
ཟླ8པའི་ཚེས28ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཡན་ལག་དམག་ཁུལ་གྱི་དཔོན་དམག་གིས་མེ་གསོད་རོགས་སྐྱོབ་རུ་ཁག་དང་མཉམ་དུ་ཀོ་གྲུ་སྐྱེལ་འདྲེན་བྱེད་ཀྱིན་པ། ཞིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།
—བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རུད་ཁྲོད་འཕྲལ་སྐྱོབ་སྐྱོབ་རོགས་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། འདི་ནི་གློ་བུར་དུ་བྱུང་བའི་གནོད་སྐྱོན་ཞིག་སྟེ། ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ30ཡི་སྟེང་། བལ་བོའི་གཞོགས་ཤིག་ནས་འདམ་རུད་ཀྱི་གནོད་སྐྱོན་བྱུང་བས། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོར་འབྲེལ་ཐག་ཆད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེར་མཐོང་ཆེན་མཐོན་པོ་མཛད་པ་དང་། དེ་མ་ཐག་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། སྐབས་ཐོག་འདིར་ཁ་ཚ་དགོས་གཏུག་གིས་བསྒྲུབ་དགོས་པ་ནི་འབྲེལ་ཐག་ཆད་པའི་མི་སྣ་ཐབས་བརྒྱ་ཇུས་སྟོང་གིས་འཚོལ་སྐྱོབ་བྱེད་པ་དང་། ཉེན་ཁ་ཡོད་པའི་མང་ཚོགས་གནས་སྤོར་བདེ་འགོད་བྱེད་པ། རྨས་མ་སྐྱོབ་བཅོས་དམ་འཛིན་བྱས་ཏེ་ཤི་རྨས་བྱུང་ཚད་གང་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་རྒྱུ་དང་། རྟོག་འཇལ་དང་སྔོན་ཟོན་ལ་ཤུགས་བསྣན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྲོག་སྐྱོབ་པར་དོ་སྣང་བྱས་ཏེ། ཡང་བསྐྱར་གནོད་སྐྱོན་ཐེབས་པ་སྔོན་འགོག་བྱེད་རྒྱུ་དེ་རེད།
ནུབ་རྒྱུད་འཐབ་ཁུལ་གྱིས་བྲེལ་བསྟུན་ཁ་གཏད་འཇལ་བ་དང་། བོད་ལྗོངས་དམག་ཁུལ་དང་དྲག་ཆས་ཉེན་རྟོག་དམག་དཔུང་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་ཁ་གཏད་འཇལ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་བརྒྱ་ལྷག་གིས་བཀའ་ལྟར། ཧི་མ་ལ་ཡ་རི་བོའི་དབུས་མཚམས་ལྷོ་ངོས་སུ་གནས་པའི་སྐྱིད་གྲོང་འགག་སྒོར་ཆས་ཏེ་སྐྱོབ་རོགས་ཁྲོད་ཞུགས།
(གཅིག)
ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད11དང་སྐར་མ50ཡི་སྟེང་། སྐྱིད་གྲོང་གྲོང་རྡལ་དུ་བཅའ་སྡོད་བྱས་པའི་དྲག་ཆས་ཉེན་རྟོག་དམག་དཔུང་གཞིས་ཀ་རྩེ་ཡན་ལག་རུ་ཁག་གི་དཔོན་དམག་རྣམས་ལ་བཀའ་ཡིག་འབྱོར་རྗེས། སྐྱིད་གྲོང་འགག་སྒོའི་གནས་ཚུལ་རྩད་ཞིབ་བྱེད་དུ་སོང་། ལིའུ་ལ་ཁྲུན་དང་མྱུལ་ཞིབ་པ་གཉིས་ཀྱིས་འགག་སྒོ་དང་བར་ཐག་སྤྱི་ལེ3གྱི་སར་འདམ་རུད་དྲག་ཏུ་འཕྱོ་ནས་གྲོག་རོང་བར་གྱི་རྒྱལ་ལམ216པ་འདམ་རུད་ཀྱིས་དངོས་སུ་སྣུབ་བཞིན་པ་མཐོང་།
བོད་ལྗོངས་དམག་ཁུལ་སྐྱིད་གྲོང་མཐའ་སྲུང་བརྒྱ་དཔུང་གི་ལིན་ཅིན་དབྱི་དང་ཀུན་དགའ་རྒྱལ་མཚན། ལུའུ་པིན། ཝེ་ཞའོ་ལིའང་སོགས་དཔོན་དམག4པོའང་ཡུལ་དེ་ན་ཡོད། ལམ་བསྣུབས་སོང་བས་ཁོ་ཚོ་འགྲམ་ངོགས་ཀྱི་རི་ངོས་སུ་འགོ་མགོ་བརྩམས། རི་ལྡེབས་བརྒྱུད་ནས་མུ་མཐུད་དུ་ལུང་ཕུག་ཏུ་སོང་རྗེས་རྩད་ཞིབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས།
ནུབ་རྒྱུད་འཐབ་ཁུལ་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱིས་ཕྱོགས་མང་པོ་ནས་འབྱོར་བའི་ཆ་འཕྲིན་ཕྱོགས་སྒྲིག་བྱས་རྗེས། ཕྱོགས་སོ་སོར་བྲེལ་འཚུབ་ཆེ་རུང་གོ་རིམ་ལྡན་པའི་ངང་སྲུང་སྐྱོབ་བྱས་ལ། གནོད་ཐེབས་ཁུལ་གྱི་དམག་ཤུགས་དང་སྨན་བཅོས། འགྲིམ་འགྲུལ་སོགས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པར་འཕྲལ་སྐྱོབ་སྐྱོབ་རོགས་ཀྱི་ལས་འགན་བཀོད་སྒྲིག་བྱས།
བོད་ལྗོངས་དམག་ཁུལ་གྱིས་མངགས་པའི་མདུན་ཕྱོགས་བཀོད་འདོམས་ཚན་ཆུང་ཡུལ་དངོས་སུ་སོང་སྟེ་མྱུར་དུ་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་བཏོན། བོད་ལྗོངས་གཞིས་ཀ་རྩེ་ཡན་ལག་གི་དམག་དཔུང་ག་གེ་མོའི་དམག་མི130ལྷག་དང་བཟོ་འགོད་འཕྲུལ་ཆས་སྒྲིག་བཀོད་ཀྱིས་དམག་ཏུ་ཆས་པར་གྲ་སྒྲིག་བྱས། དྲག་ཆས་ཉེན་རྟོག་དམག་དཔུང་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་ཀ་རྩེ་ཡན་ལག་རུ་ཁག་གི་དཔོན་དམག140ལྷག་གིས་ལག་ཏུ་ཆེད་ལས་སྲོག་སྐྱོབ་ཀྱི་སྒྲིག་ཆས་བཟུང་ནས་ཡུལ་དངོས་སུ་སོང་།
