
ཟླ8པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་རྡོ་ར་སྡེ་བའི་བགྲོད་ལམ་འཛུགས་སྐྲུན་གྱི་ཕོགས་ཚབ་ལས་སྤྲོད་ལས་གཞིའི་ཡུལ་དངོས་སུ། སྡེ་མི་ཚོས་ལམ་ངོས་སྙོམས་པ་དང་བྱེ་ཟེགས་དབོར་བ་སོགས་རང་ཁྱིམ་གྱི་སྒོ་ཁར་འཐེན་པའི་ལམ་ལས་ཏེ་ཡོང་སྒོ་འཚོལ་བཞིན་འདུག ཕོགས་ཚབ་ལས་སྤྲོད་ཀྱི་དམངས་ཕན་ལས་གཞིར་བརྟེན་ནས་སྡེ་མི་ཚོ་རང་ཡུལ་ནས་ལས་ཞུགས་འབབ་འཕར་ཡོང་བ་དང་། ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་པའི་བརྒྱུད་རིམ་ཁྲོད་སྐྱིད་སྣང་དང་ཐོབ་སྣང་ཆེན་པོ་སྐྱེས་ཡོད།
ལས་གཞི་ལག་བསྟར་ཡུལ་དངོས་སུ་ལམ་གྱི་ས་སྙོམས་བཞིན་པའི་ཡུལ་དེའི་སྡེ་མི་སྟག་ཁོས“སྔོན་ཆད་སྒོར་མོ་བཙལ་འདོད་ན་གཞན་ཡུལ་དུ་ཞོར་ལས་སུ་འགྲོ་དགོས་པས། ཁྱིམ་གྱི་རྒན་རྒོན་དང་ཕྲུ་གུ་ཚང་མར་བདག་སྐྱོང་བྱེད་མི་ཐུབ། ད་སྐབས་རང་ཡུལ་ནས་ཞོར་ལས་གཉེར་ན་ལས་ཀ་ལས་ཚར་མ་ཐག་གླ་ཆ་འཕྲལ་མར་ལེན་ཐུབ་ལ། ཞིང་ལས་དང་ཁྱིམ་ལས་གཉིས་ཀ་འཐུས་ཤོར་དུ་མི་འགྲོ”ཞེས་དེ་ལྟར་བཤད། རྡོ་ར་སྡེ་བར་སྟག་ཁོ་ལྟ་བུའི་སྡེ་མི་ད་དུང་ཧ་ཅང་མང་པོ་ཞིག་ཡོད་པ་དང་། ཞིང་པ་ཕལ་བ་ནས་ཕ་ཡུལ་འཛུགས་སྐྲུན་པར་གྱུར་ནས། ངལ་ལས་ཁྲོད་ནས་ཕ་ཡུལ་གྱི་འགྱུར་ལྡོག་ངོ་མ་རོལ་མྱོང་བྱས།
ཕོགས་ཚབ་ལས་སྤྲོད་ནི་སྤྱིར་བཏང་གི་བཟོ་འགོད་ལས་གཞི་དང་མི་འདྲ་བར། ལས་གཞི་དེས“སྡེ་མིས་རང་སྐྲུན”གྱི་བྱེད་སྟངས་སྤྱད་དེ་ཕྱོགས་གཅིག་ནས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། ཕྱོགས་གཞན་ཞིག་ནས་ཡུལ་དེའི་སྡེ་མི་བསྡུས་ནས་གླ་རྒྱག་ཏུ་བཅུག་པ་རེད། ལས་གཞི་དོན་ཐོག་ཏུ་འཁྱོལ་མ་ཐག་རྡོ་ར་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་ལས་རྐང་དེར་ལས་མི་བསྡུ་བར་སྔོན་ལ་སྡེ་བ་དེའི་དབུལ་ཐར་ཁྱིམ་ཚང་དང་ལྟ་སྐུལ་ཚད་འཇལ་ཁྱིམ་ཚང་། གཞིས་སྲུང་ངལ་རྩོལ་པར་བསམ་བློ་གཏོང་རྒྱུར་གྲོས་མཐུན་བྱུང་།
“གལ་ཏེ་སྔར་བཞིན་གཞན་ལ་ལས་སུ་བཅུག་ན། མང་ཚོགས་རྣམས་ཀྱི་སེམས་ལ་ལས་གཞི་ལས་ནས་གྲུབ་ཟིན་ནའང་སྡེ་བ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དཀའ་བར་འདོད་ཡོད།”སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་ངོ་སྤྲོད་བྱས་པ་ལྟར་ན། མང་ཚོགས་ཀྱིས་རང་འགུལ་ངང་མིང་ཐོ་བཀོད་ནས་དེའི་ནང་ཞུགས་པ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་སྡོད་བྱ་བའི་རུ་ཁག་ཁྱིམ་ཚང་རེ་རེར་སོང་སྟེ་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། སྡེ་མི་ཚོགས་ཆེན་འཚོགས་ནས་འཛུགས་སྐྲུན་གྱི་ཇུས་གཞི་དང་ལས་མི་སྤྱོད་པའི་ཇུས་གཞི་སྟེགས་བུའི་སྟེང་བཤམས་ནས་གྲོས་བསྡུར་བྱས། ལས་གཞིའི་ལས་མི་སྤྱོད་པའི་མིང་ཐོ་དང་ཉིན་རེའི་ལས་མིའི་རྩིས་ཐོ། ངལ་ལས་ཀྱི་གླ་ཆ་སྤྲོད་སྟངས་བཅས་ཚང་མ་གསལ་བསྒྲགས་བྱས་ཏེ། “ཉིན་གྲངས་འགོད་པ་དང་། དུས་ལྟར་གསལ་བསྒྲགས་བྱེད་པ། ཟླ་རེར་གླ་ཕོགས་སྟེར་བ་བཅས”ལག་བསྟར་བྱས།
