
ཉེ་ཆར། ཞོགས་པའི་ཉི་ཟེར་མཚོ་སྔོན་པོའི་འགྲམ་ངོགས་སུ་འཕྲོས་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཡག་མོ་སྡེ་བའི་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ(མཚོ་སྔོན་པོ་རྟ་ཕྱུག་གཏེར་སྒོ)དུ་སྔ་མོ་ནས་འདུ་འཛིས་ཁེངས་ཏེ། ས་གནས་སོ་སོའི་ཡུལ་སྐོར་པ་རྣམས་རྟ་ཕྱུག་གཏེར་སྒོའི་ཉི་ཤར་གྱི་མཛེས་ལྗོངས་ལ་ལྟ་རུ་ཐོན་ཡོད། ཀན་སུའུ་ཡི་ཡུལ་སྐོར་པ་སྐུ་ཞབས་ཀྲང་ལགས་ཀྱིས“སྔ་མོ་ནས་གནས་དེའི་ཉི་ཤར་གྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཐོས་མྱོང་བས། ཆེད་དུ་ལམ་ཐིག་བསྒྱུར་ནས་འདིར་ལྟ་སྐོར་བྱེད་དུ་ཡོང་བ་ཡིན”ཞེས་བཤད་ཅིང་། ཁོའི་བཟའ་མི་གང་བོ་དགའ་སྤྲོས་ཁེངས་ཤིང་མཚོ་འགྲམ་དུ་ཞོགས་པའི་ཉི་ཤར་གྱི་མཛེས་ལྗོངས་ལ་ཉམས་རོལ་བྱས།
མི་ཚོགས་ཁྲོད་དུ་སྡེ་མི་གསང་བདག་རྒྱལ་གྱིས་ལས་སྒྲུབ་ལྭ་བ་གོན་ནས་ལྗོངས་ཁུལ་གྱི་སྒྲིག་ལམ་སྲུང་སྐྱོང་ཞོར་དུ་མིག་མདུན་གྱི་མཚོ་དང་རི་བོའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་བཞིན་ཡོད། ད་ལྟ་ཁོ་ནི་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་བདེ་སྲུང་པ་ཞིག་ཡིན་པ་དང་། རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཀ་བརྟན་པོ་ཞིག་རག་སོང་བས་འཚོ་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད། “ཟླ་རེའི་གླ་ཕོགས་དུས་ཐོག་ཏུ་སྟེར་གྱིན་ཡོད་པར་མ་ཟད། ཁྱིམ་ལ་ཐག་ཉེ་བ་དང་ལྟ་སྐྱོང་བྱེད་ཐུབ་པས་འཚོ་བ་ཤིན་ཏུ་སྐྱིད”ཅེས་ད་ལྟའི་འཚོ་བ་གླེང་སྐབས་གསང་བདག་རྒྱལ་གྱི་གདོང་ལ་ཡིད་ཚིམ་པའི་ཉམས་ཤིག་ཤར་འདུག
ལོ་འགའི་སྔོན་ལ་གསང་བདག་རྒྱལ་དང་སྡེ་མི་དག་གིས་ཁོ་ཚོས་དེ་འདྲའི་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་ཐུབ་པ་ཡིད་ལའང་དྲན་མྱོང་མེད། 2023ལོའི་ཡར་སྔོན་དུ། ཡག་མོ་སྡེ་བའི་ཐོན་ལས་གྲུབ་ཚུལ་ཆིག་རྐྱང་ཡིན་པ་དང་། སྡེ་མི་ཚོས་མི་རབས་ནས་མི་རབས་བར་སྲོལ་རྒྱུན་ལྟར་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད་ལ། གནམ་གཤིས་དང་རང་བྱུང་གནོད་འཚེ། ཚོང་རའི་གནས་ཚུལ་བཅས་ཀྱིས་ཡོང་འབབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། ས་གནས་ཀྱི་ལས་ཞུགས་བྱེད་སའི་ལས་གནས་ཉུང་བའི་དབང་གིས། སྡེ་བའི་ན་གཞོན་མང་ཆེ་བ་ཕྱི་རུ་ཞོར་ལས་བྱེད་དུ་འགྲོ་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྨང་གཞི་ཞན་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱང་དཀོན་པ་རེད།