འཐབ་ཁུལ་མཁའ་དམག་གི་དམག་དཔུང་ག་གེ་མོས་བཀའ་ལྟར་རྟོག་འཇལ་དང་སྔོན་ཟོན་ལ་ཤུགས་སྣོན་བྱས། སྲུང་སྐར་སྤྲིན་རིས་དང་རེག་བརྡ་ཕྱིར་འགུལ། ས་ངོས་ལྟ་ཞིབ་ས་ཚིགས་སོགས་ཀྱི་གཞི་གྲངས་དང་གྲངས་ཐང་གི་སྔོན་བརྡའི་ཐོན་རྫས་དང་ཟུང་འབྲེལ་བྱས་ལ། ལོ་ངོ20ཙམ་ལ་མཐོ་སྒང་གནམ་གཤིས་ཞིབ་འཇུག་གི་བྱ་བ་བསྒྲུབས་པའི་ཀན་ཏུང་གིས་རྐང་འཛིན་པ་དག་གི་སྣེ་ཁྲིད་དེ་བརྡར་གཅོད་བྱས།
“མདོ་དབུས་མཐོ་སྒང་ཆར་དུས་སུ་འཁེལ་ཡོད་པས། ཕྱི་དྲོ་སྤྲིན་གྱི་གཏད་རྒྱུན་རྒྱས་པ་མགྱོགས། མཁའ་འགྲུལ་ལམ་ཐིག་སྟེང་ཆར་གསོག་སྤྲིན་པ་འཐིབ་སླ་ཞིང་ཆར་ཞོད་ནམ་ཟླ་འབྱུང་སླ།”ཀན་ཏུང་གིས“སྐྱེལ་འདྲེན་གནམ་གྲུ་དང་གྱེན་འཕུར་གནམ་གྲུ། མི་མེད་གནམ་གྲུ་སོགས་གནམ་གྲུ་མི་འདྲ་བར་དམིགས་ནས་ནམ་ཟླའི་འགན་སྲུང་དུས་ཐོག་ཏུ་མགྱོགས་མྱུར་སྒོས་གསར་སྒྱུར་བྱེད་དགོས”ཟེར།
ཚེས26ཉིན་གྱི་ཆུ་ཚོད20པའི་སྟེང་། མཐོ་སྒང་གི་གནམ་གྲུ་ཐང་ག་གེ་མོ་ཞིག་ལ་དུས་ཡུན་ཐུང་ངུའི་རིང་གི་གནམ་ངོ་དྭངས། འཐབ་ཁུལ་མཁའ་དམག་གི་མི་མེད་གནམ་གྲུ་ཞིག་གིས་འཕུར་ཆོག་པའི་དུས་ཚོད་དམ་འཛིན་བྱས་ཏེ་སྐྱིད་གྲོང་འགག་སྒོར་རྩད་ཞིབ་བྱེད་དུ་འཕུར།
སྐབས་དེར། གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོ་ཡན་ལག་རུ་ཁག་ནང་དུ་སྐབས་ཐོག་བཀོད་འདོམས་ཁང་བཙུགས་ཏེ། དམག་སའི་སྐྱོབ་རོགས་སྟོབས་ཤུགས་གཅིག་འདོམས་ཀྱིས་མཐུན་སྦྱོར་བྱས། ལིན་ཅིན་དབྱི་དང་ལིའུ་ལ་ཁྲུན་གཉིས་ཀྱིས་ཕྱི་དྲོར་འགག་སྒོ་ཕྱོགས་ཀྱི་ཡུལ་དངོས་སུ་རྟོག་འཇལ་ཡང་ཡང་བྱས་པའི་གནས་ཚུལ་ཡར་ཞུ་བྱས། སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ཀྱི་མཚོ་འཁྱིལ་ས་གཤིས་བརྟན་བརླིང་མིན་ལ། དེས་སྨད་རྒྱུད་ཀྱི་སྐྱོབ་རོགས་ལ་ཉེན་ཁ་བཟོས་ཡོད་པས། བགྲོད་ལམ་བཏོད་པར་དཀའ་ཁག་ཤིན་ཏུ་ཆེ།
