
ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གནས་ཚུལ་དྲིལ་སྒྲོག་ཚོགས་འདུ་བསྡུས་པ་དང་། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སོགས་འཐུས་མིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།
མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུས། ཚན་རྩལ་ཉིན་རེའི་ཚགས་པར། ཀྲུང་གོ་གསར་འགྱུར་ཁང་། མི་དམངས་ཁྲིམས་ཁང་ཚགས་པར། ཀྲུང་གོའི་གནམ་གཤིས་ཚགས་པར། མི་དམངས་དྲ་བ། ཚའེ་ལེན་གསར་འགྱུར། ཅིས་ཞང་གསར་འགྱུར། ཧྲན་ཏེན་གསར་འགྱུར། ཏ་ཀུང་ཚགས་པར། ཤང་ཀང་དཔལ་འབྱོར་སྣེ་ཁྲིད་ཚགས་པར། ཀྲུང་གོ་དང་ཨ་རབ་སྲུང་སྐར་བརྙན་འཕྲིན་ཁང་། ཕིང་ཕའེ་གསར་འགྱུར་ཁང་། གུང་ཐུང་གསར་འགྱུར་ཁང་། ནན་ཧྭ་ཞོགས་པའི་ཚགས་པར་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར22ཀྱི་གསར་འགོད་པ50ལྷག་ཚོགས་འདུར་ཞུགས།
ཉེ་དུས་མུ་འབྲེལ་བརྙན་འཕྲིན་ཟློས་གར《བླ་ཤིང 》ཞེས་པ་སྟོན་སྐབས། མཐོ་སྒང་གི་བུ་དང་བུ་མོ་ཚོས་སྐྱེ་ཁམས་དང་ཚེ་སྲོག་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་ལ་ལྟད་མོ་བ་གྲངས་ལས་འདས་པ་སེམས་འགུལ་ཐེབས་ཡོད། བརྙན་འཕྲིན་ཟློས་གར་དེའི་ནང་མཚོ་སྔོན་གྱི་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་མངོན་ཡོད་པར་མ་ཟད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཆེས་ལྷད་མེད་དང་ཆེས་མི་སེམས་འགུལ་བའི་སྟོབས་ཤུགས་ཀྱང་བརྒྱུད་སྤྲོད་བྱས་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་འཐུས་མི་ཝུའུ་ཞའོ་ཅུན་ལ། 《བླ་ཤིང 》ལྟག་རྒྱབ་ཀྱི་སྐྱེ་ཁམས་བརྟན་སྲུང་ལ་ལྟ་སྟངས་ཇི་ལྟར་འཛིན་གྱིན་ཡོད་མེད་དང་། དེང་སྐབས་མཚོ་སྔོན་གྱིས་ཇི་ལྟར་བྱས་ནས་སྐྱེ་ཁམས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་བཞིན་ཡོད་པ་དང་སྐྱེ་ཁམས་ཀྱི་ཕྱོགས་ནས་རྒྱུགས་ལན་ཇི་ལྟར་འབྲི་འདུན་ཡོད་པའི་སྐོར་དྲིས་པ་ན། འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། བརྙན་འཕྲིན་ཟློས་གར་དེས་མི་སེམས་སྒུལ་ཐུབ་པའི་རྒྱུ་མཚན་ནི། དེ་ནི་དོན་དངོས་ཀྱི་གཏམ་རྒྱུད་དང་དོན་དངོས་ཀྱི་བློས་གཏོང་ལས་བྱུང་བ་ཞིག་རེད། ཟློས་གར་ནང་གི“པོ་ལ་མུའུ་ལ”ནི་ཨ་ཆེན་གངས་རྒྱབ་རེད། བསོད་ནམས་དར་རྒྱས་གྱིས་ཚབ་བྱེད་ཡིན་པའི་མི་རབས་ནས་མི་རབས་བར་གྱི་སྐོར་སྲུང་རུ་མི་ཚོས་ལང་ཚོ་དང་ཁྲག་དྲོན། ཚེ་སྲོག་བཅས་ལ་བརྟེན་ནས་མཐོ་སྒང་གི་དག་གཙང་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད། ཁོ་ཚོས“ཚེ་སྲོག་ལ་བརྟེན་ནས་ཚེ་སྲོག་སྲུང་བ”དང“ཚེ་སྲོག་ལ་བརྟེན་ནས་ལས་འགན་སྒྲུབ་པའི”བརྟན་སྲུང་གི་བསམ་སྦྱོར་ལ་སྤྱི་ཚོགས་ཀྱི་སྒང་ནས་དགའ་བསུ་ཆེན་པོ་ཐོབ་ཡོད། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པར་བརྟེན། ང་ཚོས་ཐོག་མཐའ་བར་གསུམ་དུ“རིན་ཐང་ཆེ་ཤོས་སྐྱེ་ཁམས་ལ་རག་ལས་ཡོད་པ་དང་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ལ་རག་ལས་ཡོད་པ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་རག་ལས་ཡོད་པའི”ཞིང་ཆེན་གྱི་ངེས་གནས་ཀྱི་སྟེང་ནས་རྐང་ཚུགས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཏེ། རང་རྒྱལ་ལ་མཚོན་ནས་བཤད་ན་