མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་བྱས། 
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཟླ3པའི་ཚེས6ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ལིའུ་ཆི་ཧྥན། ཝང་ལི་མིང་། ཀྲང་ཅིན་ཀང་བཅས་ཀྱིས་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཁྲང་ལིན་དང་། འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ་ཞུས་ཅཱ་ཨའེ་གྲོས་ཚོགས་ལ་ཞུགས་ནས་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཡིན། རྩ་གནད་འཆར་ཟིན་ལག་བསྟར་བྱས་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེ་བའི་ལེའུ་གསར་པ་མུ་མཐུད་དུ་འབྲི་བར་དོན་སྙིང་གལ་ཆེན་ལྡན། རྩ་གནད་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུངགོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་འཆར་འགོད་གྲོས་གཞིའི་དགོངས་དོན་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འདོད་བློ་ལེགས་པོར་མཚོན་པ་དང་། འཕེལ་རྒྱས་དམིགས་འབེན་ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་ལ། བརྩོན་སེམས་ཆེ་རུ་བསྐྱེད་ཐུབ་པ་དང་། ལས་འགན་བྱེད་ཐབས་ལག་དུ་བསྟར་ཐུབ་ལ་ཐབས་ལམ་གསལ་བོ་ཡིན་ཞིང་། སྲིད་ཇུས་གོ་སྐབས་གནད་འཁེལ་གཅིག་བསྡུས་དང་དངོས་གཉེར་སྤྱོད་བདེ་ཡིན་པས། མི་དམངས་ཀྱི་འདོད་ཚུལ་དང་མཐུན་ཞིང་དུས་རབས་ཀྱི་ཁྱད་ཆོས་ལྡན་པ། དེང་རབས་ཅན་འཛུགས་སྐྲུན་གྱི་ཐབས་ལམ་གསར་པར་སྣེ་ཁྲིད་པ་བཅས་ཀྱི་འཆར་གཞི་བཟང་པོ་ཞིག་ཡིན་པས། ང་ཡོངས་སུ་འཐད་པ་ཡིན། གོ་རིམ་རྗེས་མར། ང་ཚོས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་གནས་ཀྱི་དངོས་འབེབས་བྱ་བའི་སྦྲེལ་གནས་ཡང་དག་སྒོས་འཚོལ་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་ཏེ། འཕེལ་རྒྱས་གྲུབ་འབྲས་ཀྱིས་རིགས་སོ་སོའི་མང་ཚོགས་སྔར་ལས་མང་པོར་ཕན་ཐོགས་ཐུབ་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ནུས་ཁུངས་ཐོན་ཁུངས་བདེ་འཇགས་བཅས་ལ་འགན་སྲུང་བྱེད་པའི་ནུས་པ་མུ་མཐུད་དུ་ཆེ་རུ་བཏང་ནས། རྩ་གནད་འཆར་ཟིན་ལས་གཏན་འཁེལ་བྱས་པའི་དམིགས་འབེན་དེ་མཚོ་སྔོན་དུ་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་འབད་པས་འབྲི་རྒྱུ་ཡིན་ཟེར།

འཐུས་མི་ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། རྩ་གནད་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་གལ་ཆེན་གཅིག་བསྡུས་ཀྱིས་མངོན་ཡོད་ལ། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་བའི་ལས་འགན་ཡི་གེ་དང་འཆར་འགོད་རི་མོ་ཡིན་པས་ཡོངས་སུ་འཐད་པ་ཡིན། རྩ་གནད་འཆར་ཟིན་གྱིས་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་མཐོང་ཆེན་བྱས་ཡོད་སྟབས། མཚོ་སྔོན་གྱིས་མགྱོགས་མྱུར་ངང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཕན་ཁེ་ལེགས་པོ་ཐོབ་ཡོད། ང་ཚོས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་ལེགས་པོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་ཕན་འབྲས་གསར་པ་ལེན་དགོས་ལ། ནུས་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་ནན་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་འཛུགས་སྐྲུན་བྱེད་པའི་ཐད་ཐོད་བརྒལ་གསར་པ་འབྱུང་བར་བྱེད་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་ནན་མོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ཕན་འབྲས་གསར་པ་ལེན་དགོས། ཁུལ་ཁོངས་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་འཐུས་ཚང་དུ་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་ནན་མོ་བྱེད་པ་དང་། སྒོ་འབྱེད་ནུས་པ་རྒྱ་བསྐྱེད་པའི་ཐད་སྐས་རིམ་གསར་པར་སྤོ་དགོས་ཤིང་། དངོས་འཛིན་དངོས་གཉེར་གྱིས་རྩ་གནད་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། ཐབས་ལམ་གས་པའི་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་ལེའུ་གསར་པ་ལེགས་པོར་འབྲི་དགོས་ཟེར།

