
ཉིན་འགའི་སྔོན་གྱི་ཉིན་གུང་ཞིག་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་དུ་མི་ཚོགས་ལང་ལོང་དུ་འཁོར་ལ། སྲང་ལམ་འགྲམ་གྱི་སོག་རིགས་ཟ་ཁང་ཞིག་གི་ཐབ་ཚང་སླ་ངའི་ནང་གི་གཡིས་སློག་སློག་ཏུ་གདུ་བཞིན་འདུག སྐམས་ཤ་ཕྱེ་ཡིས་བཏུམ་པའི་བག་ལེབ་རེ་རེ་སློག་སློག་ཏུ་གདུ་བཞིན་པའི་གཡིས་ཟངས་ནང་དུ་འཕངས་ནས་སྐར་མ་འགའི་རྗེས་སུ་བག་ལེབ་སེར་ཀྱིག་ཀྱིག་ཏུ་བཙོས་ཡོད་ལ། ཟ་ཁང་ནང་དུ་དེའི་དྲི་མ་ཞིམ་པོ་འཐུལ་འདུག
ཐབ་ཀའི་མདུན་དུ་ཟ་ཁང་གི་སྦྱིན་བདག་མགོན་པོ་དོན་འགྲུབ་ཀྱིས་སེམས་རྣལ་ལ་ཕབ་ནས་སླ་ངའི་ནང་གི་བག་ལེབ་ཡར་སྐོར་མར་སྐོར་བྱེད་བཞིན་ཡོད། ལོ་ངོ་མང་པོར་མཐོ་སྒང་གི་ཉི་ཟེར་ཕོག་ཅིང་ཁ་ཆར་བུ་ཡུག་གིས་གཙེས་པས་ངོ་གདོང་ནག་ཀྱིག་གེར་གྱུར་བ་དང་། ལག་པར་སེར་ཁས་བཀང་འདུག
སྔོན་ཆད། མགོན་པོ་དོན་འགྲུབ་ནམ་ཡང་རྩྭ་ཐང་དུ་ནོར་གནག་གི་རྗེས་ན་ཡོད། ནངས་སྔ་མོ་ནོར་ལུག་ལྷས་ནས་བཏང་རྗེས་དགོང་མོ་ལྷས་རར་བསྐྱིལ་སྐབས་ནོར་ལུག་གི་རྩིས་གྲངས་ལེན་དགོས་ལ། ཕྱུགས་འཚོ་བ་ནི་ཁོའི་འཚོ་བ་ཡོད་དོ་ཅོག་རེད། 2016ལོར། ཁོས་ཉེ་འགྲམ་གྱི་འབྲོག་མི་ཚོས་སྤུས་ལེགས་ཀྱི་ཤོ་དོ་ནོར་གནག་གསོས་ཡོད་རུང་གཏན་འཇགས་ཀྱི་ཡོང་འབབ་ཅིག་ལེན་ཐུབ་ཀྱིན་མེད་པ་ཤེས་ནས། རྩྭ་ཐང་རྒྱབ་ཏུ་བསྐྱུར་ཏེ་གཡུ་སྒང་ཉིན་གྲོང་རྡལ་དུ་ཟ་ཁང་ཞིག་ཕྱེ་རྒྱུ་དང་། ཕ་ཡུལ་གྱི་ཤོ་དོ་སྐམས་ཤས་ལས་པའི་རྒྱུན་ཟའི་ཞོར་ཟས་དེ་ཡོང་འབབ་འཕར་བའི་ཐབས་ལམ་དུ་བསྒྱུར་རྒྱུའི་བསམ་ཚུལ་སྐྱེས།
ཧི་ནན་རྫོང་ནི་མཚོ་འཕགས་མཐོ་ལ་རྩྭ་ས་གཙང་མ་ཡིན་པ་དང་། ཐུན་མོང་མ་ཡིན་པའི་མཐོ་སྒང་གྲང་འཁྱགས་སྐྱེ་ཁམས་ལས་སྤུས་ཚད་བཟང་བའི་ཤོ་དོ་ནོར་གནག་བྱུང་། ཡུལ་དེའི་ནོར་གནག་ཡུན་རིང་པོར་རྫ་མགོ་རི་མགོ་རུ་འཚོས་པས་ཤ་སྙི་ལ་བྲོ་བ་ཞིམ། ལོ་འགའི་སྔོན་དུ། ཤོ་དོ་ནོར་གནག་གི་འཚོང་ལམ་ནི་ཉོ་མཁན་པ་སྒོ་ཁར་ཡོང་ནས་ཉོ་བ་དང་། རིན་གོང་ལ་འཕར་ཆག་ཆེ། རིན་གོང་མི་བཟང་བའི་སྐབས་སུ་ལོ་གང་པོར་སྡུག་རུས་ཀྱིས་འཚོས་པའི་ནོར་གནག་རིན་གོང་དམའ་མོར་བཙོང་དགོས་པས་ཡོང་འབབ་སྐབས་རེར་དམའ་བ་དང་སྐབས་རེར་མཐོ་བས་ཚང་མས་དེའི་ཕྱོགས་སུ་སེམས་ཁུར་བྱེད་བཞིན་ཡོད།
