་དུ་ཡོང་ནས་གནས་འདིར་རྒྱུས་ལོན་ཟབ་མོ་བྱེད་ངེས། ངས་ཀྱང་ད་རུང་ཐེ་གོའི་གྲོགས་པོ་མང་པོ་མཚོ་སྔོན་དུ་ཡོང་བར་གདན་ཞུ་བྱས་ཏེ་མཚོ་སྔོན་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་དུ་འཇུག་འདོད་ཡོད་ཟེར། ”