“མཐར་སོན་བསམ་གཞིགས་དང་མཐའ་སྲུང་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ང་ཚོས་ཆེས་དཀའ་སྡུག་ཆེ་བའི་གནས་ཚུལ་ལ་ཁ་གཏད་དེ་ལས་འགན་སྒྲུབ་པར་གྲ་སྒྲིག་བྱས།”གཞིས་ཀ་རྩེ་ཡན་ལག་དམག་ཁུལ་གྱི་མགོ་ཁྲིད་པས“གཅིག་ནས་ཕྱི་རུ་ཡོད་པའི་མི་སྣ་ཚང་མ་ཕྱིར་བོས་ནས་བཀོད་འདོམས་རྩ་འཛུགས་ལ་ཤུགས་བསྣན་པ་དང་། གཉིས་ནས་མདུན་ཕྱོགས་སུ་ལྟ་ཞིབ་སོ་ཁ་བཀོད་སྒྲིག་བྱས་ཏེ་གནོད་ཐེབས་གནས་ཚུལ་ལ་རྟོག་འཇལ་དམ་ཟབ་བྱས། གསུམ་ནས་ཡན་ལག་དམག་ཁུལ་གྱིས་དམག130ལྷག་ཁ་སྣོན་བྱས་པ་དང་། དེ་དག་གིས་བཟོ་འགོད་འཕྲུལ་ཆས་བསྐོར་ནས་སྐྱིད་གྲོང་གྲོང་རྡལ་དུ་ཐོན་རྗེས་ཐོག་མར་ཐོན་པའི་དམག་དཔུང་དང་མཉམ་དུ་འཕྲལ་སྐྱོབ་སྐྱོབ་རོགས་བྱས།”
(གཉིས།)
མཚན་མོ་དེར་གཉིད་ཐུབ་མེད།
ཚེས27ཉིན་གྱི་ཐོ་རེངས་སུ་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ག་གེ་མོར་བཀའ་ཡིག་འབྱོར་རྗེས། སྐྱེལ་འདྲེན—20གནམ་གྲུའི་སྟེང་དུ་ནུབ་རྒྱུད་འཐབ་ཁུལ་བཀོད་འདོམས་ཚན་ཆུང་དྲུད་ནས་བོད་ལྗོངས་སུ་བསྐྱོད་པའི་འཆར་གཞི་བཀོད།
གནོད་ཐེབས་ནི་ལྡོག་མེད་ཀྱི་བཀའ་ཡིན། གནོད་པ་ཐེབས་རྗེས་དམག་དཔུང་དེས་ཉམས་སད་ཐེག་ཐུབ་པའི་གནམ་གྲུའི་ཚན་ཆུང་བདམས་ནས་འཕུར་ལམ་དང་མཐོ་སྒང་ནམ་ཟླ། འབབ་སའི་གནམ་གྲུ་ཐང་སོགས་ལ་དམིགས་ནས་ཞིབ་འཇུག་བྱས། གནམ་གྲུ་ཚན་ཆུང་གིས་གནམ་གྲུར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། འབྲེལ་ཡོད་ཀྱི་ཞུགས་གྲངས་ཚོད་སྒྲིག་བྱས་པར་མ་ཟད། སྐྱེལ་འདྲེན—20གནམ་གྲུའི་གྲུབ་ཚུལ་བརྗེ་སྤོར་རྩ་འཛུགས་བྱས་པ་དང་། དངོས་རྫས་བརྟན་པོར་བརྩིགས་ཤིང་སྨན་བཅོས་སྐྱོབ་རོགས་ཀྱི་སྒྲིག་ཆས་སོགས་ནང་དུ་བརྩིགས།
“མཐོ་སྒང་མཁའ་ལམ་མཐོན་པོ་ནི་ང་ཚོའི་དུས་རྒྱུན་གྱི་སྦྱོང་བརྡར་བྱ་ཡུལ་གཙོ་བོ་ཡིན། ”སྐྱེལ་འདྲེན—20གནམ་གྲུ་སྐོར་མཁན་གྲུ་དཔོན་གྱིས“ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱས་ཡོད”ཟེར།
