རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་དུ་རྒྱལ་ཁབ་རིམ་པའི་མཐོ་སྒང་གི་ཁམས་གསོ་སྦྱོང་བརྡར་རྟེན་གཞི་འཛུགས་རྒྱུའི་གྲོས་གཞི་བཏོན།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ།  རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བའི་འགྲོས་དང་བསྟུན་ནས། ཚན་རིག་དང་མཐུན་པའི་ཁམས་གསོ་སྦྱོང་བརྡར་དང་བདེ་ཐང་འགན་ལེན། རྒྱལ་སྲུང་འདེགས་སྐྱོར། གསོ་རིག་ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་མཐོ་སྒང་གི་ཁམས་གསོའི་སྦྱོང་བརྡར་རྟེན་གཞི་བསྐྲུན་རྒྱུ་དེ་མཐོ་སྒང་མི་སྣའི་བདེ་ཐང་ལ་འགན་ལེན་དང་། མཐའ་མཚམས་བརྟན་བརླིང་ལ་ཞབས་ཞུ། རྒྱལ་སྲུང་བདེ་འཇགས་ལ་འདེགས་སྐྱོར། གསོ་རིག་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་བཟོ་བཀོད་གལ་ཆེན་ཞིག་ཏུ་གྱུར་ཡོད།  མཚོ་སྔོན་ནི་ས་སེར་མཐོ་སྒང་ནས་མཚོ་བོད་མཐོ་སྒང་བར་བརྒལ་བྱེད་པའི་ལྟེ་བའི་ས་ཁུལ་དུ་གནས་ཡོད་ཅིང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ས་བབ་འོས་འཚམ་ཡིན་ཞིང་སྐྱེ་ཁམས་ལེགས་པ། མཁའ་དབུགས་གཙང་བ། འགྲིམ་འགྲུལ་སྟབས་བདེ་བཅས་ཡིན་པར་མ་ཟད། རྒྱལ་ཡོངས་ནས་བཤད་ན་སྔོན་ཐོན་ཅན་གྱི་མཐོ་སྒང་གི་གསོ་རིག་ཆེད་ལས་ཚོགས་པའང་འདི་རུ་ཡོད་པར་བརྟེན། རྒྱལ་ཁབ་རིམ་པའི་མཐོ་སྒང་གི་ཁམས་གསོ་སྦྱོང་བརྡར་རྟེན་གཞི་བསྐྲུན་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དགེ་མཚན་ལྡན་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ན་ནིང་གི་ཟླ8པར། ཧུའུ་ཀྲུའུ་རྫོང་གིས་པེ་ལུང་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ། མཐོ་སྒང་གི་མིའི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་བའི་སྦྱོང་བརྡར་འཛིན་གྲྭ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། གལ་ཏེ་རྒྱལ་ཁབ་རིམ་པའི་མཐོ་སྒང་གི་བདེ་ཐང་གསོ་སྐྱོང་སྦྱོང་བརྡར་རྟེན་གཞི་བསྐྲུན་ཐུབ་པ་ཡིན་ན། རྒྱལ་ནང་གི་ས་མཐོའི་བདེ་ཐང་འགན་ལེན་མ་ལག་གི་སྟོང་ཆ་གསབ་ཐུབ་པར་མ་ཟད། བདེ་ཐང་ཆེན་པོ་དང་སྐྱེ་ཁམས་ཡུལ་སྐོར། ཀྲུང་ལུགས་དང་བོད་ལུགས་ཀྱི་གསོ་རིག་སྨན་རྫས། ས་མཐོའི་ལུས་རྩལ་སོགས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པར་བརྟེན། རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་བདེ་ཐང་ཞབས་ཞུའི་དཔེ་སྟོན་ས་ཁུལ་བསྐྲུན་རྒྱུ་དང་། མི་རིགས་མཐུན་སྒྲིལ་དང་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་ས་མཐོའི་ཁམས་གསོ་སྦྱོང་བརྡར་རྟེན་གཞི་དེ་དམངས་འཚོ་དང་རྒྱལ་སྲུང་། ཚན་རྩལ་བཅས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆར་འགོད་ནང་འཇུག་རྒྱུར་བརྩོན་ལེན་གང་ལེགས་བྱས་ཏེ། སྲིད་ཇུས་དང་ལས་གཞི། མ་དངུལ་སོགས་ཀྱི་ཐད་གཙོ་གནད་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།