འཛུགས་པའི་དུས་ཚོད་སྔ་ཤོས་དང་ས་བབ་མཐོ་ཤོས། རྒྱ་ཁྱོན་ཆེ་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཆ་ཚང་ཤོས་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་ཐུབ་པ་བྱུང་ཡོད། འབྲོག་པ་ཚོས་རང་ལག་གི་འུར་ཆ་ཐང་ལ་བཞག་ནས་སྐྱེ་ཁམས་ལ་བརྟེན་ནས་ཟ་མ་ཟ་ཐུབ་ཡོད་ཅིང་། ཁོ་ཚོ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པར་གྱུར་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་ཀུན་གྱི་མཐོང་ལམ་དུ་མངོན་པ་དང་། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་བརྟན་ཞིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད། གཙོད་དང་གཟིག་སོགས་རྩ་ཆེ་བའི་སྲོག་ཆགས་རྒྱུན་མཐུད་ངང་འཕར་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་ཀུན་ལ་ངོ་གནོང་མི་དགོས་པའི“མཚོ་བོད་མཐོ་སྒང་གི་རྩ་ཆེའི་རིག་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གཞི་རྒྱུའི་མཛོད”ཅིག་ཏུ་གྱུར་ཡོད། ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་གྱི་ས་གཞི་ཆེན་པོའི་ནམ་མཁའ་སྔར་ལས་སྔོ་ཞིང་རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཅིག་ཅར་མངོན་ཡོད། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་མི་རིགས་སོ་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཆེ་ཤོས་སུ་གྱུར་ཡོད། གོམ་སྟབས་རྗེས་མར་ང་ཚོས“རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་བ་དང་། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་རྣལ་མ་བྱས་ཏེ། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས། བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་དང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་ནན་མོ་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོན་པོའི་སྒོ་ནས་བསྐྲུན་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་སྔར་ལས་མང་བ་རྒྱ་སྐྱེད་གང་ལེགས་བཏང་ནས། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་ལག་ལེན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་ཡིན། ངས་འདི་ནས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཡོངས་ཀྱི་གྲོགས་པོ་རྣམས་རབ་མཛེས་མཚོ་སྔོན་དུ་གདན་འདྲེན་ཞུས་ནས། “བླ་ཤིང”མཁོ་ལག་རྫོགས་པའི་སྟོབས་ཤུགས་ལ་དངོས་སུ་མྱོང་རོལ་བྱེད་རྒྱུ་དང་། དུས་རབས་གསར་པ་དང་མཚོ་སྔོན་གསར་པའི་རྣམ་པ་སྣེ་མང་ལ་བདེན་དཔང་བྱེད་དགོས་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་འཐུས་མི་ལུའོ་ཏུང་ཁྲོན་ལ། མཚོ་སྔོན་གྱི་གྲང་བསིལ་སྔོ་ཚལ་ཕྱིར་གཏོང་གཞི་ཁྱོན་དེ2023ལོར“ཐོལ་བརྒལ་ཅི་ཡང་མེད་པ”ནས2025ལོར“ཏུན་ཁྲི་ཡི་རིམ་པར”སླེབས་ཡོད་ཅིང་། མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འབད་པས་སྐྲུན་བཞིན་ཡོད་པས། “མཚོ་སྔོན་གྱི་མྱུར་ཚད”དེའི་རྒྱབ་སུ“འཕེལ་རྒྱས་ཀྱི་གསང་གྲངས”གང་འདྲ་ཞིག་སྦས་ཡོད་དམ་ཞེས་དྲིས་པ་ན།