དགོང་མོ་དེར་ཚན་ཆུང་དུ་བླངས་པའི་འཐབ་ཁུལ་གྱི་བཀོད་འདོམས་ཚན་ཆུང་ཆུ་ཚོད8དང་སྐར་མ02སྟེང་སྐྱེལ་འདྲེན—20གནམ་གྲུར་བསྡད་ནས་ལྷོ་ནུབ་ཀྱི་གནམ་གྲུ་ཐང་ག་གེ་མོ་ནས་འཕུར་འགོ་བརྩམས། དམག་སའི་མཁའ་དམག་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་འཆར་འགོད་དུས་ཚོད་མཐུན་སྦྱོར་བྱས། སྐྱེལ་འདྲེན—20གནམ་གྲུ་ཚན་ཆུང་གིས་མཁའ་དབྱིངས་ནས་མགྱོགས་མྱུར་གྱིས་ཉེ་ལམ་བརྒྱུད་པ་དང་འཕུར་ཐེངས་མང་བའི་དུས་མཚམས་ལ་གཡོལ་ནས། ཆུ་ཚོད10ཡི་སྟེང་སྔ་སྣུར་སྒོས་བོད་ལྗོངས་མཐོ་སྒང་གི་གནམ་གྲུ་ཐང་ག་གེ་མོར་བབས།
འཐབ་ཁུལ་མཛུབ་སྟོན་ཚན་ཆུང་དུས་ཐོག་ཏུ་ཡུལ་དངོས་སུ་སོང་སྟེ། དམག་དཔུང་གི་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཁྱོན་ཡོངས་ནས་གཅིག་འདོམས་བཀོད་གཏོང་བྱས་པ་དང་། འཕྲལ་སྐྱོབ་སྐྱོབ་རོགས་ཀྱི་ལས་འགན་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱས།
བོད་ལྗོངས་དམག་ཁུལ་གྱི་མདུན་ཕྱོགས་བཀོད་འདོམས་ཚན་ཆུང་གིས་ཡུལ་དངོས་སུ་གནོད་ཐེབས་གནས་ཚུལ་ལ་རྩད་ཞིབ་བྱས་ཤིང་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ་ས་གནས་དང་མཐུན་སྦྱོར་བྱས་ནས་འཕྲལ་སྐྱོབ་སྐྱོབ་རོགས་ཀྱི་ལས་འགན་སྣ་ཚོགས་ལ་སྐུལ་འདེད་བཏང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་རིམ་བསགས་ཀྱིས་མི་ཐེངས500ལྷག་དང་རླངས་འཁོར་བཅུ་ཕྲག་ཅིག་རོགས་སྐྱོབ་འགུལ་སྐྱོད་དུ་ཞུགས། བོད་ལྗོངས་དམག་ཁུལ་གྱི་ལུའེ་ག་གེ་མོས་བརྒྱུད་འདྲེན་བྱས་པའི་དངོས་ཟོག་རླངས་འཁོར་ཐོག་མ་ཞོགས་པར་སྐྱིད་གྲོང་གྲོང་རྡལ་དུ་ཐོན། སྦྲ་གུར་དང་ལྟེབ་ཁྲི། བརླན་འགོག་མལ་སྟན་སོགས་དངོས་ཟོག9000ལྷག་མགྱོགས་མྱུར་གྱིས་བསྐྱལ། བོད་ལྗོངས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་འཕྲལ་བསྟུན་སྨན་བཅོས་རུ་ཁག་གིས་འཕྲལ་བསྟུན་འཚོལ་སྐྱོབ་ཐག་གཅོད་དང་བྲེལ་མྱུར་གཤགས་བཅོས། རྨས་མ་ཚབས་ཆེན་སྐྱོབ་བཅོས་བཅས་ཀྱི་འབྲེལ་ཡོད་སྨན་བཅོས་སྒྲིག་ཆས་ཆ་ཚང་བསྒྲིགས་ནས་བཀའ་ལ་སྒུག
ལམ་གློག་དྲ་གསུམ་ཆད་པའི་གནས་ཚུལ་འོག སེམས་སུ་ཆེས་ཐོགས་པ་ནི་གནོད་ཐེབས་གཙོ་ཁུལ་གྱི་གནས་ཚུལ་རེད། ཚེས27ཉིན་གྱི་ཆུ་ཚོད13ཡས་མས་སུ། མཁའ་དབྱིངས་ནས་འུར་སྒྲ་གྲགས། བོད་ལྗོངས་དམག་ཁུལ་གྱི་སྐམ་དམག་མཁའ་སྐྱོད་ག་གེ་མོའི་གྱེན་འཕུར་གནམ་གྲུ་གཉིས་སྐྱིད་གྲོང་འགག་སྒོའི་མཁའ་དབྱིངས་སུ་འཕུར་ནས་ཐོན།