2023ལོར་རྐང་ཚ་རྫོང་གིས་ལྷ་ཆབ་ཁུགས་ལྗོངས་ཁུལ་ཚུད་པའི་དམིགས་བསལ་གཉེར་སྐྱོང་ལྗོངས་གཟིགས་ཁུལ4ཡི་སྒོ་ཕྱེས། ལོ་དེར་སྔར་གྱི་རྣམ་པ་མི་འགྱུར་བའི་རྨང་གཞིའི་ཐོག་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་ལྗོངས་གཟིགས་ས་ཚིགས་གསར་དུ་བཏོད་ཅིང་། “སྲིད་གཞུང་དང་ཁེ་ལས། སྡེ་བའི་ཐུན་མོང་དཔལ་འབྱོར”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ནས། ས་གནས་ཀྱི་འབྲོག་པ་རྣམས་རིག་གནས་ཡུལ་སྐོར་ཞབས་ཞུའི་ནང་ཟབ་ཞུགས་དང་སྐྱེ་ཁམས་ཀྱི་ཁེ་བཟང་མཉམ་རོལ་བྱེད་དུ་བཅུག
“ལྗོངས་ཁུལ་སྒོ་ཕྱེ་རྗེས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐུན་མོང་རྩྭ་ས་བརྗེ་རེས་བསྡུ་སྒྲིལ་དང་ཐོན་ཁུངས་མ་རྐང་ཁྲོད་འཇོག་པའི་ཁེ་ལས་གཉེར་སྐྱོང་གི་བྱེད་ཐབས་སྤྱད་པ་བརྒྱུད། བེད་མེད་དུ་ལུས་པའི་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་འཕར་བར་ཐབས་ལམ་གསར་པ་བཏོད་ཡོད།” ཡག་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། 2023ལོ་ནས་བཟུང་། ཡག་མོ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་རྒྱུན་མཐུད་ངང་སྒོར་ས་ཡ་ལས་བརྒལ་བ་དང་། 2025ལོར་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་སྟོང་དགུ་ལ་སླེབས་ཤིང་། སྡེ་མི་ཚོར་ཁེ་སྤོགས་སྒོར་འབུམ་དྲུག་དང་ཁྲི་དྲུག་སྟོང་དྲུག་བགོས་ཏེ། འབྲོག་ཁྱིམ40ལྷག་གི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི1འཕར་བར་སྐུལ་སྤེལ་བྱས།
སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་ཕྱིན་པ་དང་མཉམ་དུ། སྡེ་མིའི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་ཡང་རྒྱུན་མཐུད་ངང་རྒྱ་སྐྱེད་བཞིན་ཡོད། ད་ལྟ་ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་སྲུང་དང་། གཙང་སྦྲ། ཐབ་ཚང་གི་ཞབས་ཞུ་སོགས་རྨང་གཞིའི་ལས་གནས་ཚང་མར་སྡེ་བ་དེའི་སྡེ་མི་རྣམས་དམིགས་བསལ་སྒོས་སྔོན་ལ་ལས་ཞུགས་བྱེད་དུ་བཅུག་ཡོད། འབྲོག་པ་མི་ཉུང་བ་ཞིག་གིས་ད་དུང་ལྗོངས་ཁུལ་གྱི་འགྲུལ་བར་བརྟེན་ནས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འཚོང་བཞིན་ཡོད་པ་དང་། རྟ་དང་གཡག་ལ་ཞོན་པ་སོགས་དམངས་སྲོལ་ཉམས་ལེན་གྱི་བྱ་འགུལ་མཁོ་འདོན་བྱས་ཤིང་། ལས་རིགས་སྣ་མང་གིས་མང་ཚོགས་ཀྱིས་སྒོ་ཁ་ནས་སྟབས་བསྟུན་འབབ་འཕར་ཐུབ་པ་མངོན་འགྱུར་བྱུང་སྟེ། མཉམ་སྡེབ་ཚོགས་སྒྲིལ་འཕེལ་རྒྱས་དང་མང་ཚོགས་སྣ་མང་ཕྱུག་འགྱུར་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