ལས་གཞིར་སྐུལ་འདེད་བཏང་བ་དང་ཆབས་ཅིག་སྡེ་བའི་གོམས་སྲོལ་ལ་འགྱུར་ལྡོག་བྱུང་། སྔོན་ཆད་སྡེ་མི་མི་ཉུང་བ་ཞིག་གིས་སྡེ་བ་ཐུན་མོང་གི་འབོད་སྐུལ་ལ་དེ་འདྲ་དོ་སྣང་མི་བྱེད། ད་ལྟ། མང་ཚོགས་ཀྱིས་སྡེ་བའི“ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་”ལ་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད། ལས་གཞིའི་དོན་དག་གྲོས་མོལ་བྱེད་པའི་ཁྲོད། སྡེ་མི་ཚོས་རང་འགུལ་ངང་ནས་སྡེ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱེད་ཚད་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད། ལས་གཞི་འཛུགས་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་རྡོ་ར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་དང་སྲིད་ཇུས་དྲིལ་སྒྲོག་ལ་མཉམ་དུ་སྐུལ་འདེད་བཏང་བས། གྲོང་གསེབ་བཅོས་སྐྱོང་གི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་ཕྱིན་ཡོད།
ཕོགས་ཚབ་ལས་སྤྲོད་བརྒྱུད་ནས། སྔོན་ཆད་ཕྱུགས་མ་གཏོགས་འཚོ་མི་ཤེས་པའི་སྡེ་མི་མི་ཉུང་བ་ཞིག་གིས་ལམ་ངོས་སྙོམས་པ་དང་རྡོ་བརྩིགས་པ་སོགས་ཀྱི་རྨང་གཞི་རྩལ་ནུས་རིམ་བཞིན་ཤེས། དེ་དང་ཆབས་ཅིག་དུས་ཐོག་ཏུ་སྤྲད་པའི་རྩོལ་ལས་ཀྱི་གླ་ཕོགས་རེ་རེས་སྡེ་མི་རྣམས་ཀྱི་སེམས་པ་ངལ་རྩོལ་ཁྲོད་ནས་དལ་གྱིས་གཅིག་ཏུ་བསྡུས་ཏེ། “ལས་གཞི་རང་ཡུལ་ནས་ལས་པ་དང་ཡོང་འབབ་ཁུག་མའི་ནང་དུ་འཇུག་པ། མང་ཚོགས་ཁྲོད་བསྔགས་བརྗོད་ཐོབ་པ”བཅས་དངོས་སུ་མངོན་འགྱུར་བྱས།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས“ལམ་འདི་ལས་ནས་གྲུབ་རྗེས། ཐོག་མར་སྡེ་མིའི་རྒྱུན་ལྡན་གྱི་འགྲོ་འོང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ལ། ཕུགས་ལ་གཞིགས་ན་དེ་ནི་རྡོ་ར་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་བགྲོད་ལམ་ཞིག་ཀྱང་ཡིན་སྲིད”ཅེས་བཤད་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་ངོ་སྤྲོད་བྱས་པ་ལྟར་ན། བགྲོད་ལམ་ལས་ནས་གྲུབ་རྗེས། སྡེ་བའི་ནང་གི་ནས་དང་། ལོག་དཀར་དང་ཕྱུགས་ལས་ཐོན་རྫས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱས་ན་སྟབས་ཇེ་བདེར་འགྲོ་སྲིད་པ་དང་། ཕྱིན་ཆད་ཁྱད་ལྡན་འདེབས་གསོ་དང་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཡང་རྨང་གཞིའི་ཆ་རྐྱེན་ཡོད་པ་རེད།
བགྲོད་ལམ་ཤར་གཏོང་བྱུང་ཚེ་ལས་རིགས་ཚང་མ་ངང་གིས་དར་ཐུབ། དམངས་འཚོ་བརྟན་པོ་བྱུང་ན་གྲོང་གསེབ་དར་སྤེལ་ཡོང་ཐུབ། བགྲོད་ལམ་གཅིག་གིས་སྡེ་མིའི་ཕྱིར་སྐྱོད་ཆ་རྐྱེན་ཇེ་ལེགས་སུ་བཏང་བར་མ་ཟད། ཞིང་ལས་ཐོན་རྫས་ཕྱིར་འདྲེན་དང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་སྒོ་མོ་ཕྱེ་ཐུབ། ཕོགས་ཚབ་ལས་སྤྲོད་ཀྱི་ལས་གཞི་དོན་ཐོག་ཏུ་འཁྱོལ་བ་དེས་སྡེ་བའི་རྣམ་པ་བསྒྱུར་བ་ཙམ་མིན་པར་དེ་བས་ཀྱང་གྲོང་གསེབ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསླངས་པ་རེད། །