“སྐལ་བཟང་མེ་ཏོག”འབྲོག་ཁྱིམ་རེ་རེར་བཞད།

ཁུངས། ཀློག་གྲངས།

ཟླ9པའི་ཚེས11ཉིན་གྱི་ཕྱི་དྲོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་འབྲི་ཆུ་སྡེ་བའི་འབྲུག་མོའི་འགག་ཁ་སྡེ་མི་རྣམས་ཀྱིས་བསྐོར་ཡོད། ཆུ་དམར་ལེབ་རྫོང“སྐལ་བཟང་མེ་ཏོག”བདེ་ཐང་སློབ་གསོའི་སྒྲོག་འགྲེལ་རུ་ཁག་གིས་འཕྲོད་བསྟེན་བདེ་ཐང་སྐོར་གྱི་ཤེས་བྱ་སྒྲོག་བཞིན་འདུག རུ་གཙོ་བཀྲ་ཤིས་དཔལ་འཛོམས་ཀྱིས་སྒྲོག་བཤད་བྱས་པ་ཞིབ་ཕྲ་ཡིན་ལ། སྡེ་མི་རྣམས་ཀྱིས་ནན་ཏན་ངང་ཉན་བཞིན་ཡོད། ལན་རེར་དྲི་བ་འདྲི་མཁན་ཡང་འདུག

“ཁྱིམ་ཚང་གི་ཉེ་སར་བཞུར་བཞིན་པའི་ཆུ་གང་འདོད་དུ་འཐུང་མི་རུང་། ཡིན་གཅིག་མིན་གཉིས་བསྐོལ་ནས་འཐུང་དགོས།”

“སྒོ་ཁྱི་ཆུང་དུས་ནས་ནར་སོན་རག་བར་གསོས་པ་ཡིན་ནའང་། འགོག་སྨན་བརྒྱབ་མེད་ཚེ། བྱིས་པར་འབྲེལ་འདྲིས་དམ་ཟབ་བྱེད་དུ་འཇུག་མི་རུང་།”

“ནོར་ཤ་བཙོས་ནས་ཚོས་རྗེས་སུ་ད་གཟོད་ཟ་དགོས། དེ་ལྟར་མ་བྱས་ན་ནད་ཕོག་སྲིད།”

སྒྲོག་འགྲེལ་རུ་ཁག་གི་ཁོངས་མིས་གོ་སླ་བའི་སྐད་ཆས་ནད་འགོག་གི་ཤེས་བྱ་རེ་རེ་བཞིན་འཆད་ཀྱིན་ཡོད། བཀྲ་ཤིས་དཔལ་འཛོམས་ཀྱིས་ཇ་ནག་གི་གནོད་པའི་སྐོར་གླེང་སྐབས། སྡེ་མི་ཞིག་གིས“ང་ཚོས་མི་ཚེ་གང་པོར་ཇ་ནག་འཐུང་བ་ཡིན། གནོད་པ་ཅི་ཡོད་ཤེས་མ་བྱུང་།”ཞེས་བཤད།

བཀྲ་ཤིས་དཔལ་འཛོམས་ཀྱིས་བཤད་རྒྱུར། “ཇ་ནག་གིས་མི་དར་མར་ཐེབས་པའི་གནོད་སྐྱོན་དེ་འདྲ་མངོན་གསལ་མིན་མོད། འོན་ཀྱང་བྱིས་པར་གནོད་འཚེ་ཧ་ཅང་ཆེ། ལོ་འདི་དག་གི་རིང་ལ་ང་ཚོས་འབྲོག་ཕྱོགས་སུ་འཚམས་འདྲི་དང་བརྟག་ཞིབ་བྱས་པ་ན། བྱིས་པ་ཁ་ཤས་ལོ་གསུམ་བཞི་ལ་བུད་མ་ཐག་ཏུ་སོ་བརྗེ་བཞིན་པ་མཐོང་བྱུང་། རྒྱུན་ལྡན་གྱི་གནས་ཚུལ་འོག བྱིས་པ་ལོ་དྲུག་བདུན་ལ་བུད་ན་མ་གཏོགས་སོ་མི་བརྗེ་བ་རེད། དེ་ནི་ཆུང་དུས་ནས་ཇ་ནག་འཐུང་བར་འབྲེལ་བ་ཡོད། ”ཁོས་དེར་མཐུད་ནས་གསལ་འདེབས་བྱས་དོན། ཇ་ནག་ཉོ་སྐབས་ཧྥུལ་རྫས་ཉུང་བའི་ཇ་ཡིན་མིན་གསལ་པོར་བལྟ་དགོས། ཧྥུལ་རྫས་ཉུང་བའི་ཇ་ཡིས་ལུས་ལ་གནོད་པ་ཆུང་།

