
ཉེ་ཆར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལྕི་སྟོད་ཞང་གི་རི་བོ་རོག་རྒྱང་འདབས་རོལ་གྱི་རྩྭ་ཐང་ནམ་མཁའི་མཐའ་རུ་བརྐྱངས་ཤིང་། ལྕི་ཆུ་སྔོན་མོ་ཀྱ་ཀྱུ་ངང་རིང་དུ་འབབ་ཀྱིན་འདུག
ཞོགས་པར། འཕྲུལ་རྟའི་སྒྲ་ཡིས་རྩྭ་ཐང་གི་ལྷིང་འཇགས་དཀྲོགས་པ་ན། རྫ་སྟོད་རྫོང་ལྕི་སྟོད་ཞང་ཡུག་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རྒྱལ་གྱིས་སྡེ་བའི་ཏང་ཡོན་སྐྱེ་ཁམས་བདག་སྐྱོང་རུ་ཁག་ཁྲིད་དེ་འཕྲུལ་རྟ་ལས་མར་བབས་ནས། ལུས་པོ་སྒུར་ཏེ་རྩྭ་ཐང་དུ་གཡུག་པའི་འགྱིག་ཁུག་བཏུས། དཔུང་རྟགས་དམར་པོའི་སྟེང་གི་ཡིག་འབྲུ་སེར་པོ་དེ་སྔོ་ལྗང་གི་རྩྭ་ཐང་དུ་གསལ་ལེར་མངོན་འདུག
“ཏང་ཡོན་སྐྱེ་ཁམས་བདག་སྐྱོང་རུ་ཁག”དེ་ནི། ཡུག་སྟོད་སྡེ་བས“རི་བོ་རོག་རྒྱང་སྟེང་དུ་ཏང་དར་བཙུགས་ཏེ། ལྕི་ཆུའི་འགྲམ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད། ཡུག་སྟོད་མི་དམངས་ཀྱིས་འཆམ་མཐུན་མཉམ་རོལ་བྱེད། རྡོག་རྩ་གཅིག་སྒྲིལ་གྱིས་དཔལ་ཡོན་སྡེ་བ་མཉམ་སྐྲུན་བྱེད”ཅེས་པའི་ཁྱད་ལྡན་ཏང་འཛུགས་སྐྲུན་གྱི་ཆས་རྟགས་གསར་སྐྲུན་བྱེད་པའི་བསྡུས་གཟུགས་ཤིག་རེད། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པར་བརྟེན། སྡེ་བས་རྒྱུན་དུ་ཁོངས་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་འགོ་བརྩམས་པ་དང་། རྒྱལ་ཁབ་སྤྱི་གླིང་མ་ཡིན་པའི་གླིང་ཁུལ་གྱི་ཏང་ཡོན་སྐྱེ་ཁམས་བདག་སྐྱོང་ས་ཚིགས་བཙུགས་ཤིང་། ཏང་ཡོན་ལ་ས་ཁུལ་བགོས་ནས་བཅའ་སྡོད་སྐོར་སྲུང་བྱེད་དུ་བཅུག་སྟེ། སྐྱེ་ཁམས་བདག་སྐྱོང་གི་ཉམས་མྱོང་རྫ་སྟོད་རྫོང་ལ་ཁྱབ་གདལ་དུ་བཏང་།
ལོ་ངོ་བཅུ་ལྷག་ལ་མཚོ་འཕགས་སྨི4300ཡོད་པའི་རྫ་ཆུའི་ཆུ་མགོར་གཞི་ཚུགས་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རྒྱལ་གྱིས་རྟག་ཏུ་ཚུལ་འཆོས་མི་བྱེད་པ་དང་མིང་ཙམ་ལ་མི་རེ་བར། སྐྱེ་ཁམས་བདག་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། དམངས་ཕྱུག་ཐོན་ལས་ཀྱི་ཡུལ་དངོས་དང་པོ་རུ། དམངས་འཚོའི་དོན་དངོས་རེ་རེ་ལག་ཏུ་བསྟར་བ་བརྒྱུད་དེ་གཞི་རིམ་ལས་བྱེད་པས་དམངས་ལ་བཅངས་པའི་བརྩེ་སེམས་མངོན་པར་བྱས།
