
ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ། སྤྲིན་དཀར་གྱི་འདབ་མ་རེ་རེ་མཐོན་མཐིང་གི་མཁའ་དབྱིངས་སུ་དལ་གྱིས་ལྡང་ཞིང་། འབྲོག་པ་མང་ཚོགས་ཀྱིས་བྱང་ཆ་ལྡན་པའི་སྒོ་ནས་སྦྲ་གུར་རེ་རེ་ཕུབ་སྟེ། ཁོད་ཡངས་པའི་རྩྭ་ཐང་དུ་ལྷིང་འཇགས་དང་སྣང་བ་སྐྱིད་པོར་ཅི་དགར་ལོངས་སུ་སྤྱོད་བཞིན་གདའ། མིག་མདུན་གྱི་སྐྱེ་ཁམས་མཛེས་ལྗོངས་ཡིད་དུ་འོང་བ་དེས་རང་སའི་འབྲོག་པ་བརྙན་ལེན་མཁན་དཀོན་མཆོག་གི་མིག་དབང་ཅིག་ཅར་དྲངས་ཏེ། ལག་པས་མཛུབ་མོས་རང་དབང་མེད་པར་བརྙན་ཆས་ཀྱི་འཁྱུག་སྒོ་ཡང་ཡང་མནན།
དཀོན་མཆོག་ནི་སྤྱིར་བཏང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ཞིང་། ཕ་ཡུལ་ལ་དགའ་ཞེན་ཚད་མེད་བཅངས་ཡོད་པས། ཁོས་ཆེད་དམིགས་ཀྱིས་རྐྱང་རྡེབ་པར་ཆས་ཤིག་ཉོས་ཏེ་དབྱར་དགུན་སྟོན་དཔྱིད་རིམ་གྱིས་བརྗེ་བའི་ཕ་ཡུལ་གྱི་དུས་བཞིའི་འགྱུར་ལྡོག་མཐའ་དག་རེ་རེ་བཞིན་ཟིན་ཐོར་འགོད་ཀྱིན་ཡོད།
དཀོན་མཆོག་གིས་རང་ཉིད་ཡིད་ཚིམ་པའི་འདྲ་པར་བརྩམས་ཆོས་ཤིག་ཚུར་བླངས་ཏེ་གསར་འགོད་པར་སྟོན་བཞིན་བཤད་རྒྱུར། སྔོ་ཞིང་བསངས་པའི་ནམ་མཁའི་འོག་ཏུ། རི་དྭགས་གནའ་བ་སྐོར་ཁྱུ་ཞིག་དབེན་སྟོང་གི་རི་ཐང་དུ་མཆོང་ལྡིང་བྱེད་པ་དང་། དེའི་སྣང་བརྙན་གསོན་ཉམས་དོད་པོའི་འགུལ་སྣང་གིས་ཁེངས་ཤིང་། མཐོ་སྒང་ཡུལ་གྲུའི་སྲོག་ཆགས་ཀྱི་རི་སྐྱེས་རྒོད་གཤིས་དང་གསོན་ཤུགས་མ་ལུས་གྲུང་ཉམས་དོད་པོས་མངོན་པར་བྱས་ཡོད།“《རི་རྩེའི་དཔའ་ཉམས》ཞེས་པའི་བརྙན་རིས་བརྩམས་ཆོས་ཁྱད་པར་བ་འདི་ལ། ཡུན་རིང་མ་འགོར་བའི་སྔོན་དེར་ཐེམ་ཆེན་རྫོང་དུ‘འབྲོག་པས་གཙང་པོའི་མགོ་ཁུངས་སྲུང་། བརྙན་ལེན་ཤེལ་གྱིས་ཐེམ་ཆེན་སྐྱོབ’ཅེས་པའི་འབྲོག་པ་དང་སྐྱེ་ཁམས་བདག་སྐྱོང་པའི་པར་ལེན་འགྲེམ་སྟོན་སྐབས་དང་པོའི་སྟེང་བྱ་དགའ་ཨང་དང་པོ་ཐོབ”ཅེས་ཁོང་གིས་འདྲ་པར་ལ་མཛུབ་མོས་བསྟན་ནས་དེ་ལྟར་བཤད། “ཕྱུགས་འཚོ་བའི་སྐབས་སུ་སྟེས་དབང་ཤིག་གིས་རི་དྭགས་གནའ་བ་སྐོར་ཁྱུ་ཞིག་རི་ལྡེབས་ནས་མར་མཆོངས་པ་དང་འཕྲད་བྱུང་། དེའི་རྣམ་པ་ཤིན་ཏུ་ཧ་ལས་པ་ཞིག་རེད། ངས་འཕྲལ་མར་མཛུབ་མོས་འཁྱུག་སྒོ་རྡེབ་ཅིང་མནན་པ་ཡིན”ཞེས་སྨྲས།
