ཀྲི་པུས་སྣེ་དྲངས་ལུགས་སྲོལ་བཙུགས། དཔལ་ཡོན་སྲོལ་གསར་གཅན་ཚར་དར།

ཁུངས། ཀློག་གྲངས།

སྲོལ་ལུགས་ངན་པ་བསྒྱུར་བས། སྡེ་བར་རྣམ་པ་གསར་པ་མངོན།

གཉེན་སྟོན་དང་འདས་མཆོད་རྒྱ་ཆེར་སྒྲུབ་པ་དང་བུ་མོའི་རྒྱུ་རིན་མཐོན་པོ་ལེན་པ། རྒྱས་སྟོན་འགྲན་སྡུར་བྱེད་པ་བཅས་ཀྱི་སྲོལ་ངན་ནི། སྔོན་ཆད་ཀྱི་གྲོང་གསེབ་བཅོས་སྐྱོང་བྱ་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། ཁག་ས་འདི་ལེགས་པར་བསལ་ཆེད། གཅན་ཚ་རྫོང་གི་སྡེ་བ(སྡེ་ཁུལ)སོ་སོའི་ཏང་ཀྲི་པུའུ་ཡིས་རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་ཁུར་ཞིང་སྣེ་ཁྲིད་དེ་སྡེ་སྲོལ་དམངས་ཆིངས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་། ས་ཆ་གང་ས་ནས་གཉེན་སྟོན་འདས་མཆོད་ལས་འཛིན་ཚོགས་པ་བཙུགས་ཏེ། སྟོན་མོ་བཤམས་པ་དང་འདས་མཆོད་སྒྲུབ་པར་ཚད་གཞི་ཡོད་པ་དང་སྐྱེས་དངུལ་ལ་ཚད་བཀག་ཡོད་པ། གྲོན་ཆུང་གིས་གཉེན་སྟོན་འདས་མཆོད་སྒྲུབ་པ་སོགས་ཀྱི་ཞིབ་སྲོལ་དོན་ཐོག་ཏུ་འཁྱོལ་དུ་བཅུག

གདོང་སྣ་གྲོང་རྡལ་ཧྲང་གྲོང་སྡེ་བ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་སྡེ་བ་ཞིག་རེད། སྔོན་ཆད་མི་རིགས་སོ་སོའི་མང་ཚོགས་ཀྱི་གཉེན་སྲོལ་གོམས་གཤིས་མི་གཅིག་ལ། ཕན་ཚུན་འགྲན་པའི་སྲོལ་ངན་དར་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཞའོ་ཅུན་གྱིས་ཏང་ཡོན་དང་སྡེ་མིའི་འཐུས་མི་རྣམས་ཀྱི་སྣེ་ཁྲིད་དེ་སྔ་གཞུག་ཏུ་སྡེ་མིའི་གྲོས་མོལ་ཚོགས་འདུ་ཐེངས4ལ་ཚོགས། སྡེ་སྲོལ་དམངས་ཆིངས་ཀྱི་དོན་ཚན་རེ་རེར་བསམ་བློ་བཏང་ནས་དག་བཅོས་བྱས་ཏེ། སྟོན་མོའི་ཅོག་ཙེའི་ཁ་གྲངས་དང་སྐྱེས་དངུལ་གྱི་ཡས་མཐའ་གསལ་པོར་བཅད་པས། མི་རིགས་མི་འདྲ་བའི་མང་ཚོགས་ཚང་མས་ཁས་ལེན་པའི“ཚང་མས་མཉམ་དུ་གཏན་འབེབས་བྱས་པའི་ལུགས་སྲོལ”དེ་ཡོད་པར་གྱུར། ཁམས་ར་གྲོང་རྡལ་དུ་ཏང་ཡོན་དང་སྡེ་བའི་ལས་བྱེད་པ། སྡེ་དམངས་འཐུས་མི་བཅས་ཀྱིས་གྲུབ་པའི་གྲོས་གཅོད་ཚན་ཆུང་སྡེ་བའི་ཁྱིམ་ཚང་དུ་རྒྱུན་དུ་སོང་སྟེ་བཤེར་སྡུར་སྐར་མ་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོང་། གཞིས་ཆགས་ཁོར་ཡུག་བཅོས་སྐྱོང་། སྲོལ་བརྗེ་ལུགས་བསྒྱུར་སོགས་ཀྱི་ཉིན་རྒྱུན་གྱི་བྱ་བ་བསགས་སྐར་དོ་དམ་ནང་དུ་བཞག་སྟེ། གོ་རིམ་ཧྲིལ་པོ་མངོན་གསལ་སྤྱི་བསྒྲགས་བྱེད་པ་དང་རྩིས་ཐོ་གསལ་བསྒྲགས་བྱེད་བཞིན་ཡོད། སྐྱིད་གླེ་སྡེ་བས་ཡུལ་སྲོལ་དཔལ་ཡོན་གྱི་མིང་ཐོ་དམར་ནག་འབྲི་ས་བཙུགས་ཏེ། མི་བཟང་དོན་བཟང་མིང་ཐོ་དམར་པོའི་གྲས་སུ་འགོད་པ་དང་། རྒྱས་བཟའ་རྒྱས་འཐུང་འགྲན་སྡུར་གྱི་བྱ་སྤྱོད་མིང་ཐོ་ནག་པོའི་གྲས་སུ་བཀོད་ནས་ཉེ་འགྲམ་གྱི་མི་དང་དོན་དག་གིས་མང་ཚོགས་ཀྱིས་རང་གཅུན་བྱེད་པར་སྣེ་ཁྲིད་དུ་བཅུག