སྐོར་ཞིབ་མཇུག་རྫོགས་རྗེས། ལུས་ཡོངས་ས་རྡུལ་གྱིས་བཀང་བའི་བདག་སྐྱོང་རུ་ཁག་གི་རུ་མི་བསོད་བྷ་ཚང་གི་སྦྲ་གུར་དུ་འཛུལ་བ་དང་། ཁྱིམ་བདག་གིས་དཀྲུག་ཇ་བླུགས་ནས་སྣེ་ལེན་བྱས། “ཧྲུའུ་ཅི་ཚེ་རྒྱལ། ད་ལོའི་རྩྭ་སའི་སྐྱེ་སྟོབས་ལེགས་པ་དང་། འོད་བརྟེན་གྱི་ཁེ་སྤོགས་བགོ་བཤའ་ཡང་འཕར་འདུག་ལ། ཁྱིམ་གྱི་ནོར་ལུག་ལ་གྱོང་ཅི་ཡང་རག་མེད་པས་ང་ཚོ་སེམས་སྐྱིད་བློ་བདེ་བྱུང་ཡོད”ཅེས་བསོད་བྷས་ཧྲུའུ་ཅིའི་ལག་པར་འཇུས་ནས་ལྷག་བསམ་རྣམ་དག་གིས་དེ་ལྟར་བཤད།
ཚེ་རྒྱལ་གྱིས་དཔྲལ་བའི་རྔུལ་ཆུ་རྡོག་པོ་ལག་པས་ཕྱིས་ཤིང་སྟན་ལ་བསྡད་དེ། འབྲོག་པ་མང་ཚོགས་དང་མཉམ་དུ་སྡེ་བའི་འཕེལ་རྒྱས་ལ་ཞིབ་རྩིས་བརྒྱབ། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་ལེགས་པོར་སྲུང་རྒྱུ་ནི་ཚང་མའི་འཚོ་བའི་གཞི་རྟེན་སྲུང་བ་ཡིན་པ་དང་། ཐུན་མོང་དཔལ་འབྱོར་མུ་ནས་མུ་རུ་སྤེལ་བ། ད་ལོར་ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་བཟོ་གྲྭ་ཆུང་ཆུང་རིམ་སྤོར་བྱས་ཏེ། ཁྱིམ་ཚང་རེ་རེར་ཡོང་འབབ་བརྟན་པོ་ཞིག་ཇེ་མང་དུ་འགྲོ་ཐུབ་པར་བྱེད་དགོས།
2011ལོར་སྡེ་བ་རིམ་པའི་ལས་ཀར་ཞུགས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་བར་ལོ་མང་པོར་གཞི་རིམ་དུ་ལས་ཀ་བསྒྲུབས་པས་ཚེ་རྒྱལ་གྱིས་མང་ཚོགས་ཀྱི་རེ་བ་རྟོགས་འདུག
ད་ལོར། རྫ་སྟོད་རྫོང་གིས་ཡང་དག་པའི་སྲིད་འབྲས་ལྟ་བ་བཙུགས་ནས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་རྗེས། ཚེ་རྒྱལ་གྱིས་གཞི་རིམ་ལས་བྱེད་པའི་སྲིད་འབྲས་དེ་སྙན་ཞུའི་རེའུ་མིག་གི་གྲངས་ཀ་རུ་མེད་པར། སྔོ་ལྗང་གི་རྩྭ་དང་འབྲོག་པའི་སེམས་ཁོངས་ལས་བརྡོལ་བའི་འཛུམ་ལས་བྱུང་བར་ངེས་ཤེས་བརྟན་པོ་རྙེད་ཡོད།