འཕུར་སྐྱོད་པ་སུའུ་ཝེ་ལུང་གིས་སྔོན་ཆད་དིང་རི་ས་ཡོམ་གྱི་འཕྲལ་སྐྱོབ་སྐྱོབ་རོགས་ལས་འགན་ལག་བསྟར་བྱས་མྱོང་། ད་ཐེངས་ཡང་གནམ་གྲུ་ཀྲན་ཡིང་བསྐོར་ནས་ཡུལ་དངོས་སུ་ཐོན། ཁོས“མཐོ་སྒང་གི་དབུགས་རྒྱུན་ཁོར་ཡུག་རྙོག་འཛིང་ཆེ་བས་གནམ་ལ་འཕུར་རྗེས་ཆར་འབབ་པ་དང་སྤྲིན་འཐིབས་པ་སོགས་ཀྱི་གནས་ཚུལ་དང་འཕྲད་མོད། འོན་ཀྱང་མ་འཕུར་སྔོན་གྱི་གྲ་སྒྲིག་ཞིབ་ཚགས་དང་གནད་འཁེལ་གྱི་གནམ་གཤིས་སྔོན་བརྡའི་བཀའ་དྲིན་གྱིས་ང་ཚོ་བདེ་བླག་ངང་རྙོག་འཛིང་ས་གཤིས་ལས་ཐར་ནས། གནོད་ཐེབས་གནས་ཚུལ་གྱི་རྩད་ཞིབ་དང་རོགས་སྐྱོབ་ལམ་ཐིག་རྩད་ཞིབ་གཏན་འབེབས་སོགས་ཀྱི་ལས་འགན་ཡོངས་འགྲུབ་བྱས”ཟེར།
གྱེན་འཕུར་གནམ་གྲུའི་སྒེའུ་ཁུང་ཕྱི་རོལ་ལ་བལྟས་ན། གྲོག་རོང་གི་རི་ངོས་གཟར་ལ། མཐའ་འཁོར་དུ་ད་རུང་འཁྱགས་ཀླུང་གི་འཁྱགས་མཚོ་དང་ས་གཤིས་གནོད་པའི་རྐྱེན་ངན་མི་ཉུང་བ་ཡོད། སྐྱིད་གྲོང་འགག་སྒོའི་འཛུགས་སྐྲུན་འདམ་གྱིས་གཡོགས་ཡོད་ལ། བགྲོད་ལམ་བརླག་པ་ཚབས་ཆེན་ཡིན་པས་འཕྲལ་སྐྱོབ་སྐྱོབ་རོགས་ཐད་དཀའ་ཁག་ཆེན་པོར་འཕྲད།
(གསུམ།)
ཁ་ཚ་དགོས་གཏུག་གིས་བསྒྲུབ་དགོས་པ་ནི་འབྲེལ་ཐག་ཆད་པའི་མི་སྣ་ཐབས་བརྒྱ་ཇུས་སྟོང་གིས་འཚོལ་སྐྱོབ་བྱེད་རྒྱུ་དེ་རེད།
སྐྱིད་གྲོང་འགག་སྒོ་ནི་ཀྲུང་བལ་མཐའ་མཚམས་ཉོ་ཚོང་གི་བགྲོད་ལམ་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་སྐམ་སའི་བགྲོད་ལམ་གྱི་འགག་སྒོ་རིགས་དང་པོར་གཏོགས་པས། ཉོ་ཚོང་གཅིག་ཏུ་འདུས་ཤིང་མི་ཚོགས་ཆེ་ལ་འཛུགས་སྐྲུན་གྱི་བཀོད་པ་ཅུང་མང་།
མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད། ཚེས28ཉིན་གྱི་ཞོགས་པར་ས་གནས་བཀོད་འདོམས་པུའུ་ཡི་བླང་བྱ་དང་དུ་བླངས་ནས་དམག་དཔུང་གིས་བློ་ཐག་རྦད་ཆོད་ཀྱིས་སྐྱོབ་རོགས་བྱས།