བཀྲ་ཤིས་དཔལ་འཛོམས་ནི་ཆུ་དམར་ལེབ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཚན་ཁག་གི་ཚན་གཙོ་ཡིན་ལ། ཆུང་དུས་ནས་འབྲོག་ཕྱོགས་སུ་འཚར་ལོངས་བྱུང་། བྱ་བར་ཞུགས་རྗེས་ཐོག་མཐའ་བར་གསུམ་དུ་གསོ་རིག་སྨན་རྫས་ལག་ལེན་བྱས། ཁོས་འབྲོག་པ་རྣམས་ཀྱི་འཚོ་བའི་གོམས་གཤིས་ཁ་ཤས་ཤིག་བདེ་ཐང་མིན་པས། དུས་ཡུན་རིང་པོ་འགོར་ཚེ་གནད་དོན་འབྱུང་བ་ཤེས་ཡོད། 2024ལོར། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཁོ་དང་རྫོང་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱིས་སྐོང་འཐེན་བྱས་པའི་ལས་བྱེད་མི་སྣ4ཡིས“སྐལ་བཟང་མེ་ཏོག”ཅེས་པའི་བདེ་ཐང་སློབ་གསོའི་སྒྲོག་འགྲེལ་རུ་ཁག་ཅིག་བཙུགས། སྒྲོག་འགྲེལ་རུ་ཁག་དེ་ལ་དམིགས་ཡུལ་གཅིག་ལས་མེད། དེ་ནི་བདེ་ཐང་ཤེས་བྱ་འབྲོག་ཁྱིམ་ཁྲི་སྟོང་མང་པོར་བསྒྲགས་ནས། འབྲོག་པ་རྣམས་ལ་འཚོ་བའི་གོམས་གཤིས་ཡག་པོ་ཆགས་སུ་འཇུག་རྒྱུ་དེ་རེད།

“‘སྐལ་བཟང་མེ་ཏོག’གིས་འབྲོག་ཁུལ་གྱི་བདེ་ཐང་དང་མཛེས་སྡུག དགའ་སྐྱིད་བཅས་མཚོན། ང་ཚོས་མིང་འདི་འདྲ་ཞིག་འདོགས་དོན་ནི། འབྲོག་པ་རྣམས་ཀྱི་འཚོ་བ་བདེ་སྐྱིད་དང་ལུས་ཕུང་བདེ་ཐང་ཡོང་བའི་རེ་སྨོན་མཚོན་ཆེད་ཡིན”ཞེས་བཀྲ་ཤིས་དཔལ་འཛོམས་ཀྱིས་དེ་ལྟར་བཤད།

འོན་ཀྱང་སྒྲོག་འགྲེལ་འགོ་རྩོམ་སྐབས་དེ་འདྲའི་བདེ་བླག་ཅིག་མ་བྱུང་། འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པས་གཅིག་ཏུ་སྡུད་དཀའ་བ་དང་། སྒྲོག་འགྲེལ་གྱི་ནང་དོན་ལ་མི་མང་པོ་ཞིག་སྤྲོ་བ་མེད་པ་རེད། སྐབས་རེར་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་མཚམས་སུ་སོང་ནའང་། བདེ་ཐང་ཤེས་བྱའི་སྒྲོག་འགྲེལ་ལ་ཉན་མཁན་མི་སུམ་ཅུ་བཞི་བཅུ་ཙམ་ལས་འདུ་མི་ཐུབ་པས། བཀྲ་ཤིས་དཔལ་འཛོམས་ཀྱིས་དེའི་ཐད་ལ་ཐབས་བཀོད་མི་འཐེན་ཐབས་མེད་བྱུང་།

