

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མཐའ་ཡས་པའི་རྩྭ་ཐང་དུ“རིན་པོ་ཆེ”རྩ་ཆེན་ཞིག་ཡོད་ལ། དེ་ནི་ནོར་གནག་གི་སྟེང་ནས་རང་བཞིན་དུ་ལྷུང་བའི་ཁུ་ལུ་རེད། ལོ་ངོ་བརྒྱ་སྟོང་གི་རིང་ལ། ནོར་གནག་ནི་མཐོ་སྒང་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྟེན་ས་ཡིན། དེའི་ཁུ་ལུ་ནི་རང་བྱུང་གི་ཚི་སྣ་སྤུས་ལེགས་ཡིན་ལ། རང་བྱུང་ཁམས་ཆེན་མོས་འབྲོག་པ་མང་ཚོགས་ལ་བསྩལ་བའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན།
དུས་ཡུན་རིང་པོར། དཔྱིད་ཀ་དང་སྟོན་ཁར་ནོར་གནག་གི་སྟེང་ནས་རིམ་གྱིས་ལྷུང་བའི་ཁུ་ལུ་སྙི་མོ་དེ་དག་ཉོ་མཁན་དང་ལས་སྣོན་བྱེད་མཁན་མེད་ལ། ཚོང་གི་ལམ་ཁའང་དེ་འདྲ་བཟང་རྒྱུ་མེད་པས་བརྟན་བརླིང་གི་དཔལ་འབྱོར་གྲུབ་ཆ་ཞིག་ཏུ་འགྱུར་དཀའ་བར་གྱུར། ཡུལ་དེའི་འབྲོག་མོ་ཚོས་ནམ་ཡང་རྩྭ་ཐང་དུ་ཕྱུགས་འཚོ་དགོས་ལ་ཁྱིམ་ལས་ཀྱང་ལས་དགོས་པས། ཐག་ཉེ་ས་ཞིག་ཏུ་ལས་ཀར་ཞུགས་ནས་ཡོང་སྒོ་འཕར་བའི་ལམ་ཁ་ཞིག་རྙེད་དཀའ། འབྲོག་པ་མི་ཉུང་བ་ཞིག་གིས་རང་བྱུང་གི་ཐོན་ཁུངས་འདི་བསྲུངས་ནས་སྡོད་པ་ལས། ཐོན་ཁུངས་དེ་མིག་མཐོང་ལག་ཟིན་གྱི་ཡོང་སྒོ་རུ་བསྒྱུར་དཀའ་བར་གྱུར།
ཟླ9པའི་ཚེས10ཉིན། གསར་འགོད་པ་མགོ་ལོག་ཁུལ་དགའ་བདེ་རྫོང་གོང་སྟོད་ཞང་དུ་ཡོད་པའི་ནོར་ལྷ་ནོར་ཁུལ་མངོན་མིན་རིག་གནས་གསར་སྐྲུན་ལག་བཟོ་བཟོ་ཤག་ཏུ་སོང་བ་ན། རྩྭ་ཐང་དུ་གང་སར་འཐོར་བའི་རང་བཞིན་གྱི་ཁུ་ལུ་ལས་སྣོན་བྱེད་བཞིན་པ་མཐོང་། “ང་ཚོའི་བཟོ་ཤག་ད་ལོའི་ཟླ3པའི་ཟླ་མཇུག་ཏུ་སྒོ་ཕྱེ་བ་ཡིན། ལོ་ཕྱེད་ཀྱི་རིང་ལ་གཉེར་སྐྱོང་བྱེད་སྟངས་རིམ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། ད་ལྟ་ལག་བཟོ་འདིར་འཇུས་པའི་འབྲོག་མི་སྣེ་ཁྲིད་པ་ཞིག་གིས་ཟླ་རེར་ཧ་ལམ་སྒོར1000རེ་ལེན་ཐུབ་ཀྱི་ཡོད”ཅེས་གོང་སྟོད་ཞང་གི་འགོ་གཙོ་ཚེ་འཛོམས་ཀྱིས་དེ་ལྟར་བཤད།