ད་ལྟ། སྡེ་བའི་ནང་དུ་གཉེན་སྟོན་དང་འདས་མཆོད་ལ་ཚད་གཞི་ཡོད་ཅིང་བྱ་སྤྱོད་ལ་ཚད་ཤིང་ཡོད། སྔོན་ཆད་བུ་མོའི་རྒྱུ་རིན་སྒོར་ཉིས་འབུམ་དེ་ད་ལྟ་ཆེས་མཐོ་ན་སྒོར་ཁྲི4ལས་མི་བརྒལ་ཞིང་། སྟོན་མོ་རྒྱས་བཤམས་བྱེད་པ་སོགས་ཀྱི་སྣང་ཚུལ་ཇེ་ཉུང་དུ་བཏང་ཡོད། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་གཉེན་སྟོན་འདས་མཆོད་སྟབས་བདེར་བསྒྲུབས་ནས་གང་ཐུབ་ཀྱིས་གྲོན་ཆུང་བྱས་པས། སྲོལ་བརྗེ་ལུགས་བསྒྱུར་གྱི་ལུགས་སྲོལ་དོན་དམ་པས་རྩ་བ་རྒྱས་ཤིང་མི་སེམས་ལ་ཟུག་ཏུ་བཅུག་ཡོད།“སྔོན་ཆད་གཉེན་ཞིག་བསྒྲིགས་ན་བུ་མོའི་རྒྱུ་རིན་གྱི་ཁར་སྟོན་མོ་བསྣན་ན་བཟའ་མི་གང་བོས་ལོ་མང་པོར་བསགས་པའི་སྒོར་མོ་ཚང་མ་ཚར་འགྲོ། ད་ལྟ་སྡེ་སྲོལ་ལྟར་གཉེན་བསྒྲིགས་ན་ངོ་སོ་ཡོད་ལ་སྒོར་མོའང་གྲོན་ཆུང་བྱེད་ཐུབ། ལྷག་པའི་སྒོར་མོས་ནོར་ལུག་གསོས་ཆོག་ལ་ཐོན་ལས་ཀྱང་གཉེར་ཆོག”ཅེས་ཧྲང་གྲོང་སྡེ་བའི་སྡེ་མི་སངས་རྒྱས་རྒྱལ་སེམས་འགུལ་ཐེབས་ནས་དེ་ལྟར་བཤད།