“འབྲོག་པ་རྣམས་ཡོང་འདོད་མེད་ན། ང་ཚོས་ཕར་བཙལ་ནས་འགྲོ་དགོས། དབྱར་ས་དང་དབྱར་རྩྭ་དགུན་འབུ་ཉོ་སྡུད་ས་ཚིགས་ལ་སོང་བ་དང་། འགྲོ་ཁར་སོ་འཁྲུད་དང་། ལག་ཕྱིས། འཐེན་ཤོག་སོགས་ཀྱི་ཉིན་མཁོའི་དངོས་པོ་ཉོས་ནས་ཉན་དུ་ཡོང་མཁན་རྣམས་ལ་བྱིན་པ་ཡིན”ཞེས་བཀྲ་ཤིས་དཔལ་འཛོམས་ཀྱིས་དེ་ལྟར་བཤད། ཁོ་ཚོས་ད་དུང་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་མཉམ་འབྲེལ་བྱས་ཏེ། འཕྲོད་བསྟེན་ཁང་གིས་སྨན་སྟེར་བ་དང་འོས་འགན་སྨན་བཅོས་བྱས་ལ། སྒྲོག་འགྲེལ་རུ་ཁག་གིས་ཤེས་བྱ་སྒྲོག་འགྲེལ་གྱི་འགན་ཁུར། ད་དུང་ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་ལ་མཉམ་འབྲེལ་བྱས་ཏེ། སྡེ་དམངས་ཚོགས་ཆེན་གྱི་གོ་སྐབས་ལ་བསྟུན་ནས་ཡུལ་དངོས་སུ་སྒྲོག་འགྲེལ་བྱས།

ཕན་འབྲས་རིམ་བཞིན་མངོན་བྱུང་། ལོ་ངོ་གཉིས་ཀྱི་རིང་ལ། ཉན་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། ཟླ་སྔོན་མར། སྒྲོག་འགྲེལ་རུ་ཁག་གིས་རྨ་སྟོད་ཞང་དགུ་གཡང་སྡེ་བར་བུད་མེད་ཀྱི་བདེ་ཐང་ཤེས་བྱའི་ཆེད་དོན་སྒྲོག་བཤད་རྩ་འཛུགས་བྱས་པར། བུད་མེད700ལྷག་ཡོང་བ་དང་། དེའི་ནང་དུ་དགུ་གཡང་སྡེ་བའི་མི་ཡོད་པར་མ་ཟད། ཉེ་འཁོར་གྱི་སྡེ་བ་གཞན་པ་ནས་ཡོང་མཁན་ཡང་ཡོད།

“ཕར་སོང་ནས་བཤད་པ”ནས“ཚུར་ཡོང་ནས་ཉན་པའི”བར་གྱི་འགྱུར་ལྡོག་དེའི་རྒྱབ་ཏུ། འབྲོག་པ་མང་པོ་ཞིག་གིས་བདེ་ཐང་ལ་དོ་སྣང་བྱེད་འགོ་ཚུགས་ཡོད་པ་ཤེས་ཐུབ། ཐེངས་དེའི་བུད་མེད་བདེ་ཐང་ཤེས་བྱའི་ཆེད་དོན་སྒྲོག་འགྲེལ་གྱི་འཆད་ཁྲིད་པ་གཙོ་བོ་ནི། ད་ལོར་ལས་ཀར་གསར་དུ་ཞུགས་པའི་ལྷ་མོ་གཡང་འཛོམས་རེད། ཐེངས་དང་པོར་མི་དེ་འདྲའི་མང་པོ་ཞིག་ཡོང་ནས་ཉན་པས། མོས་རང་གི་བྱ་བ་དེ་ལ་དོན་སྙིང་ཡོད་པར་འདོད།