བཟོ་ཤག་དཀར་ཞིང་གསལ་ལ་དྲོལ་ཁོལ་ལྡན། འབྲོག་མོ10ལྷག་གིས་ལུས་ལ་གཅིག་གྱུར་གྱི་བཟོ་ལྭ་གྱོན་ཞིང་ཅོག་ཙེ་བསྐོར་ནས་མཚམས་མ་ཆད་པར་ཕྱིང་བ་འཇོག་གཞིན་གདའ། འགའ་ཞིག་གིས་ཁུ་ལུའི་ཚི་སྣ་འཐེན་པ་དང་ཡང་དང་བསྐྱར་དུ་ཁུ་ལུའི་སྙིགས་རོ་བསལ་ཞིང་། འགའ་ཞིག་གིས་ལག་ཏུ་ཆེད་སྤྱོད་ཁབ་བཟུང་ནས་ཡང་དང་བསྐྱར་དུ་གནོན་འཆག་བྱས་ཏེ་སྲོལ་རྒྱུན་གྱི་ཕྱིང་བ་འཇོག་པའི་བཟོ་རྩལ་ལ་བརྟེན་ནས་ཁུ་ལུ་དེ་བཤམས་རྫས་སུ་བཟོས། ཁུ་ལུ་བསལ་བ་དང་ཁེལ་བ། ཚུགས་ཀ་བཏོད་པ་སོགས་ཀྱི་བཟོ་རིམ་བརྒྱུད་ནས་རེག་ན་འཇམ་ཞིང་མིག་ལ་མཛེས་པའི་བཤམས་རྫས་རེ་རེར་བསྒྱུར།

“སྔོན་ཆད་རྩྭ་ཐང་དུ་དཔྱིད་ཀ་དང་སྟོན་ཁར་ལྷུང་བའི་ནོར་གནག་གི་ཁུ་ལུ་གང་སར་མཐོང་ལ་དེ་འཐུ་མཁན་ཡང་མེད་ལ། ང་ཚོར་དེ་དག་བེད་སྤྱོད་པའི་ལག་རྩལ་ཀྱང་མེད།” ཁུ་ལུའི་བཤམས་རྫས་ལས་བཞིན་པའི་ཀུན་འཚོ་དེ་ལས་པར་བྱང་ཆུབ་ཡོད། བཟོ་ཤག་གི་འགྱུར་ལྡོག་གླེང་དུས། མོས་བཤད་པའི་སྐད་ཆ་ཚང་མ་ངོ་མ་རེད། “ད་ལྟ་ཞང་ན་ང་ཚོར་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་འཁྲིད་མཁན་ཡོད་ལ། རྨང་གཞི་ཅུང་ཙམ་ཀྱང་མེད་རུང་སྦྱངས་ན་ཡུན་གྱིས་ཤེས་འགྲོ། ཁྱིམ་ཚང་གི་ཉེ་ས་རུ་ཡོང་སྒོ་བཙལ་ཐུབ་པ་འདི་ནི་ང་ཚོ་འབྲོག་ཁུལ་གྱི་ཁྱིམ་ཚང་ལ་མཚོན་ནས་བཤད་ན་ངོ་མ་དོན་བཟང་ཞིག་རེད”ཅེས་བཤད།
“འབྲོག་པ་མང་ཚོགས་གཞན་ཡུལ་དུ་གླ་རྒྱག་ཏུ་འགྲོ་དཀའ། བུད་མེད་མང་ཆེ་བས་ཕྱུགས་འཚོ་དགོས་པར་མ་ཟད་རྒན་པ་དང་བྱིས་པ་ལའང་བདག་སྐྱོང་བྱེད་དགོས་པས། གཞན་ཡུལ་དུ་ཡུན་རིང་དུ་ལས་ཀར་ཞུགས་དཀའ། ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཤག་ཆུང་གྲས་ཀྱི་སྒོ་ཕྱེ་བ་དེ་ནི་བེད་མེད་དུ་བསྐྱུར་ཡོད་པའི་ནོར་གནག་གི་ཁུ་ལུ་ཚོང་རྫས་སུ་བཏང་སྟེ། ཡུལ་འདིའི་བུད་མེད་རྣམས་ལ་ཡོང་སྒོ་འཕར་བའི་ཐབས་ལམ་གསོན་པོ་ཞིག་འདོན་སྤྲོད་བྱེད་བསམ་པ་ཡིན།” ཞང་གིས་ད་རུང་དུས་ངེས་གཏན་དུ་རིན་མེད་གསོ་སྦྱོང་སྤེལ་བ་དང་། གཅིག་གྱུར་གྱིས་སྲོལ་རྒྱུན་གྱི་ལག་རྩལ་ཁྲིད་པ། མ་དཔེ་ཇུས་འགོད་བྱེད་པ་དང་ཚོང་གི་ལམ་ཁ་འཚོལ་རོགས་བྱས། བུད་མེད་རྣམས་ཀྱིས་ལས་ཀ་ལས་པའི་དུས་ཚོད་རང་བདག་གིས་བཀོད་སྒྲིག་བྱས་ཆོག ཁོམ་སྐབས་སུ་ཁྱིམ་ནས་གསར་གཏོད་བྱས་ཆོག་ལ་མཉམ་དུ་འཛོམས་སྐབས་ཕན་ཚུན་གྱི་ལག་རྩལ་ལ་སྦྱངས་པ་བྱས་ཆོག་ཅིང་། ཁྱིམ་ཚང་ལ་བདག་སྐྱོང་དང་ལས་ཀ་ལས་པ། ཡོང་སྒོ་འཕར་བ་བཅས་ཕན་ཚུན་ལ་བར་ཆད་མེད་པ་མངོན་འགྱུར་བྱས་ཡོད།
གྲོང་ཁྱེར་དུ་རྒྱུག་འགྲོས་ཆེ་བའི་ཐོན་སྐྱེད་ལྟར་འབོར་ཆེན་མྱུར་དུ་ཐོན་སྐྱེད་བྱེད་ཐུབ་པ་དང་མི་འདྲ་བར། ཁུ་ལུའི་བརྩམས་ཆོས་རེ་རེར་ཐུན་མོང་མ་ཡིན་པའི“གོམ་འགྲོས”དང“དྲོད་ཁོལ”ཡོད། “བཟོ་ཤག་གིས་ནོར་གནག་གི་ལུས་སྟེང་ནས་རང་བྱུང་དུ་ལྷུང་བའི་ཁུ་ལུ་རྐྱང་རྐྱང་རྒྱུ་ཆ་བྱས་ཏེ་ཚད་རིམ་ཆེས་མཐོ་བ་ནས་མཐོ་སྒང་ཁུ་ལུའི་རེག་བྱ་འཇམ་པོ་དང་རང་བྱུང་བག་ཆགས་ཀྱི་གདོད་མའི་ཁྱད་གཤིས་སོར་བཞག་བྱས་ཡོད། ལག་བཟོ་རྐྱང་རྐྱང་གི་བྱེད་སྟངས་བརྒྱུད་པ་དང་། བརྩམས་ཆོས་རེ་རེའི་ཐིག་རིས་དང་ཚུགས་ཀ རེག་བྱ་ཚང་མར་ཐུན་མོང་མ་ཡིན་པའི་ཆ་ཡོད་པས་ལད་མོ་བྱེད་མི་ཐུབ”ཅེས་ཚེ་འཛོམས་ཀྱིས་དེ་ལྟར་བཤད།
ཚེ་འཛོམས་ཀྱིས་བལྟས་ན། རང་ཡུལ་གྱི་བཟོ་ཤག་ཆུང་ཆུང་འདི་ནི་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི“ཕྱུག་བསྒྱུར་གྱི་འཁོར་ཁང”ཡིན་ལ། བོད་རིགས་ཀྱི་ནོར་ཁུལ་ལུག་བལ་གྱི་ལག་བཟོ་བཟོ་རྩལ་རྒྱུན་འཛིན་དང་སློབ་སྦྱོང་གི་གཡུལ་སའང་ཡིན། “སྐུད་པ་འཁེལ་བ་དང་ཕྱིང་བ་འཇོག་པ། ཕྱིང་གཟུགས་བཏོད་པ་ཚང་མ་མི་རབས་ནས་མི་རབས་སུ་བརྒྱུད་ཡོང་བའི་ནོར་ཁུལ་ལུག་བལ་གྱི་ལག་བཟོའི་ལག་རྩལ་ཡིན། ད་ལྟ་གཞན་ཡུལ་དུ་སློབ་སྦྱོང་དང་གླ་རྒྱག་ཏུ་འགྲོ་མཁན་གྱི་ན་གཞོན་མང་བ་དང་། རིམ་གྱིས་ལག་རྩལ་འདི་མི་སློབ་པ་དང་དེར་མི་འཇུ་བ་ཞིག་རེད”ཅེས་ཚེ་འཛོམས་ཀྱིས་དེ་ལྟར་བཤད། བཟོ་ཤག་གི་སྒོ་ཕྱེ་དོན་ནི་ཚང་མར་ནོར་ཁུལ་ལས་སྣོན་ལ་བརྟེན་ནས་ཡོང་སྒོ་འཕར་དུ་འཇུག་འདོད་པར་མ་ཟད། མཐོ་སྒང་གི་གནའ་བོའི་ལག་རྩལ་འདི་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། འདིའི་དམངས་སྲོལ་དང་མཛེས་དཔྱོད། རྩྭ་ཐང་གི་གཏམ་རྒྱུད་བཅས་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་བསམ་པ་ཡིན།