ཡུལ་སྐད་སྒྲོག་འགྲེལ་བགྱིས་པས། དམངས་ལ་གསོན་ཤུགས་རྒྱས།

ཞིང་ཁ་ཞིང་གཉའ་དང་འབྲོག་པའི་སྦྲ་གུར། སྡེ་མདོའི་ར་སྐོར་གང་དུའང་དཔལ་ཡོན་དྲིལ་སྒྲོག་གི་སློབ་ཐུན་ཡོད། རྫོང་གྲོང་གསེབ་རིམ་པ་གསུམ་པའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་གཡུལ་སར་བརྟེན་ནས། གཅན་ཚ་རྫོང་གིས“དུས་བཞིའི་སྒྲོག་འགྲེལ•གཅན་ཚ་བྱམས་སྐྱོང”ཞེས་པའི་ཁྱད་ལྡན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། སློབ་གསོ་གཏོང་སྟངས་རེངས་པོ་དོར་ཏེ། ཏང་ཡོན་དྲིལ་སྒྲོག་རུ་ཁག་དང་ཡུལ་མི་འཇོན་པོ་རྐང་འཛིན་པ། ལས་བྱེད་རྒན་པ་བཅས་རྩ་འཛུགས་བྱས་ཏེ་རང་ཡུལ་དུ་སྒྲོག་འགྲེལ་བྱེད་དུ་བཅུག་པ་དང་།སྤྱིར་བཏང་གི་ཁ་བརྡ་བྱེད་ཚུལ་དང་གོ་བདེའི་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་མང་ཚོགས་ལ་སྲོལ་བརྗེ་ལུགས་བསྒྱུར་གྱི་སྲིད་ཇུས་ཀློག་འགྲེལ་བྱས་ཤིང་ཉེ་འགྲམ་གྱི་དཔལ་ཡོན་དཔེ་མཚོན་ལོངས་སུ་སྤྱད།

སྣང་ར་ཞང་གྲམ་པ་ནང་སྡེ་བའི་རྒན་མགོ་དཀར་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་རྒྱུན་དུ་སྒྲོག་འགྲེལ་ལག་དེབ་ལག་ཏུ་འཆང་ནས་འབྲོག་པའི་སྦྲ་གུར་ནང་འགྲོ་བཞིན་ཡོད། འོ་དེམ་གྱི་མཐའ་རུ་ཙོག་སྟེ། སྡེ་བའི་ཁྱིམ་མཚེས་བར་གྱི་རྩོད་གླེང་དང་མི་སེམས་འགུལ་བའི་དོན་དངོས་གཏམ་རྒྱུད་མང་པོ་བརྗོད་པ་དང་མང་ཚོགས་ཀྱིས་གོ་བདེ་བའི་གནས་ལུགས་བརྗོད་ནས་སྒྲོག་འགྲེལ་བྱས། 2026ལོའི་ཚུན་དུ། བརྗོད་དོན་སྒྲོག་འགྲེལ་སྣ་ཚོགས་ཐེངས280ལ་སྤེལ་བ་དང་། དེར་རྫོང་ཡོངས་ཀྱི་མང་ཚོགས་བཞི་ཁྲི་ལྔ་སྟོང་ཞུགས། དུས་མཚུངས་སུ། སྡེ་བའི་ཏང་ཡོན་རྒན་པ་དང་ཡུལ་མི་འཇོན་པོ་དང་ས་ཆར་རྒྱུས་ཆེ་བ་དང་གནས་ཚུལ་ལ་རྒྱུས་མངའ་བའི་དགེ་མཚན་ལ་བརྟེན་ནས། རང་འགུལ་གྱིས་ཁྱིམ་མཚེས་བར་གྱི་འགལ་བ་འདུམ་ཞིང་རྩོད་གླེང་མེད་པར་བཟོས། རིམ་བསགས་ཀྱིས་འགལ་བ་དང་རྩོད་གླེང་སྣ་ཚོགས20འདུམ་སྒྲིག་བྱས་ཏེ། སྲིད་ཇུས་སྒྲོག་འགྲེལ་གྱིས་ཡུལ་གྲུ་བྱམས་ཀྱིས་བསྐྱངས་པ་དང་། ཁྱིམ་མཚེས་བར་དུ་འཆམ་ཞིང་མཐུན་ལ་དགེ་ཕྱོགས་ལ་བརྩོན་པ་ནི་གྲོང་གསེབ་ཀྱི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད། ཚོ་དྲུག་ཞང་གི་ཏང་ཡོན་རྒན་པ་རྡོ་རྗེས་ལོ་ངོ་མང་པོར་འགལ་བ་འདུམ་འགྲིག་བྱས། ཁོས་དུས་རྒྱུན་དུ“ཡུལ་མི་སྤུན་ཟླ་བར་དུ་གྲོལ་མི་ཐུབ་པའི་སེམས་ནད་ཅིག་མེད། སུན་སྣང་མེད་པར་ཁོ་ཚོ་དང་མཉམ་དུ་ཙོག་ནས་སྡེ་སྲོལ་དང་གནས་ལུགས་བཤད་ན་དོན་དག་ཅི་འདྲ་ཆེ་རུང་ཚང་མ་འདུམ་ཐུབ”ཅེས་རྒྱུན་དུ་བཤད་བཞིན་ཡོད།