རིག་གནས་ཡུལ་སྐོར་གྱི་ལས་རིགས་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ། ཡག་མོ་སྡེ་བས་སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་འདེགས་རིམ་སྤར་རྒྱུན་འཁྱོངས་བྱས་ནས། “མ་མོ་འཁོར་རྒྱུག”གི་ལས་གཞི་གསར་གཏོད་དང་ཁྱབ་གདལ་དུ་བཏང་། “ཐུན་མོང་གིས་མ་མོ་འཇོག་པ་དང་འབྲོག་ཁྱིམ་གྱིས་འཚོ་སྐྱོང་བྱེད་པ། ཁེ་སྤོགས་བགོ་བཤའ་རྒྱག་པ”བཅས་ཀྱི་བྱེད་སྟངས་བརྒྱུད། འབྲོག་ཁྱིམ་ལ་མ་མོ་མེད་པ་དང་ལག་རྩལ་དཀོན་པའི་དཀའ་གནད་ཐག་གཅོད་བྱས་ཤིང་། ཆེད་ལས་ལག་རྩལ་ཚོགས་པ་དང་མཉམ་འབྲེལ་བྱས་ནས་གསོ་སྤེལ་གསོ་སྦྱོང་བྱས་ཏེ། མ་མོའི་གསོན་ཚད95%ཡན་བརྟན་པོ་ཡོང་བར་འགན་ལེན་བྱས། དེ་དང་ཆབས་ཅིག་ཏུ“ཐུན་མོང་གི60%དང་འབྲོག་ཁྱིམ་གྱི40%”ཡི་ཁེ་བཟང་ནང་རྐྱེན་ལྟར། རྩྭ་སའི་ཐེག་ཤུགས་དང་ཟུང་འབྲེལ་བྱས་ནས་གསོ་སྤེལ་གཞི་ཁྱོན་སྙོམས་སྒྲིག་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་གསོ་སྤེལ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ཕྱོགས་གསུམ་པོ་མངོན་འགྱུར་བྱུང་།
སྡེ་བ་གཅིག་གི་འཕེལ་འགྱུར་ཆེན་པོ་ལས་ས་ཁོངས་ཡོངས་ཀྱི་དར་རྒྱས་མཐོང་ཐུབ། ཉེ་བའི་ལོ་འགའི་རིང་ལ། རྐང་ཚ་རྫོང་གིས་ཏང་འཛུགས་ལ་བརྟེན་ནས“སྲོག་ཤིང་གཅིག་དང་རུ་ཁག་ལྔའི”ལས་དོན་ལ་སྣེ་ཁྲིད་བྱས་ཏེ། སྲོལ་རྒྱུན་ཐོན་ལས་རིམ་སྤར་དང་གསར་དར་ལས་རིགས་སྐྱེད་སྲིང་མཉམ་སྤེལ་བྱེད་པ་རྒྱུན་འཁྱོངས་དང་། སྡེ་བ་རིམ་པའི་བེད་མེད་ཐོན་ཁུངས་བཀོལ་སྤྱོད་དང་། ཞིང་འབྲེལ་ལས་གཞིའི་མ་དངུལ་བསྡུ་སྒྲིལ། མང་ཚོགས་ཀྱི་སེམས་ཤུགས་སྐུལ་སྤེལ་བཅས་བྱས་ཏེ། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་ལས་སྣོན། ཞིབ་འཇུག་ཉམས་ལེན་སོགས་ཀྱི་སྣ་མང་ལས་རིགས་རྒྱུན་མཐུད་སྒོས་སྐྱེད་སྲིང་བྱས། སྡེ་བ་དང་ཁེ་ལས་མཉམ་འབྲེལ་དང་སྡེ་བ་དང་མཉམ་འབྲེལ་སྒོས་འཛུགས་སྐྲུན་བྱེད་པ། ཐོན་ཁུངས་ལེགས་བསྡུས་གསར་སྤེལ་བྱས་པ་བརྒྱུད། སྡེ་བ་རིམ་པའི་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་ལས་རིགས་ཆིག་རྐྱང་ཡིན་པ། ཡོང་འབབ་ཉུང་བ་སོགས་ཀྱི་ཞན་ཆ་ནུས་ལྡན་སྒོས་སེལ་ཏེ། སྐྱེ་ཁམས་དང་ཐོན་ལས་མཉམ་འདྲེས་དང་། ཐུན་མོང་དང་མང་ཚོགས་མཉམ་རྒྱལ་གྱི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད།
2025ལོའི་ལོ་མཇུག་བར་དུ། རྐང་ཚ་རྫོང་གི་སྲིད་འཛིན་སྡེ་བ31གི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་ལྷག་ལ་སླེབས་པ་དང་། དུས་མཉམ་དང་བསྡུར་ན6.4%འཕར་ཞིང་། སྡེ་བ8ཀྱི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ས་ཡ་ལས་བརྒལ་ཡོད། རྫོང་ཁོངས་ཀྱི་གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་བརྟན་པོར་འཕེལ་བ་དང་རྒྱུན་མཐུད་ངང་ཕན་འབྲས་ཆེ་རུ་ཕྱིན་ནས། རྫོང་ཡོངས་ཀྱི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་བཏིང་ཡོད། །