རྫ་སྟོད་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཚེ་རྒྱལ་ལ་འདི་ལྟར་དཔྱད་འཇོག་བྱས་ཡོད་དེ།“ཁོའི་སྲིད་འབྲས་ལྟ་བ་དེ་རྟ་ཐོག་བཅར་འདྲིར་འགྲོ་ཐེངས་རེ་རེ་དང་དམངས་འཚོའི་བྱ་བ་ཙག་ཙིག་གི་གྲས་སུ་གནས་ཡོད་ལ། བྱས་འབྲས་རྫུན་བཟོ་མི་བྱེད་པར། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ནམ་ཡང་ཨང་དང་པོར་བཞག་ཡོད།”
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་ཚེ་རྒྱལ་གྱི་སེམས་ཁོང་གི་སྲིད་འབྲས་གཙོ་ཆེ་ཤོས་དེ་རེད། ཟླ6པའི་ཟླ་མགོར། དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ། ཚེ་རྒྱལ་གྱིས་ཚང་མ་དང་མཉམ་དུ་རྩྭ་ཐང་གི་གད་སྙིགས་བཏུས་པ་དང་། སྐྱེ་ཁམས་བདག་སྐྱོང་རུ་ཁག་གིས་དུས་ཚོད24རིང་ལ་རེས་བསྐོར་ནས་ལས་གནས་སྲུང་བཞིན་འདུག དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ཞིབ་སྲོལ་ལ་བཟོ་བཅོས་བྱེད་པར་སྣེ་ཁྲིད་པ་དང་། འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁས་ལེན་ཡི་གེ་འབྲི་རུ་བཅུག་ནས། གོ་རིམ་ལྡན་པའི་ངང་དབྱར་རྩྭ་རྐོ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བར་ཁྲིད་སྟོན་བྱས།
ལོ་འདི་དག་གི་རྩོལ་བ་བརྒྱུད། དོན་དངོས་ཀྱི་གཞི་གྲངས་ནི་ཆེས་བཟང་བའི་བདེན་དཔང་ཡིན་ཏེ། སྡེ་བ་ཡོངས་ཀྱི་རྩྭ་ཐང་གི་སྔོ་ལྗང་ཁེབས་ཚད80%ནས92%བར་ཇེ་མཐོར་ཕྱིན་པ་དང་། ཁྲུང་ཁྲུང་སྐེ་ནག་དང་དགོ་བ་མང་པོ་རྩྭ་ཐང་དུ་བག་ཕེབས་ངང་རྒྱུ་བཞིན་འདུག
ཉིན་ཐོག་ཉིན་བརྩེགས་ཀྱིས་རི་ལ་སྐོར་ཞིབ་ཏུ་འགྲོ་བ་དོན་གྱིས་ཅི་ཞིག་གི་ཆེད་དུ་ཡིན་པ་གསལ་པོར་མི་རྟོགས་པའི་འབྲོག་པ་མི་ཉུང་བ་ཞིག་ཡོད་ནའང་། ཚེ་རྒྱལ་ལ་སུན་སྣང་མེད་པར་ངང་རྒྱུད་རིང་མོས“རྩྭ་ཐང་ནི་ང་ཚོ་མི་རབས་ནས་མི་རབས་བར་འཚོ་གནས་བྱེད་པའི་གཞི་རྩ་ཡིན་པས། སྔོ་ལྗང་གི་རི་ཆུ་ལེགས་པར་སྲུང་བ་ནི་བུ་རབས་ཚ་རྒྱུད་ལ་བཞག་པའི་ཡུན་རིང་བདེ་སྐྱིད་ཀྱི་སྲིད་འབྲས་ཤིག་ཡིན”ཞེས་ཁོ་ཚོར་འགྲེལ་བཤད་བྱས།