དཔལ་ཡོན་སྲོལ་གསར་དར་བ་དེ་མང་ཚོགས་རྒྱ་ཆེར་ཞུགས་པ་དང་འབྲལ་ཐབས་མེད། གཅན་ཚ་རྫོང་གིས་ཏང་འཛུགས་སྐྲུན་གྱིས་དང་བླངས་སྟོབས་ཤུགས་གཅིག་ཏུ་བསྡུས་པར་བརྟེན་ནས། ཡུལ་ལོག་ན་གཞོན་དང་ཡུལ་གྱི་འཇོན་མི། མང་ཚོགས་དཀྱུས་མ་བཅས་ལས་གྲུབ་པའི་དང་བླངས་ཞབས་ཞུ་དཔུང་སྡེ་བཙུགས་ཏེ། དམངས་ཡོངས་དཔལ་ཡོན་ལག་ལེན་དུ་ཞུགས་པའི་སྟེགས་བུ་བསྐྲུན། སྡེ་བའི་ནང་གི་གཞིས་ཆགས་ཁོར་ཡུག་བཅོས་སྐྱོང་དང་གྲམ་པའི་འབྲུབ་འགོག་སྐོར་སྲུང་། སྡེ་བའི་གཙང་སྦྲ་དང་སྲུང་སྐྱོང་སོགས་ཀྱི་སྡེ་བ་རིམ་པའི་ལས་དོན་དེ་དག་སྔོན་ཆད་ལྟར་སྡེ་བའི་ལས་བྱེད་པ་ཁོ་ནས་བསྒྲུབ་དགོས་པ་ཞིག་མ་ཡིན་པར། སྡེ་མི་རྣམས་རང་འགུལ་གྱིས་ཞུགས་པའི་ཐུན་མོང་གི་ལས་ཀ་ཞིག་ཏུ་གྱུར་ཡོད།

ཁམས་ར་གྲོང་རྡལ་གྱིས་བྱ་བ་གཙོ་བོ་བསགས་སྐར་སྐུལ་སློང་གི་ནང་རྐྱེན་ནང་དུ་བཅུག་ཡོད། 2026ལོའི་ཚུན་དུ། རིམ་བསགས་ཀྱིས་ཁོར་ཡུག་བཅོས་སྐྱོང་དང་འབྲུབ་འགོག་གནོད་འགོག་དང་འབྲེལ་བའི་བསགས་སྐར་དངོས་ཟོང་ལ་བརྗེ་བའི་བྱ་འགུལ་ཐེངས90ལྷག་ལ་སྤེལ་བ་དང་། མང་ཚོགས500ལྷག་དེའི་ཁྲོད་ཞུགས། ལས་ཀ་ལས་ན་སྐར་མ་ཡོད་ལ་ཁེ་ཕན་ཐོབ། སྐྱིད་གླེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མ་དབང་ལྡན་གྱིས་སྣེ་ཁྲིད་དེ་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཡོད་ལ། རུ་ཁག་གི་ཁོངས་མི་རྣམས་ཀྱི་སྣེ་ཁྲིད་དེ་རྒྱུན་དུ་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་དང་། སྡེ་བའི་ནང་ལ་ལྗང་བསྒྱུར་བྱས་ཏེ། ན་གཞོན་མི་ཉུང་བ་ཞིག་གཞན་ཡུལ་དུ་གླ་རྒྱག་པའི་གླ་བ་ནས་ཕ་ཡུལ་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ཏུ་འགྱུར་དུ་བཅུག