དེ་ནས་ཐེམ་ཆེན་རྫོང་གི་མིང་གྲགས་ཅན་གྱི་སྐྱེ་ཁམས་པར་ལེན་མཁན་ལི་ཧྲན་ཡོན་གྱིས་བཤད་རྒྱུར། “བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་གསར་རྩོམ་མཁན་ནི་ཆེད་ལས་ཀྱི་བརྙན་ལེན་མཁན་ནམ་པར་རྒྱག་མཁས་ཅན་ཞིག་མ་ཡིན་པར། ཡུལ་དེ་གའི་འབྲོག་པ་དང་སྐྱེ་ཁམས་བདག་སྐྱོང་པ་ཞིག་རེད། ཐེམ་ཆེན་རྫོང་གི་སྐྱེ་ཁམས་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་ཡང་མང་པོ་མཆིས་ཤིང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ས་བྱེ་ཐང་འཁྱགས་ཀླུང་ལ་སོགས་ཡུལ་ལྗོངས་གང་ལེགས་ཐམས་ཅད་ཡོངས་སུ་འཛོམས་པས། བརྙན་ལེན་པར་རྒྱག་མཁན་དག་ལ་གང་འདོད་ཅི་མཁོའི་རྒྱུ་ཆ་སྣ་མང་མཁོ་འདོན་བྱེད་ཐུབ་ཡོད། ཁོ་ཚོ་མི་རབས་ནས་མི་རབས་བར་གནས་འདི་རུ་འཚོ་བ་རོལ་བཞིན་ཡོད་ལ། ཡུལ་ཕྱོགས་ལ་རྒྱུས་མངའ་ཡོད་པས་གཞན་ལས་ལྷག་པའི་བརྙན་ལེན་པར་རྒྱག་གི་མཐུན་རྐྱེན་ཀུན་ནས་ལྡན་ཡོད། ཕྱུགས་ཟོག་འཚོ་བ་དང་སྐོར་སྲུང་བྱེད་པའི་སྐབས་ཀུན་ལ་ཕ་ཡུལ་གྱི་མཛེས་ལྗོངས་ཅི་མཐོང་ཟིན་ཐོར་བཀོད་པ་དེས་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད”ཅེས་བཤད།
ཐེམ་ཆེན་རྫོང་ནི་བརྙན་ལེན་མཁན་མང་པོའི་འབྱུང་གནས་ཡིན། ལི་ཧྲན་ཡོན་གྱིས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་བར་མཚམས་ནས་པར་བརྒྱབ་པའི《རི་བོང་གིས་ཕྲུ་གུ་གསོ་བའི་ཟིན་ཐོ》དང《འགྱུར་ལྡོག་ལ་བལྟ་བ》སོགས་ཀྱི་བརྩམས་ཆོས་ལ་སྔ་གཞུག་ཏུ་རྒྱལ་སྤྱི་དང་རྒྱལ་ནང་གི་པར་ལེན་བྱ་དགའ་ཆེན་པོ་མང་ཙམ་ཐོབ་ཅིང་། ཐེམ་ཆེན་གྱི་རི་སྐྱེས་སྲོག་ཆགས་ཀྱི་མཛེས་པ་མཐའ་དག་མང་ཚོགས་ཀྱི་མིག་མདུན་དུ་བཤམས་ཡོད།