འཐུས་མི་ལིའུ་ཆི་ཧྥན་གྱིས་བཤད་རྒྱུར། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་བཟོས་པ་དང་ལག་བསྟར་བྱས་པ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་དང་ལམ་ལུགས་ཀྱི་དགེ་མཚན། འཕེལ་རྒྱས་ཀྱི་དགེ་མཚན་བཅས་གཅིག་བསྡུས་ཀྱིས་མངོན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་དགོས་ན། ལུས་རྩལ་གྱི་ཕྱོགས་མང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྩལ་ནུས་ལུས་རྩལ་དང་མང་ཚོགས་ལུས་རྩལ། ལུས་རྩལ་ཐོན་ལས། ལུས་རྩལ་རིག་གནས་བཅས་མཐུན་སྦྱོར་མཉམ་སྐུལ་ལ་སྐུལ་འདེད་བཏང་ནས། ལུས་རྩལ་དེ་འཚོ་བའི་ཁྲོད་འདྲེས་པ་དང་། དེས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྟོབས་ནུས་སྩོལ་ཐུབ་པ་བྱེད་དགོས། གཅིག་ནི་འདུ་ཤེས་གསར་སྒྱུར་བྱེད་དགོས། འདུ་ཤེས་ཚུལ་སྒྱུར་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་འཕེལ་རྒྱས་ལྟ་བ་འཛུགས་པ་དང་། ལུས་རྩལ་དེ་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱས་ནས། ཚོར་བའི་རིན་ཐང་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱེད་དགོས། གཉིས་ནི་ནུས་པ་རྒྱ་བསྐྱེད་དགོས། ལུས་རྩལ་དེ་སྣ་རྐྱང་གི་སྤྱི་ཚོགས་ནུས་པ་ནས་དཔལ་འབྱོར་དང་རིག་གནས་སོགས་མཉམ་འདྲེས་ཟབ་མོ་བྱེད་པའི་སྣ་མང་ནུས་པའི་ཕྱོགས་སུ་རྒྱ་བསྐྱེད་ནས། དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་ལྡན་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས།  གསུམ་ནི་ཐོན་ལས་རྒྱ་ཆེར་བསྐྱེད་དགོས། ཐོན་ལས་ཀྱི་མཚམས་ཚད་རྒྱ་བསྐྱེད་པ་དང་། ལུས་རྩལ་དང་འབྲེལ་ཡོད་ལས་རིགས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ་བཅས་བྱས་ཏེ། ལུས་རྩལ་དེ་དཔལ་འབྱོར་འཕར་སྣོན་གྱི་ཐབས་ཤེས་གསར་པར་འགྱུར་བར་བྱེད་དགོས། བཞི་ནི་མི་གྲངས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཐབས་ལམ་མང་པོ་དང་ཟུར་མང་པོ་ནས་སྐྱེད་སྲིང་བྱས་ཏེ། ལུས་རྩལ་མི་གྲངས་ཀྱི་རྒྱ་བསྐྱེད་ནས། ལུས་རྩལ་དེ་མང་ཚོགས་ཀྱི་འཚོ་བའི་ཁྲོད་འདྲེས་པར་བྱེད་པ་དང་། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ལུས་རྩལ་དེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བརྟན་པར་བྱེད་པ་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པར་འགྱུར་བར་བྱེད་དགོས། 

འཐུས་མི་ཝང་ལི་མིང་གིས་བཤད་རྒྱུར།  《རྩ་གནད(འཆར་ཟིན)》གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་སོགས་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། དམིགས་འབེན་ལས་འགན་གཏན་འཁེལ་བྱེད་པར་འཐབ་ཇུས་ཀྱི་ལངས་གནས་མཐོ་བ་དང་། “རྒྱལ་དོན་ཆེ་ཕྱོགས”ཀྱི་མཐོང་རྒྱ་ཡངས་པོ་མངོན་པ་དང་། ལམ་ལུགས་ཇུས་འགོད་དོན་དངོས་དང་མཐུན་ཞིང་གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡིན་པའི་བཅོས་སྒྱུར་བསམ་བློ་མངོན་ཡོད་པར་མ་ཟད། དམངས་འཚོའི་རྨང་གཞི་བརྟན་ལ། མི་དམངས་བླ་ན་མེད་པའི་རིན་ཐང་གི་འཚོལ་སྙེག་ཀྱང་མངོན་ཡོད། ལྗང་མདོག་ཁྲིད་ཕྱོགས་གསལ་བོ་ཡིན་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད། འཐབ་ཇུས་ཀྱི་ངེས་ཤུགས་མངོན་ཡོད་ལ་དང་དུས་རབས་ཀྱི་བླང་བྱ་དང་མཐུན་པའི་དམངས་འཚོའི་དྲོད་ཁོལ་གྱིས་ཕྱུག་པའི་འགུལ་སྐྱོད་རྩ་གནད་ཅིག་ཡིན། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་དངོས་ཡོད་ལམ་ཐིག་དང་མཐུན་པས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་འགུལ་སྐྱོད་ཀྱི་ཁྲིད་སྟོན་འདོན་སྤྲོད་བྱས་ཡོད། 