ཤོ་དོ་ནོར་གནག་འཚོ་བའི་འབྲོག་མིའི་དཀའ་སྡུག་ནི་རྫོང་གིས་ཀྱང་མིག་གིས་མཐོང་ཡོད་ལ་སེམས་སུ་ཤེས་ཡོད། ཧི་ནན་རྫོང་གིས་རང་ཡུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། ཤོ་དོ་ནོར་གནག་གི་གཡག་ཐིག་ཐོན་ཁུངས་སྲུང་སྐྱོབ་བྱས་པ་དང་། ཚད་ལྡན་ཅན་གྱི་གསོ་སྤེལ་མ་ལག་འཐུས་ཚང་དུ་བཏང་བ། ཚད་ལྡན་གསོ་སྤེལ་ར་བ་ལས་ནས། ཐོན་ལས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་བསྐངས། དུས་མཚུངས་སུ། ཐོན་སྐྱེད་དང་ཕྱིར་འཚོང་གི་ལམ་ཁ་རྒྱ་བསྐྱེད་པ་དང་། རང་ཡུལ་གྱི་ཁྱད་ལྡན་བཟའ་བཏུང་ལ་རོགས་སྐྱོར་བྱས་པ། འབྲོག་མིས་ཉེ་ས་རུ་རང་ཡུལ་གྱི་ཟ་མ་ལས་སྣོན་བྱེད་པར་སྐུལ་སློང་བྱས་པ་བཅས་ལས་སྤུས་ལེགས་ཤོ་དོ་ནོར་གནག་རིན་གོང་དམའ་མོར་བཙོང་མ་དགོས།
ངར་ཤུགས་སློང་བའི་རོགས་སྐྱོར་དང་སྲིད་ཇུས་རབ་དང་རིམ་པས་མགོན་པོ་དོན་འགྲུབ་ཀྱི་ལས་གཏོད་ལམ་ཁར་སྔར་བས་ངར་ཤུགས་བསྣན་ཞིང་སྔར་བས་ཁ་ཕྱོགས་ཡོད་པར་གྱུར། རྫོང་གི་ཐོན་ལས་སྲིད་ཇུས་ཀྱི་སྡོང་གྲོགས་ཡོད་པས་ཁོར་སྔར་བས་ཡིད་ཆེས་སྐྱེས་ནས་ཤོ་དོ་སྐམས་ཤའི་བག་ལེབ་ཀྱི་ལམ་ཁར་བློ་གཅིག་སེམས་གཅིག་གིས་ཆས།
ཟས་ཀྱི་སྦྱོར་བ་མི་ཤེས་ལ་མཛུབ་སྟོན་བྱེད་མཁན་ཡང་མེད་པས། མགོན་པོ་དོན་འགྲུབ་ཀྱིས་ཡང་དང་བསྐྱར་དུ་ཚོད་ལྟའི་ཚུལ་དུ་ལས་ཤིང་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས། ཤོ་དོ་སྐམས་ཤའི་རང་བྱུང་གི་བྲོ་བ་ཞིམ་པོ་སོར་འཇོག་གང་ཐུབ་བྱེད་ཆེད། ཁོས་བྲོ་རྫས་ཉུང་བཀོལ་གྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ལ། ཤའི་ནང་གི་རྒྱུས་ཀ་ཞིབ་མོས་བསལ་ནས་ཤ་ལག་པས་འཐག་པ་དང་། དེའི་ནང་དུ་སྒོག་རིལ་ཉུང་ཙམ་བསྲེས་ནས་ཇེ་ཞིམ་དུ་བཏང་། གཡིས་ཀྱི་ནང་དུ་བཙོས་ནས་འཚིག་སོང་ན་ཕྱེ་ཡང་བསྐྱར་བརྫིས་ནས་ཡང་དུ་བསྐྱར་དུ་ཚོད་ལྟ་བྱས་མཐར་རིམ་གྱིས་ཤོ་དོ་སྐམས་ཤའི་ཟས་སྦྱོར་ཁྱད་ཆོས་ཡོངས་སུ་རྙེད།