སྡེ་བ་སོ་སོའི་ཏང་རྩ་འཛུགས་ཀྱིས་ད་རུང་རྒྱུན་དུ“ང་ཚོའི་དུས་ཆེན”དང་མདའ་འཕེན་འགྲན་སྡུར། རིག་རྩལ་འཁྲབ་སྟོན་སོགས་ཀྱི་དམངས་ཕན་བྱ་འགུལ་སྤེལ་བ་དང་། ཁྲེན་ཧྲང་སྡེ་བའི་དམངས་ཁྲོད་སྒྱུ་རྩལ་པས་སྲོལ་བརྗེ་ལུགས་བསྒྱུར་དང་ཆུ་སྲུང་རི་གཅེས་ཀྱི་ནང་དོན་གླུ་ཚིག་ཏུ་བྲིས་ཏེ། གྲོང་གསེབ་གར་སྟེགས་སུ་གྱེར་བ་ན། མང་ཚོགས་ཀྱིས་ལྟ་མོས་ཤིང་གོ་བདེ་བས། རིག་གནས་ལ་བརྟེན་ནས་མི་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་པ་དང་། སྡེ་མི་རྣམས་ལ་རིག་གནས་ལུས་རྩལ་བྱ་འགུལ་སྣ་ཚོགས་ཁྲོད་ནས་སེམས་རྒྱུད་བཞུ་སྦྱང་བྱས་ལ་སྲོལ་ངན་དོར་དུ་བཅུག་སྟེ། རིམ་བཞིན“ལྟད་མོ་པ”ནས“ཞུགས་མཁན་པ”དང་། “ང་ལ་བསྒྲུབ་ཏུ་འཇུག་པ”ནས“ང་ཡིས་བསྒྲུབ་དགོས”ཞེས་པའི་བར་དུ་འཕོ་འགྱུར་བྱུང་།

དཔལ་ཡོན་གྱིས་ཐོན་ལས་འཕེལ་རྒྱས་བཏང་། དམངས་སྲོལ་གྱིས་ཕྱུག་འགྱུར་ཡར་སྐུལ་བྱས།

ཡུལ་སྲོལ་བབ་ཆགས་ཡིན་ན་གྲོང་གསེབ་དར། དམངས་སྲོལ་ཚད་དང་ལྡན་ན་ཐོན་ལས་དར། གཅན་ཚ་རྫོང་གིས་ཏང་འཛུགས་སྐྲུན་གྱིས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཉིས་ཀ་མཉམ་འདྲེས་གཏིང་ཟབ་འབྱུང་བར་སྣེ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡུལ་སྲོལ་དམངས་སྲོལ་ལེགས་པོ་གྲོང་གསེབ་འཕེལ་རྒྱས་ཁྲོད་ཀྱི་སྒུལ་ཤུགས་སུ་བསྒྱུར། སྲོལ་བརྗེ་ལུགས་བསྒྱུར་བསྟུད་མར་གཏིང་ཟབ་བྱས་པ་དང་བསྟུན་ནས། མང་ཚོགས་ཀྱི་རྒྱས་ཟ་རྒྱས་འཐུང་གི་ཆུད་ཟོས་དང་འགྲན་སྡུར་གྱི་སྲོལ་ངན་དང་རིང་དུ་གྱེས་པ་དང་། གྲོན་ཆུང་བྱས་ནས་ལྷག་པའི་འགྲོ་སྒོ་འབབ་འཕར་ཐོན་ལས་ཁྲོད་དུ་གཏོང་བཞིན་ཡོད། མར་ཁུ་ཐང་གྲོང་རྡལ་གྱི་བཟོ་ཤག་ཅིག་གི་ནང་དུ། “གཅན་ཚ་ཤིང་བཟོ”ཡིས་ལག་ཏུ་བརྐོས་གྲི་བཟུང་སྟེ་ཤིང་ལ་རི་མོ་རྐོ་བཞིན་ཡོད་ལ། ལག་རྩལ་རྙིང་པ་དེར་བརྟེན་ནས་ཞིང་ཆེན་ཕྱི་ནང་ཀུན་ཏུ་འཚོང་གི་ལམ་ཁ་བཏོད་ཡོད། རྫོང་མཁར་གྱི་འཐེན་ཐུག་ཟ་ཁང་ཞིག་གི་ནང་དུ་འཐེན་ཐུག་ཇ་མས་ཕྱེ་འཐེན་བཞིན་ཡོད་ལ། འཐེན་ཐུག་ཚན་དེ་དཀར་ཡོལ་གང་གིས་ཞིང་ལས་ཁྱད་ལྡན་ཐོན་རྫས་བཤམས་ཚོང་ལ་སྣེ་ཁྲིད་ཐུབ་ཡོད། སྣང་ར་ཞང་གི་འོད་བརྟེན་པང་ལེབ་ལ་ཉི་ཟེར་གྱི་འོད་འཚེར་ལ། “ཉི་འོད་དངུལ་ཁང”གིས་སྡེ་བ་ཐུན་མོང་ལ་ཡོང་འབབ་བརྟན་པོ་བསྟུད་མུར་འཕར་དུ་བཅུག་ཡོད། ས་ཁོངས་སྤུས་རྟགས“མདའ་རྫོང་ཚོང་ཟོང་སྤུས་དག”གིས་མཐོ་སྒང་གི་ཞིང་ལས་ཚོང་རྫས་ཐུམ་བརྒྱབ་ནས་རྨ་ཆུའི་ཕ་རོལ་ཏུ་སྐྱེལ་བཞིན་ཡོད།