ལི་ཧྲན་ཡོན་གྱིས་བཤད་རྒྱུར།“ང་ཚོས་རིག་གནས་ཆེད་མངགས་མི་སྣ་ཡི་ནུས་པ་འདོན་སྤེལ་བྱས་ཏེ། རང་ཡུལ་གྱི་པར་ལེན་འཇོན་མི་གསོ་སྐྱོང་བྱེད་པ་དང་། འབྲོག་པ་རྣམས་ཕ་ཡུལ་གྱི་གཏམ་རྒྱུད་ཟིན་ཐོར་འགོད་མཁན་ལ་འགྱུར་དུ་འཇུག་གི་ཡོད། དུས་རྒྱུན་ང་ཚོས་འབྲོག་པ་མང་ཚོགས་དང་སྐྱེ་ཁམས་བདག་སྐྱོང་པ་རྣམས་ལ་འདྲ་པར་གྱི་གྲུབ་ཚུལ་དང་། འོད་ཐིག ལྗོངས་རྣམ་སོགས་ཀྱི་ཆེད་ལས་ཤེས་བྱ་འགྲེལ་བཤད་རྒྱག་པར་མ་ཟད། ཁ་གསལ་གོ་བདེའི་སྒོ་ནས་ཡུལ་མི་རྣམས་ལ་མི་མེད་གནམ་གྲུ་དང་རྐྱང་རྡེབ་པར་ཆས་བཀོལ་སྤྱོད་བྱེད་ཚུལ་གཅིག་གཅིག་གཉིས་གཉིས་བྱས་ཏེ་དམར་ཁྲིད་བྱས་པ་དང་། སྒྲིག་ཆས་ཀྱི་དཔྱད་གྲངས་སྙོམས་སྒྲིག་སོགས་ཀྱི་དངོས་སྤྱོད་ལག་རྩལ་འགྲེལ་བཤད་བརྒྱབ་པ་ཡིན”ཟེར།
ལི་ཧྲན་ཡོན་གྱིས་བལྟས་ན། འདྲ་པར་གྱི་གཟུགས་བརྙན་རེ་རེའི་རྒྱབ་ཏུ། མི་དང་རྩྭ་ཐང་དབར་འདོར་ཐབས་མེད་པའི་མཛའ་བརྩེའི་འབྲེལ་བ་ཟབ་མོ་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་རང་བྱུང་ཁམས་ལ་ཉེ་བར་བཅར་བ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱེད་པ་བཅས་ཀྱི་གཏམ་རྒྱུད་ངོ་མ་ལེགས་པར་བརྗོད་ཡོད། ལྷ་སྒྲོལ་རྒྱལ་གྱིས་པར་བླངས་པའི《བརླན་སའི་ཁྱིམ་གཞིས》ཞེས་པའི་ནང་ཁྲུང་ཁྲུང་སྐེ་ནག་ཅིག་གིས་བརླན་སའི་ནང་དུ་སྙན་འཇེབས་ཀྱི་སྐད་དབྱངས་སྒྲོག་བཞིན་གཤོག་འགྱུར་བརྡེབས་ནས་ཞབས་བྲོ་འཁྲབ་བཞིན་ཡོད། ལྷ་སྒྲོལ་རྒྱལ་གྱིས་བཤད་རྒྱུར།“ངེད་ཚང་གི་ཁྱིམ་ནི་མུ་རུ་གྲོང་རྡལ་དུ་ཡོད། ད་སྐབས་གནས་དེར་སྤང་ཤུན་སྔོ་ཁེབས་སྟུག་པོས་ཁྱབ་ཡོད་ཅིང་། ངས་རང་ཁྱིམ་ཉེ་འཁོར་གྱི་བརླན་ས་དེ་ན་རྒྱུན་པར་ཁྲུང་ཁྲུང་སྐེ་ནག10ཙམ་བག་ཡངས་སུ་རྒྱུ་བཞིན་པ་མཐོང་མྱོང”ཞེས་བཤད།