ཤོ་དོ་སྐམས་ཤའི་བག་ལེབ་གཡིས་བཙོས་མ་ནི་རྒྱུན་ཟས་བཅའ་བའི་ཐབས་ལ་བརྟེན་ནས་གདོད་མའི་བྲོ་བ་སོར་འཇོག་བྱས་ཡོད། མཐོ་སྒང་ཕྱུགས་རའི་སྐམས་ཤའི་ཐུན་མོང་མ་ཡིན་པའི་བྲོ་བར་ཉོ་མཁན་རྣམས་ཀྱི་དགའ་བསུ་ཐོབ།
“ཤ་བཟང་པོར་འགྲོ་གྲོན་ཆེ་བའི་ཐབས་ཤེས་བཀོལ་མི་དགོས་ལ། སྟབས་བདེ་ནི་རྩྭ་ཐང་གི་བྲོ་བ་ངོ་མ་ཡིན།”འདི་ནི་མགོན་པོ་དོན་འགྲུབ་ཀྱིས་བརྟན་པོར་བསྲུངས་པའི་ཚོང་གཉེར་གྱི་ཐོག་མའི་འདུན་མ་རེད། ལོ་ངོ10ཡི་རིང་ལ། ཁོས་ཉིན་ཐོག་ཉིན་བརྩེགས་ཀྱིས་སེམས་བསམ་པས་ཚོང་གཉེར་བྱས་པས། ཟ་ཁང་ཆུང་ཆུང་དེའི་ནང་ནམ་ཞིག་ལའང་རྐུབ་སྟེགས་སྟོང་བ་མེད་ལ། ཡུལ་དེའི་སྡོད་དམངས་རྣམས་ཀྱིས་རྒྱུན་དུ་ཟ་བ་དང་། ཡུལ་སྐོར་པས་སྙན་གྲགས་ཐོས་ནས་འདིར་ཐོན་ཡོད། ཉིན་རེར་སྐམས་ཤའི་བག་ལེབ100ལྷག་བཙོང་ཐུབ།
ཟ་ཁང་ཆུང་ཆུང་དེས་འབྲོག་པའི་ཡོང་འབབ་འཕར་བར་རེ་བ་བསྩལ། ལོ་ངོ20ལྷག་ལ་ནོར་ལུག་འཚོས་པའི་རྡོ་རྗེ་དེར་སེམས་འགུལ་ཐེབས་ཡོད། ཚེ་ཕྱེད་ཅིག་ལ་ནོར་ལུག་ལ་བརྟེན་པ་ཡིན། ནོར་ལུག་ཕྱིར་བཙོང་དུས་ཚིགས་ནི་སེམས་ཚེགས་ཆེས་ཆེ་བའི་དུས་སྐབས་ཡིན། ངེད་ཚང་གི་ཤོ་དོ་ནོར་གནག་ཚོན་པོར་གསོས་ཡོད་མོད། འོན་ཀྱང་བཙོང་ཐུབ་མིན་དང་རིན་གོང་མཐོ་མིན་ཚང་མ་ཚོང་ཁྲོམ་གྱི་གནས་བབ་དང་ཉོ་མཁན་གྱི་ངོར་བལྟ་དགོས། གནས་བབ་མི་ལེགས་པའི་སྐབས་སུ་ཉོ་མཁན་གྱིས་རིན་གོང་ཇེ་དམར་གཏོང་བས། ལོ་གཅིག་གི་འབད་བརྩོན་ལ་འབྲས་བུ་ཉུང་ཉུང་ལས་མི་ཐོབ་པ་དང་། ནོར་གནག་འཚོས་པར་ནམ་ཡང་བརྟན་བརླིང་གི་འགན་སྲུང་མེད་པར་གྱུར་འགྲོ།
ཉེ་བའི་ལོ་འགའི་རིང་ལ། ཧི་ནན་རྫོང་གིས་ནོར་གནག་ཉོ་འཚོང་ཚོང་ཁྲོམ་བསྟུད་མར་ཚད་ལྡན་དུ་བཏང་བ་དང་། རང་ཡུལ་གྱི་ཐོན་སྐྱེད་དང་ཕྱིར་འཚོང་གི་སྦྲེལ་ཐག་ཤར་མར་ཕྱེ་བ། དེའི་ཁར་མགོན་པོ་དོན་འགྲུབ་ཀྱི་ཟ་ཁང་གིས་ཡུན་རིང་དུ་རང་ཡུལ་གྱི་ཤོ་དོ་སྐམས་ཤ་ཉོས་པས། རྡོ་རྗེའི་ཕྱུགས་འཚོ་བའི་འཚོ་བ་རྩ་བ་ནས་བདེ་བར་གྱུར། དེ་བས་རྡོ་རྗེས་སྔོན་ཆད་ལྟར་ནོར་གནག་ཉོ་མཁན་གྱི་ཚོང་བར་བསྒུག་མི་དགོས་ལ། ཚོང་ཁྲོམ་གྱི་རིན་གོང་འཕར་འགྲིབ་ལའང་བལྟ་མི་དགོས་པར་སེམས་བདེ་མོས་ནོར་གནག་འཚོས་ན། གཏན་འཇགས་ཀྱི་ཡོང་འབབ་ཅིག་འཐོབ་རྒྱུ་ཡོད།