དུས་ཡུན་ཐུང་ངུའི་ངོ་སྲུང་བཟོ་འགོད་དོར་ནས་ཕུགས་ཕན་དམངས་ཕྱུག་གི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ཚེ་རྒྱལ་གྱིས་སྔ་མོ་ནས་ཕྱོགས་མང་པོར་འབྲེལ་བ་བཙུགས་ནས་མ་དངུལ་སྒོར་ས་ཡ་གཅིག་གྲབས་གསོག་བྱས་ཤིང་། འོད་བརྟེན་གློག་འདོན་ས་ཚིགས་དང་ལམ་འགྲམ་ཚོང་ཁང་བསྐྲུན་ནས། སྡེ་བའི་ཐུན་མོང་ཡོང་འབབ་འཕར་བར་རྨང་གཞི་བརྟན་པོ་བཏིངས།
ད་ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཆིག་འབུམ་ལྔ་ཁྲི་བརྒྱད་བརྒྱ་ལ་སླེབས་པ་དང་། ཁྱིམ་ཐོན་ཐོན་ལས་མ་དངུལ་སྒོར་དྲུག་འབུམ་ཉིས་ཁྲི་བརྒྱད་བརྒྱ་དེ་ཁྱིམ་ཚང50དང་འབྲོག་པ97ལ་ཡོངས་སུ་ཁྱབ་ཡོད། ཁྱད་ལྡན་གསོ་སྤེལ་དང་ཕྱུགས་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་གཉིས་དུས་མཉམ་དུ་སྒྲུབ་པ་དང་། སྡེ་མིའི་ལོ་རེའི་ཡོང་འབབ་སྒོར400ནས600འཕར་བཞིན་ཡོད། དམངས་འཚོའི་མི་འདང་ས་དང་ཞན་ཆ་ཡོད་ཚད་ཁོས་རེ་རེ་བཞིན་སེམས་ལ་བཟུང་བ་དང་། འབྲོག་ཁྱིམ107གྱི་བདེ་འཇགས་སྡོད་ཁང་ཚང་མ་བཀོད་སྒྲིག་བྱས་པར་མ་ཟད། སྤྱི་ལེ51གི་མཚམས་ལ་སྲ་འགྱུར་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་། ཁྲོན་པ35བརྐོས་ནས་མཐོ་སྒང་གི་བཏུང་ཆུ་དཀའ་བའི་གནད་དོན་ཐག་བཅད།
“ལམ་ཤར་གཏོང་བྱས་ཤིང་ཆུ་ཡང་སྒོ་ཁར་འཐེན། དེ་མིན་ལོ་རེར་ཐུན་མོང་ཁེ་སྤོགས་བགོ་བཤའ་བརྒྱབ་ཆོག ཏང་གི་རྗེས་སུ་འབྲངས་ན་འཚོ་བ་སྔར་ལས་ཇེ་སྐྱིད་ནས་ཇེ་སྐྱིད་རེད”ཅེས་འབྲོག་པ་དཔལ་ལྡན་གྱིས་མྱོང་བ་ཟབ་མོའི་ངང་དེ་ལྟར་བཤད་བྱུང་།
ཉི་མ་རིམ་གྱིས་རི་བོ་རོག་རྒྱང་གི་རྩེ་ནས་ནུབ་པ་དང་། ལྕི་ཆུ་སྔོན་མོ་དལ་གྱིས་བཞུར། རྩྭ་ཐང་དུ་དམར་མདངས་བཀྲ་བའི་ཏང་དར་ལྷབ་ལྷུབ་ཏུ་སྐྱོད་ཀྱིན་འདུག ཚེ་རྒྱལ་གྱིས་མང་ཚོགས་ཀྱི་རེ་སྨོན་བྱེད་བཞིན་པའི་དོན་དེ་ནམ་ཡང་སེམས་ལ་བཟུང་ཞིང་། ཏང་འཛུགས་ལ་བརྟེན་ནས་ཆུ་མགོའི་སྐྱེ་ཁམས་ཀྱི་སྔོ་ལྗང་སྲུང་སྐྱོབ་དང་། མཐོང་ཐུབ་ལ་རེག་ཐུབ་པའི་དོན་དངོས་རེ་རེས་གཞི་རིམ་ཏང་ཡོན་ལས་བྱེད་པས་འབྲོག་ཁུལ་དུ་རྐང་ཚུགས་ནས་དམངས་ཀྱི་དོན་དུ་སྡེ་བ་དར་རྒྱས་གཏོང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ཡོད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།