འབྲོག་པ་དཔལ་བཟང་རྒྱལ་ཚང་གི་རྩྭ་རའི་ཉེ་འགྲམ་དུ་ཝ་མོའི་དོང་ཁུང་ཞིག་ཡོད་པ་དེར་ཝ་མ་བུ་གསུམ་བསྡད་ཡོད། ནམ་རྒྱུན་དཔལ་བཟང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་བར་ཐག་ངེས་ཅན་སྲུང་འཛིན་བྱས་ཏེ་ཝ་མ་བུ་དེ་ཚོར་བར་ཆད་བཟོ་རུ་མི་འགྲོ་བར། ཁོ་ཚོའི་རྒྱུན་ལྡན་འཚོ་བའི་འགྲོ་འདུག་ལ་ཁུ་སིམ་མེར་ལྟ་རྟོག་ཞིབ་མོ་བྱེད་ཀྱི་ཡོད། ཁོའི་བརྩམས་ཆོས《བདག་གི་ཁྱིམ་མཚེས》ཞེས་པའི་ནང་ཝ་མོ་དར་མ་དེ་ཕྱི་རོལ་ཏུ་ཁ་ཟས་འཚོལ་བར་ཕྱིན་པ་དང་ཕྲུ་གུ་གཉིས་ཀྱིས་དོང་ཁུང་གི་སྒོ་ཁ་ནས་རྩེད་མོ་རྩེ་བའི་དུས་ཡུན་སྐད་ཅིག་མ་ཞིག་གསལ་བར་མངོན་ཡོད། པར་ཆས་ཀྱི་ཤེལ་མིག་འོག་ཏུ་ད་དུང་ཝ་དམར་གྱིས་ཕུང་པོ་གླན་ནས་ཐག་རིང་ལ་རྒྱང་ལྟ་བྱེད་པ་དང་མིག་བཙུམས་ནས་གླལ་སྒྱིང་བྱེད་པའི“ལྷོད་ཤ་དོད་པའི་རྣམ་པ”ཞིག་པར་རིས་ཀྱི་ཐོག་ནས་འཆར་བ་ལ། དངངས་སྐྲག་དང་འདྲོགས་འཚབ་ཅི་ཡང་མ་བསླངས་པའི་རི་སྐྱེས་ཀྱི་ལྷོད་ཉམས་རྣམ་པ་ཞིག་མངོན་འདུག
རྟ་གནས་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཝ་ཧུའུ་སི་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པ་དང་། ཁོའི་བརྩམས་ཆོས《མེ་ཏོག་གངས་རི་ལ་བཞད་པ》ཞེས་པ་དེ་ནི་སྐོར་སྲུང་ལ་འགྲོ་བའི་ལམ་བར་དུ་པར་བླངས་པ་རེད། དཀར་ལམ་ལམ་གྱི་གངས་རིའི་འདབས་སུ། རི་སྐྱེས་མེ་ཏོག་དམར་པོ་རྒྱང་རིང་གང་སར་ཁྱབ་པ་དང་། འཁྱགས་དར་གྱིས་བསྡམས་པའི་གངས་ཀྱི་མེ་ཏོག་ལ་དྲོད་གྲང་གི་ཁྱད་བག་དང་བསྡུར་བ་ཡོད་པས། འདྲེན་བྱེད་མིག་གི་མཐོང་ཚོར་གྱི་རྐྱོང་ཤུགས་ལྷག་ཏུ་ལྡན་ཡོད།
རྟ་གནས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཝ་ཧུའུ་སི་དོ་དམ་སྲུང་སྐྱོབ་ས་ཚིགས་འདི་ལ་བདག་སྐྱོང་མི་སྣ་བསྡོམས་པས7ཡོད་པ་དེ་དག་གིས་རེས་མོས་ཀྱིས་ལྟ་སྲུང་ལས་རེས་བྱེད་པ་དང་། ཉི་མ་རེ་རེར་འཕྲུལ་རྟར་ཞོན་ནས་རི་མགོར་སོང་སྟེ་མངའ་ཁོངས་ཡོངས་ཀྱི་སྐོར་སྲུང་ལས་དོན་སྤེལ་གྱི་ཡོད། ཁོ་ཚོའི་བྱ་བ་གཙོ་བོ་ནི་མངའ་ཁུལ་གྱི་འབྲུབ་འགོག་ཐད་ཀྱི་མངོན་མེད་རྐྱེན་ངན་དང་ཆུ་ཁོངས་ནས་ཆུར་བྱིང་བའི་ཉེན་ཁ་དག་གནད་དུ་བཟུང་ནས་གྲལ་བཤེར་བྱེད་པ་དང་། གང་འདོད་དུ་བརྐོ་འཐུ་བྱེད་པ་སོགས་ཀྱི་སྐྱེ་ཁམས་གཏོར་བརླག་གི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་པ། རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་དུས་ཐོག་ཏུ་ཤེས་རྟོགས་དང་དེ་ལ་འཕྲལ་མར་སྐྱོབ་རོགས་བྱེད་པ། ཉིན་རེར་སྐོར་སྲུང་གི་གནས་ཚུལ་ཇི་ལྟ་བ་བཞིན་ནན་ཏན་གྱིས་ཟིན་ཐོར་འགོད་པ། སྐོར་སྲུང་གི་གསལ་ཐོ་འཐུས་ཚང་དུ་གཏོང་བ། དུམ་མཚམས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་བཅས་རེད།
ཁོས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། “ཉིན་རེར་ཡང་སྐོར་བསྐྱར་སྐོར་དུ་སྲུང་སྐྱོབ་བྱེད་པའི་ཁྲོད། རང་ཉིད་ཕ་ཡུལ་ལ་དགའ་ཞེན་ཇེ་ཆེ་ནས་ཇེ་ཆེར་འགྲོ་གི་ཡོད་ལ། མུ་མཐུད་དུ་པར་ཆས་ཀྱི་ཤེལ་མིག་ལ་བརྟེན་ནས་ཕ་ཡུལ་གྱི་མཛེས་ལྗོངས་གང་ཡག་ཟིན་ཐོར་བཀོད་དེ། མི་དེ་ལས་མང་པོ་ཞིག་ལ་ཐེམ་ཆེན་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མཐོང་དུ་འཇུག་ངེས་ཡིན”ཞེས་བཤད། མི་སེམས་འགུལ་བའི་འདྲ་པར་རེ་རེ་ནི། མཐོ་སྒང་གི་སྲོག་ལྡན་སྐྱེ་འགྲོ་དང་བརྗིད་ཆགས་མཛེས་སྡུག་གི་ཡུལ་ལྗོངས་ཐམས་ཅད་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། ས་གནས་དེ་གའི་མང་ཚོགས་ཀྱིས་སྔོ་ལྗང་གི་རི་ཆུ་ལེགས་པར་སྲུང་སྐྱོབ་བྱས་པའི་བདེན་དཔང་ངོ་མ་ཞིག་དེ་བས་ཀྱང་རེད། པར་ཆས་ཀྱི་ཤེལ་མིག་ལ་དྲངས་ཏེ་བྱ་དངོས་ཐམས་ཅད་མཉམ་སྐྱེས་མཉམ་གསོན་གྱི་ཚུལ་དང་། ཐེམ་ཆེན་རྫོང་གི་ས་གཞི་ཆེན་པོའི་སྟེང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་གང་ཡོད་ད་དུང་རྒྱུན་ཆད་མེད་པར་འབྲི་བཞིན་ཡོད། །
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།