“སྔོན་ཆད་ནོར་གནག་འཚོས་ན་ལས་དབང་ལ་རག་དགོས་པ་དང་། ད་ལྟ་རང་གི་ངར་ཤུགས་ལ་ཐུག་ཡོད།”ད་ལྟའི་འགྱུར་ལྡོག་ངོ་མ་གླེང་སྐབས་རྡོ་རྗེ་སེམས་འགུལ་ཐེབས་ནས་དེ་ལྟར་བཤད།
སྲིད་ཇུས་ཀྱི་སྡོངས་གྲོགས་ཡོད་པས་མང་ཚོགས་ཀྱིས་རང་བདག་གིས་ལས་གཏོད་བྱས། ཕར་ཚུར་ཤུགས་འདོན་གྱིས་ཧི་ནན་རྫོང་གི་ཤོ་དོ་ནོར་གནག་ཐོན་ལས་བྲིན་པར་གྱུར། 2025ལོར། ཧི་ནན་རྫོང་སྐྱེ་ལྡན་ཐོན་ལས་ཚན་རྩལ་ར་བས་ཡོང་འབབ་སྒོར་དུང་ཕྱུར་བརྒྱད་བྱེ་བ་དྲུག་ས་ཡ་ལྔ་མངོན་འགྱུར་བྱས། དེའི་ནང་ཤོ་དོ་ནོར་གནག་གི་འབྲེལ་ཡོད་ཐོན་རྫས་ཀྱི་ལས་སྣོན་ཟབ་མོས50%ཡན་ཟིན། ཤ་སྐམ་དང་འོ་མ། འོ་ཕྱེ། འབྲི་ཞོ་སོགས་ཀྱི་ཐོན་རྫས་ཚང་མ་གཞི་ཁྱོན་ཅན་དུ་ཆགས་ཡོད། ད་ལྟ། ཧི་ནན་རྫོང་དུ་ཚད་ལྡན་ཅན་གྱི་གསོ་སྤེལ་དཔེ་སྟོན་ར་བ15ལས་ཡོད་ལ། ནོར་གནག་གསོ་སྤེལ་གྱི་ཐོན་ལས་འཕེལ་རྒྱས་སོང་བ་དང་བསྟུན་ནས་སྔར་ལས་ཚད་ལྡན་དང་མ་ལག་འཐུས་ཚང་དུ་གྱུར་ནས། འབྲོག་པ་རྣམས་ཀྱི་ཡོང་འབབ་འཕར་བར་སྣེ་ཁྲིད་ཅིང་འབྲོག་པ་རྣམས་ཀྱི་སྒོར་ཁུག་ལོ་རེ་ནས་ལོ་རེར་ཇེ་མཐུག་ཏུ་གྱུར།
ཧི་ནན་རྫོང་གི་ཐོན་ལས་སྲིད་ཇུས་ཀྱིས་བསྟུད་མར་སྣེ་ཁྲིད་ཅིང་རང་ཡུལ་ཚོང་བས་སྣེ་དྲངས་པ་བརྒྱུད། ཤོ་དོ་སྐམས་ཤའི་ཁྱད་ལྡན་བཟའ་བཏུང་ཐོན་ལས་བསྟུད་མར་རྒྱ་ཆེར་གྱུར། ཁྱད་ལྡན་ཞོར་ཟས་དེ་དང་ཐོག་གི་སྐམས་ཤའི་བག་ལེབ་གཡིས་བཙོས་མ་ནས་རིམ་གྱི་ཤ་མོག་དང་ཆུ་ཚོད་སོགས་ཀྱི་ཐོན་རྫས་ཡོད་པར་གྱུར་ཡོད། ད་ལྟ། གཡུ་སྒང་ཉིན་གྲོང་རྡལ་དང་ཐ་ན་རྫོང་ཡོངས་ཀྱི་ཟ་ཁང་མང་ཆེ་བ་རུ་རང་ཡུལ་གྱི་ཤོ་དོ་སྐམས་ཤའི་རིགས་ཀྱི་ཞིམ་ཟས་ཉོ་རྒྱུ་ཡོད་ལ། རྩྭ་ཐང་གི་གདོད་མའི་བྲོ་བ་བདེ་བླག་ངང་མིང་དུ་གྲགས་ནས། ཧི་ནན་རྫོང་གི་རིག་གནས་ཡུལ་སྐོར་གྱི་ཞིམ་ཟས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད། །