མིག་སྔར། བཟོ་ཤག་གིས་བསྟུད་མར་ནོར་ཁུལ་གྱི་རིག་གནས་གསར་སྐྲུན་དང་ཟབ་སྤེལ་བྱས་ཏེ། ནོར་ཁུལ་གྱི་སྐེ་དཀྲིས་དང་ལག་བཟོས་བཤམས་རྫས། མི་རིགས་རྒྱན་ཆ། ཕྱིང་བའི་བཤམས་རྫས་གསར་སྐྲུན་སོགས་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད། ལག་ཤེས་པས་གངས་ལྗོངས་ཀྱི་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ཏེ། བོད་ཀྱི་བཀྲ་ཤིས་མཚོན་པའི་རི་མོ་དང་མཐོ་སྒང་དམངས་སྲོལ་གྱི་ནང་དོན་དེ་དེང་རབས་སྟབས་བདེའི་མཛེས་དཔྱོད་དང་མཉམ་འབྲེལ་བྱས་ཏེ། གནའ་བོའི་ལག་བཟོའི་ཚད་བཀག་ལས་ཡོངས་སུ་བརྒལ་ནས། བབ་ཆགས་ཀྱི་མི་རིགས་རིག་གནས་སྲོལ་རྒྱུན་འཚོ་བའི་རྣམ་པ་ལས་བརྒལ་དུ་འཇུག་རྒྱུ་རེད། རེག་བྱ་འཇམ་པའི་ཁུ་ལུའི་བརྩམས་ཆོས་རེ་རེ་ནི་བེད་ཆོད་སྙིང་རྗེའི་འཚོ་བའི་གཅེས་ནོར་ཡིན་ལ། དེས་བོད་ཡུལ་གྱི་ཡུལ་སྲོལ་རྒྱུན་འཛིན་བྱས་ཡོད་ཅིང་། རྩྭ་ཐང་གི་གཏམ་རྒྱུད་བརྗོད་པའི་རིག་གནས་ཀྱི་ཐེག་བྱེད་ཀྱང་ཡིན།
ས་ཁོངས་ཀྱི་ཚད་བཀག་གཏོར་ཆེད་དང་ཚོང་གི་ལམ་ཁ་རྒྱ་བསྐྱེད་ཆེད་དང་། མཐོ་སྒང་གི་གཅེས་ནོར་ལུང་ཕུག་ལས་བརྒལ་ཆེད། གོང་སྟོད་ཞང་གིས་རང་འགུལ་གྱིས་དྲ་ལམ་ཚོང་སྟངས་འཚོལ་ཞིབ་བྱས་ཏེ། སྣ་མང་ཅན་གྱི་དྲ་ཚོང་དྲིལ་སྒྲོག་དང་ཕྱིར་འཚོང་གི་གཡུལ་ས་ཆགས་སུ་བཅུག་ཡོད། མིག་སྔར། བཟོ་ཤག་གིས་འདར་དབྱིངས་དང་དེབ་དམར་ཆུང་བ། ཐའོ་པའོ་སོགས་ཀྱི་གཙོ་རྒྱུག་དྲ་བའི་སྟེགས་བུའི་བྱང་བུ་འཛུགས་པར་གོ་རིམ་ལྟར་སྟ་གོན་བྱེད་བཞིན་པའི་སྒང་རེད། རྒྱུས་ལོན་པ་ལྟར་ན། བཟོ་ཤག་ལོ་ཕྱེད་ཀྱི་རིང་ལ་འཁོར་སྐྱོད་བྱས་པ་བརྒྱུད་ཁེ་སྤོགས་སྒོར་སུམ་ཁྲི་ཉིས་སྟོང་བླངས།
སྔོན་ཆད་རྩྭ་སའི་གང་སར་ཐོར་ཡོད་པའི་ཁུ་ལུ་དེ་ད་ལྟ་བུད་མེད་རྣམས་ཀྱི་ལག་ནས་ཡང་དང་བསྐྱར་དུ་གསེད་ཅིང་ཁེལ་ནས། ཐར་ཐོར་གྱི་ཁུ་ལུ་དལ་གྱིས་གཞི་གཅིག་ཏུ་བསྒྲིལ་ཏེ་རྩྭ་ཐང་གི་ལེགས་སྐྱེས་དང་ལག་ཤེས་ཀྱི་རྒྱུན་འཛིན་དེ་འབྲོག་པ་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་ལྟོས་དང་བཅས་ཏེ། ཁབ་དང་སྐུད་པའི་བར་ནས་གངས་ལྗོངས་མཐོ་སྒང་གི་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་དར་སྤེལ་གྱི་ཡུལ་ལྗོངས་གསར་པ་ཞིག་འཐག་པ་རེད། །