བཀྲ་ཤིས་དཔལ་འཛོམས་ཀྱིས་བཤད་རྒྱུར། “རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་བདེ་ཐང་ཤེས་བྱ་སྒྲོག་འགྲེལ་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་དེ། རྫོང་ནོར་སྲིད་ཀྱིས་ལོ་རེར་ཆེད་དོན་གྲོན་དངུལ་སྒོར་འབུམ་གཉིས་ཡས་མས་སྟེར་གྱིན་ཡོད། ད་ལོར་ན་གཞོན4གསར་དུ་རུ་ཁག་ལ་ཞུགས་ཤིང་། དེ་ཚོའི་ཟླ་ཕོགས་ནི་རྫོང་སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་རྣམ་པར་བརྟེན་ནས་སྟེར་བཞིན་ཡོད། དེའི་སྔོན་གྱི་སྒྲོག་འགྲེལ་རུ་ཁག་གི་རུ་མི4ནི་རྫོང་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱི་ལས་བྱེད་མི་སྣ་རེད། སྒྲོག་འགྲེལ་ལས་གཞན་ད་དུང་ནད་ཡམས་སྔོན་འགོག་གི་བྱ་བ་བསྒྲུབ་དགོས་པས། སྐབས་འགར་ལས་ཀ་གཅིག་ལྕོགས་བྱེད་ཀྱིན་ཡོད། ད་ལོར་གསོ་རིག་ཆེད་ལས་ཀྱི་མཐར་ཕྱིན་ན་གཞོན4གསར་དུ་བསྡུ་ལེན་བྱས་པ་ཡིན་ལ། སྐབས་དེར་མི70ལྷག་གིས་མིང་ཐོ་བཀོད་པ་དང་། ད་ལྟ་ཁོ་ཚོས་སྒྲོག་བཤད་པའི་ལས་འགན་སྒྲུབ་བཞིན་ཡོད།”

རུ་མི་གསར་པ་སླེབས་རྗེས། སྒྲོག་འགྲེལ་བྱེད་སྟངས་ཀྱང་སྣ་མང་དུ་གྱུར། སྒྲོག་འགྲེལ་རུ་ཁག་གིས་འཁྱུག་དབྱིངས་དང་། མགྱོགས་འཕྲིན། བརྙན་སྟེགས་བཅས་ཀྱི་ལམ་ནས། བདེ་ཐང་སྐོར་གྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་བརྙན་ཕབ་སྒྲིག་བཟོ་དང་། དགོད་བྲོ་བའི་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ལྗོངས་རྣམ་གར་ཆུང་རང་གིས་འཁྲབ་ཁྲིད་དང་རང་གིས་འཁྲབ་སྟོན་བྱས། སློབ་གྲྭར་སོང་ནས་སྒྲོག་འགྲེལ་བྱེད་སྐབས། ཁོ་ཚོསPPTཡི་རྣམ་པས་པར་རིས་དང་ཡིག་རིགས་ཟུང་སྦྲེལ་གྱིས་སློབ་མ་རྣམས་ལ་སྒྲོག་འགྲེལ་བྱས།

“སྐལ་བཟང་མེ་ཏོག”བདེ་ཐང་སློབ་གསོའི་སྒྲོག་འགྲེལ་རུ་ཁག2024ལོའི་ཟླ6པར་བཙུགས་པ་ནས་ད་ལྟའི་བར། ཆུ་དམར་ལེབ་རྫོང་གི་ཞང་ལྔ་དང་གྲོང་རྡལ་གཅིག་གི་སྡེ་བ་ཚང་མ་དང་། རྫོང་ཡོངས་ཀྱི་སློབ་གྲྭ་ཐམས་ཅད་ལ་སོང་། ཟླ7པའི་ཚེས23ཉིན། སྒྲོག་འགྲེལ་རུ་ཁག་ཆུ་དམར་ལེབ་ཀྱི་མཚོ་ཁྲི་སྡེ་བར་སོང་ནས་སྒྲོག་འགྲེལ་བྱས། སྤྱི་ལེ1000ལ་ཕར་འགྲོ་ཚུར་འོང་བྱེད་དགོས་ལ། དེ་མིན་སྡེ་བའི་ནང་ཞག་གཅིག་ལ་སྡོད་དགོས། འོན་ཀྱང་དེ་ནི་ཐག་རིང་ཤོས་མིན་ཏེ། ན་གོར་མོ་གྲོང་ཁྱེར་དུ་ཡོད་པའི་ཆུ་དམར་ལེབ་ཀྱི་སྡེ་གསར་དུ། ཕར་འགྲོ་ཚུར་འོང་གི་ལམ་ཐག་སྤྱི་ལེ1400ཡོད།