སྐམ་སའི་སྟེང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཚེ་སྲོག་བརྟག་འཇལ་ཡོ་བྱད་དང་མི་མེད་གནམ་གྲུ་སོགས་ཀྱི་སྒྲིག་ཆས་བཟུང་སྟེ། སྐྱིད་གྲོང་འགག་སྒོར་ཆས་ཤིང་མི་སྣ་འཚོལ་སྐྱོབ་དང་བགྲོད་ལམ་མྱུར་ལས། འདམ་རྫབ་གཙང་སེལ་སོགས་ཀྱི་ལས་འགན་ལག་བསྟར་བྱས་ལ། དུས་མཚུངས་སུ་རྩད་ཞིབ་བརྟག་འདེད་དང་ས་གཤིས་ཉེན་ཁ། བགྲོད་ལམ་ཆ་རྐྱེན་ལ་གྲལ་བཤེར་བྱས།
དྲག་ཆས་ཉེན་རྟོག་དམག་དཔུང་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་ཀ་རྩེ་ཡན་ལག་རུ་ཁག་གི་ལི་ཆི་ཕུའུ་ཡིས“ང་ཚོས་རྩ་འཛུགས་དམ་ཚགས་དང་མཆོང་རྒོལ་སྟོབས་ཤུགས་དྲག་པོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ལས་འགན་དཀའ་ཚེགས་ཆེ་བའི་ས་མཚམས་འགག་སྒྲོལ་བྱེད་བཞིན་ཡོད”ཟེར།
མཁའ་དབྱིངས་སུ་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་མི་མེད་གནམ་གྲུ་ཞིག་གིས་དུས་མཚུངས་སུ་རྩད་ཞིབ་བྱས། དུས་ཐོག་ཏུ་བསྐུར་ཡོང་བའི་བརྙན་ངོས་ལ་བལྟས་ན། གངས་རི་ག་གེ་མོ་ཞིག་གི་གངས་ཉིལ་ནས་གངས་ཆག་མཚོ་འཁྱིལ་ནང་དུ་ལྷུང་བ་དང་། འཐབ་ཁུལ་གྱི་མཁའ་དམག་གིས་དེ་མ་ཐག་ཏུ་སྔོན་ཟོན་ཁྱབ་སྒྲོག་བྱས་ལ། བཀོད་འདོམས་སྡེ་ཁག་ལ་གནས་ཚུལ་འབྱོར་བ་ན་བརྡར་ཤ་བཅད་རྗེས། དམག་སའི་འབྲེལ་ཡོད་སྡེ་ཁག་ལ་མཛུབ་སྟོན་བྱས་ཏེ་འཕྲལ་བསྟུན་ཁ་འགྲེམ་གྱི་བྱ་བ་ལེགས་པོར་བསྒྲུབས།
“བསྟུད་མར་ཉིན3ལ་འཕུར་བའི་མི་མེད་གནམ་གྲུས་གནོད་ཐེབས་གཙོ་ཁུལ་ལ་འཕུར་ཡུན་རིང་ཞིང་ཁྱབ་རྒྱ་ཆེ་བ། ཐག་ཉེ་ས་ནས་རྩད་ཞིབ་བྱས་ཏེ། མཚོ་འཁྱིལ་དང་མཐའ་འཁོར་གྱི་རི་བོའི་བརྟན་བརླིང་རང་བཞིན་ལ་དོ་སྣང་ཆེན་པོ་བྱས་པ་དང་། གནོད་པ་བསྐྱར་དུ་འབྱུང་མིན་ལ་བརྡར་ཤ་བཅད་ནས། འཕྲལ་སྐྱོབ་སྐྱོབ་རོགས་སྣ་ཚོགས་ལ་བསྟུད་མར་ཚན་རིག་དང་མཐུན་པའི་གཞི་གྲངས་དང་རམ་འདེགས་འདོན་སྤྲོད་བྱས”ཞེས་འཐབ་ཁུལ་མཁའ་དམག་གི་པུའུ་ག་གེ་མོའི་འགན་ཁུར་པས་དེ་ལྟར་མཚམས་སྦྱོར་བྱས།
ཚེས28ཉིན་གྱི་ཆུ་ཚོད10ཡི་སྟེང་། ཉེན་ཁ་རགས་ཙམ་སེལ་བའི་རྗེས་སུ་རོགས་སྐྱོབ་བྱ་བ་མྱུར་མོར་སྤེལ། ནུབ་རྒྱུད་འཐབ་ཁུལ་གྱི་མཛུབ་སྟོན་ཚན་ཆུང་དང་ལས་འགན་དམག་དཔུང་བཀོད་འདོམས་པས་བསྟུད་མར་གནོད་ཐེབས་གནས་ཚུལ་ལ་རྩད་ཞིབ་དང་ཐག་གཅོད་ཇུས་གཞི་བརྡར་གཅོད། བཀོད་འདོམས་དམག་དཔུང་བསྟུད་མར་སྐྱོབ་རོགས་བྱེད་པ་བཅས་ཀྱིས། རྗེས་ཕྱོགས་ཀྱི་རོགས་སྐྱོབ་ལས་འགན་ལ་སྐུལ་འདེད་བརྟན་པོ་གཏོང་བར་རྨང་གཞི་བཏིངས།