འཆམ་མཐུན་དགེ་ཕྱོགས་ཀྱི་གྲོང་གསེབ་སྣང་ཚུལ་གྱིས་བདེ་སྐྱིད་ཁུགས་ཀྱི་ཕྱོགས་བསྡུས་སོགས་ཀྱི་ལས་གཞི་ལ་ཚོང་གཉེར་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་ལ། དཔལ་ཡོན་ལག་ལེན་དང་མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས་བཅས་མཉམ་དུ་རྒྱས་ཤིང་དར་དུ་བཅུག་ནས། མང་ཚོགས་ལ་དཔལ་ཡོན་གྱི་སྦྱངས་ཐོབ་བསྣན་ཞིང་བསམ་པའི་ཞིང་ཁམས་ཕུན་ཚོགས་སུ་བཏང་ལ། འབབ་འཕར་ཕྱུག་འགྱུར་གྱི“དངུལ་ཁུག”ཏུ་དངུལ་གྱིས་བཀང་དུ་བཅུག་སྟེ། ཡུལ་སྲོལ་དཔལ་ཡོན་དང་གྲོང་གསེབ་དར་སྤེལ་གྱི་སྩོལ་ནུས་གཉིས་ཀ་ཕན་ཚུན་མཉམ་སྐུལ་ཡར་ཐོན་བྱུང་བ་མངོན་འགྱུར་བྱས་ཡོད།

ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ལུགས་སྲོལ་འཛུགས་པ་ནས་ཡུལ་སྐད་སྒྲོག་འགྲེལ་གྱིས་སེམས་པ་གསོ་བའི་བར། དམངས་ཡོངས་འཚོ་ཚིས་སྩོལ་བར་ཞུགས་པ་ནས་དཔལ་ཡོན་སྩོལ་ནུས་ཀྱིས་ཐོན་ལས་རྒྱས་སུ་བཅུག་པའི་བར། གཅན་ཚ་རྫོང་གིས་ཏང་འཛུགས་སྐྲུན་དེ་སྨྱུ་གུ་ལྟ་བུ་དང་ཡུལ་སྲོལ་དེ་སྣག་ཚ་ལྟ་བུར་བརྩིས་ཏེ། རྨ་ཆུའི་འགྲམ་ངོགས་སུ་དཔལ་ཡོན་སྲོལ་གསར་དང་གྲོང་གསེབ་དར་སྤེལ་གཉིས་ཀ་ཕན་ཚུན་གཅིག་ཏུ་འདྲེས་ཤིང་འོད་འཚེར་བའི་འཆམ་མཛེས་ཀྱི་རི་མོའི་ཤོག་དྲིལ་ཞིག་བྲིས་ཡོད། །

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།