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལས་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་ལ། དམིགས་འབེན་་གཏན་ཁེལ་བྱས་པ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་ལ། བྱ་བ་བཀོད་སྒྲིག་བྱས་པ་གནད་ཁེལ་ནུས་ལྡན་ཡིན། རྩ་གནད་འཆར་ཟིན་གྱི་འཕེལ་རྒྱས་དམིགས་འབེན་གྱིས་བརྩོན་སེམས་བསྐྱེད་པ་དང་ལས་འགན་བྱེད་ཐབས་དངོས་སུ་ལག་བསྟར་བྱེད་ཆོག་ལ། སྲིད་ཇུས་གོ་སྐབས་ཀྱི་སྤྲོ་བ་རྒྱས་པར་བྱེད་པས། ང་ཡོངས་སུ་འཐད་པ་ཡིན། ང་ཚོས་ལག་བསྟར་དངོས་སྒྲུབ་ཀྱིས་དོན་འཁྱོལ་བཟང་བོར་འཛིན་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་དྲ་བ་ཞིབ་ཚགས་ཀྱིས་བསྐྲུན་པ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ། ལས་གཞིའི་ཇུས་འགོད་ལག་བསྟར་ཆུ་ཚད་མཉམ་དུ་ཇེ་མཐོར་གཏོང་བ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་སྟོབས་ཤུགས་གཅིག་བསྡུས་ཀྱིས་བསྐྲུན་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་ལྡན་པར་བྱེད་དགོས། རྩ་གནད་འཆར་ཟིན་ལས་བཏོན་པའི་ནུས་ཁུངས་མ་ལག་གསར་པ་མྱུར་དུ་འཛུགས་པའི་བླང་བྱ་དངོས་འབེབས་བཟང་པོ་བྱས་ཏེ། ཁུངས་དྲ་ཐེག་གསོག་མཐུན་སྦྱོར་མ་ལག་འཛུགས་པ་དང་། འོད་ཚའི་ཐོན་ལས་མུ་ཕྲེང་མྱུར་དུ་སྒྲིག་བཀོད་བྱེད་པ། ལྗང་མདོག་རྩིས་གློག་གཏིང་ཟབ་ཏུ་མཐུན་སྦྱོར་བྱེད་པ། སྲིད་ཇུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་བཞིར་དམ་དམིགས་ཀྱིས་ཤུགས་བཏོན་ནས། ལྗང་གློག་གི་ཁྱད་སྟོབས་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་མྱུར་དུ་བསྒྱུར་ཏེ།  དག་གཙང་ནུས་ཁུངས་ཐོན་ལས་དེ་ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་དང་གཞི་ཁྱོན། ཁྲོམ་ར་དང་འགྲན་རྩོད་བཅས་ཀྱི་ཁྱད་སྟོབས་ཆེས་ཆེར་ལྡན་པའི་ཁྱད་ལྡན་རྐང་འཛིན་ཐོན་ལས་སུ་བསྒྱུར་དགོས། 

ལིས་ཀའོ། ཏི་ཆིང་ཡོན། ཝང་ཀའོ་ཏུང་། ལིའུ་ཞའོ་རུང་། ཡོན་ཧུང་ཝེ། ཀའོ་ཅིན་ཕིན། ཏུང་ཆོན་མིན། ཞུས་ཆིང་མིན། མ་ཧྲི་ཀུང་། མ་ཧྥུ་ཁྲང་། རིན་ཆེན་བཀྲ་ཤིས། ཤ་བོ་སྒྲོལ་མ་སོགས་འཐུས་མིས་གཏམ་བཤད།

ལྷ་མོ་འཚོས་བསྒྱུར།