“ང་ཚོས་བདེ་ཐང་ཤེས་བྱ་སྒྲོག་འགྲེལ་བྱེད་དགོས་པ་ལས་གཞན། ད་དུང་ནད་ཡམས་སྔོན་འགོག་དང་སྨན་བཅོས་བྱེད་ཐབས་སྐོར་ཡང་སྒྲོག་འགྲེལ་བྱེད་དགོས་ལ། སྨན་བཅོས་གོ་རིམ་ཁྲོད་ཀྱི་དམངས་ཕན་སྲིད་ཇུས་ཀྱང་བསྒྲགས་དགོས།”བཀྲ་ཤིས་དཔལ་འཛོམས་ཀྱིས་དེ་ལྟར་བཤད། ན་ནིང་། ཁོ་ལ་ཡུས་ཧྲུའུ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།

སྒྲོག་འགྲེལ་མཇུག་རྫོགས་རྗེས། འབྲོག་པ་ཁ་ཤས་ཀྱིས་སྒྲོག་འགྲེལ་རུ་ཁག་གི་ཁོངས་མིར་གནས་ཚུལ་འདྲི་རྟོག་བྱེད་བཞིན་ཡོད། བཀྲ་ཤིས་དཔལ་འཛོམས་ཀྱིས་རྒྱང་ལ་ཕྱིན་པའི་འབྲོག་པ་རྣམས་ཀྱི་རྒྱབ་གཟུགས་ལ་ལྟ་ཞོར་བཤད་རྒྱུར། “རྫོང་སློབ་གསོ་ཅུས་ལ་འབྲེལ་གཏུག་བྱས་ཟིན། ཉིན་འགའི་རྗེས་སུ་རྫོང་ཡོངས་ཀྱི་སློབ་གྲྭ་ཡོངས་ལ་སྒྲོག་འགྲེལ་བྱ་རྒྱུ་ཡིན། རེ་བ་ནི་བྱིས་པ་བརྒྱུད་ནས་ཁྱིམ་ཚང་ལ་སྐུལ་ཁྲིད་བྱེད་པ་དང་། འབྲོག་པ་སྔར་ལས་མང་པོར་བདེ་ཐང་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་དེ་ཡིན།”

འབྲུག་མོའི་འགག་ཁའི་རྩྭ་ཐང་དུ་རླུང་བུ་ལྡང་བཞིན་ཡོད། སྒྲོག་འགྲེལ་རུ་ཁག་གིས་རྒྱུ་ཆ་སྡུད་གསོག་ལེགས་པར་བྱས་རྗེས། ཡང་ས་ཚིགས་རྗེས་མར་འགྲོ་དགོས། བཀྲ་ཤིས་དཔལ་འཛོམས་དང་རུ་མི་རྣམས་ལ་མཚོན་ན། སྐལ་བཟང་མེ་ཏོག་འབྲོག་ཁྱིམ་དུ་བཞད་པར་མ་ཟད། འབྲོག་པ་རྣམས་ཀྱི་རིམ་གྱིས་ཇེ་བཟང་དུ་འགྲོ་བཞིན་པའི་འཚོ་བའི་གོམས་གཤིས་ཁྲོད་བཞད་ཡོད། །


ལྷ་མོ་ཚེ་རིང་གིས་རྩོམ་སྒྲིག་བྱས།