གང་སར་མཐོང་བའི་འདམ་རྫབ་དང་རྡོ་ཟེགས་ཀྱི་ནང་དུ་དམར་ལམ་ལམ་གྱི་ཏང་དར་བཙུགས་ཡོད། བོད་ལྗོངས་དམག་ཁུལ་གཞིས་ཀ་རྩེ་ཡན་ལག་དམག་ཁུལ་གྱི་ཞུས་ཞིན་གོ་ནི་ཏང་ཡོན་གདོང་ལེན་རུ་ཁག་ཁྲོད་ཀྱི་གཅིག་རེད། ཁོས་ལྕགས་ཁེམ་བཟུང་ནས་བཟོ་འགོད་འཕྲུལ་ཆས་ཆེན་པོས་བགྲོད་ལམ་མྱུར་ལས་ལ་རམ་འདེགས་བྱེད་བཞིན་ཡོད། སྐྱིད་གྲོང་འགག་སྒོའི་ཡུལ་ཁོངས་སུ་མུ་ནས་མུ་རུ་སྨི100དང་སྨི500། སྨི800བཅས་ཀྱི་ལམ་རིམ་པར་ལས།
“ང་ཚོས་ངེས་པར་དུ་སྟོབས་ཤུགས་ཆེ་བའི་བྱེད་ཐབས་དང་ཚན་རིག་དང་མཐུན་ཞིང་ཕན་པ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་བྱ་བ་སྣ་ཚོགས་བློ་ཐག་རྦད་ཆོད་ཀྱིས་ལེགས་པོར་བསྒྲུབ་དགོས།” ནུབ་རྒྱུད་འཐབ་ཁུལ་མཛུབ་སྟོན་ཚན་ཆུང་གི་ཏིང་ཝེ་ཡིས“མིག་སྔར། འཕྲལ་སྐྱོབ་སྐྱོབ་རོགས་བྱ་བ་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། མང་ཚོགས་བདེ་འགོད་དང་འདས་མཆོད་ཐག་གཅོད་སོགས་ཀྱི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་འགོ་བརྩམས་ཡོད”ཟེར།
སྐྱིད་གྲོང་རྫོང་སྐྱིད་སྦུག་གྲོང་ཚོའི་སྐབས་འཕྲལ་བདེ་འགོད་ཡུལ་དངོས་སུ་བོད་ལྗོངས་དམག་ཁུལ་གྱི་པུའུ་ག་གེ་མོའི་སྨན་བཅོས་ཡན་ལག་རུ་ཁག་ཆུང་བས་སྦྲ་གུར་དང་འཕྲོད་བསྟེན་སྨན་རྫས་སོགས་ཀྱི་དངོས་རྫས་བཟུང་ནས། བདེ་འགོད་གནས་སྤོར་བྱས་ཡོད་པའི་གནོད་ཐེབས་མང་ཚོགས་ཀྱི་ནད་ལ་བལྟ་བ་དང་སྨན་རྫས་སྟེར་བ་དང་། ཞིབ་ཚགས་ཀྱིས་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་བཞིན་ཡོད།
བཀའ་འབྱོར་མ་ཐག་སྟོབས་ཤུགས་ཡོད་རྒུས་སྐྱོབ་རོགས་བྱས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་རྣམས་ཀྱིས་འཕྲལ་སྐྱོབ་སྐྱོབ་རོགས་ཡུལ་དངོས་སུ་བསྟུད་མར་འབད་པས་འཐབ་སྟེ་འགན་འཁྲི་དང་ལས་འགན་ལྷག་བསམ་ཟོལ་མེད་ཀྱིས་སྒྲུབ་བཞིན་ཡོད། །