འཐུས་མི་ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་སྔོ་ཚལ་གྲང་མོ་ཕྱིར་གཏོང་བྱེད་ཚད་ཏུན་ཀླད་ཀོར་ནས་ཁྲི་བར་འཕར་བ་དེ་ནི་གྲངས་འབོར་འཕར་བ་ཞིག་ཡིན་པར་མ་ཟད། མཚོ་སྔོན་ཚོང་རྟགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་ཁས་ལེན་ཐོབ་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། ན་ནིང་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཏུན་ས་ཡ་གཅིག་དང་འབུམ་བཞི་ཁྲི་དྲུག་ལས་བརྒལ་ནས། “མཚོ་སྔོན་རྟགས་ཅན”གྱི་ཞིང་ཕྱུགས་ཐོན་རྫས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ54ལ་ཁྱབ་ཐུབ་ཡོད། གྲུབ་འབྲས་དེའི་སྟེང་ནས་མཚོ་སྔོན་གྱི་དངོས་པོ་བཟང་པོ་དེ“ཀུན་གྱི་མཐོང་ལམ་དུ་མངོན་མ་ཐུབ་པ”ནས“ཕྱི་རྒྱལ་དུ་ཁྱབ་ཐུབ་པ་བྱུང་བའི”ཕྱོགས་སུ་འགྱུར་བཞིན་པ་བདེན་དཔང་བྱས་ཡོད། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དང་། ཆུ་གྲང་ཉ་ཐོན་སྐྱེད་རྟེན་གཞི། སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི། དཔྱིད་ཀའི་ལོག་དཀར་རྒྱུད་སྤེལ་རྟེན་གཞི་བཅས་ཡིན་ལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་འབྲོག་ལས་ཚོད་ལྟ་ཁུལ་གཅིག་པུ་དེའང་ཡིན། དེ་གར་ད་དུང་བོད་ལུག་དང་ཆུ་གྲང་ཉ། ཚྭ་འདམ་གྱི་འཕང་འབྲས། ནས་སོགས་མི་རྣམས་ཧང་སངས་དགོས་པའི་ཐོན་རྫས་ཡག་པོ་མང་པོ་ཡོད་པ་དང་། ལྷག་པར་དུ་ནོར་གནག་ལ“ཤ་ཨང་དང་པོ”དང“མཐོ་སྒང་གི་དཀར་པོ་ཆིག་ཐུབ”ཞེས་བསྔགས་ཡོད། ནོར་གནག་གི་ཤ་ནི་སྤྱིར་བཏང་གི་ནོར་ཤ་ཙམ་མིན་པར་མི་རྣམས་ཀྱིས་དེའི་དམིགས་བསལ་རིན་ཐང་ལ་སླར་ཡང་ངོས་འཛིན་བྱེད་དགོས་ཀྱིན་ཡོད། གཅིག་ལས་གཉིས་མེད་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དེ་དག་ནི་མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་སྒོ་འབྱེད་ལ་མཚོན་ནས་བཤད་ན“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད། ང་ཚོས་ཚད་གཞི་སྔོན་ལ་ལག་བསྟར་དང་བདེན་ཐུབ་དག་མ་ཡིན་པར་ལམ་འདིང་བ། སྲིད་ཇུས་ལ་ཤུགས་སྣོན་པ། ཚན་རྩལ་གྱིས་ནུས་པ་སྤྲོད་པ། ཁྱབ་རྒྱ་ཆེ་རུ་གཏོང་བ། མིང་གྲགས་ཐོན་རྫས་ཀྱི་རིན་ཐང་འཕར་བར་བྱེད་པ། ཚད་གཞི་མཐོ་རུ་གཏོང་བ། ཟོག་འགྲེམས་མྱུར་ཚད་མགྱོགས་སུ་གཏོང་བ། ཉམས་ལེན་མཉམ་འདྲེས་དང་འོས་སྦྱོར་གསར་གཏོད་བཅས་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དེ“ཡོད་པ”ནས“ལེགས་པའི”ཕྱོགས་སུ་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས། མཚོ་བོད་མཐོ་སྒང་གི་ས་བབ་ཀྱིས་སྤུས་ཚད་ཀྱི་མཐོ་ཚད་མཚོན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭངས་གཙང་གིས་ཚོང་རྟགས་ཀྱི་དག་ཚད་མཚོན་གྱིན་ཡོད། མཚོ་སྔོན་གྱི་ལས་འགན་ནི“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཡིན་པར་མ་ཟད། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱས་ནས། རང་བྱུང་ཁམས་ཆེན་མོས་གནང་བའི་ལེགས་སྐྱེས་དེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་མཁོ་སྤྲོད་སྤུས་ལེགས་སུ་བསྒྱུར་རྒྱུ་དེ་ཡིན་ཟེར།
ན་ནིང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆུའི་ཆུ་འགོ་ཁུངས་ཀྱི་སྒར་ཐང་ཆིན་རྒྱལ་རབས་དུས་སྐབས་ཀྱི་རྡོ་བརྐོས་རྙེད་པ་དེ་ལོ་འཁོར་གྱི་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་གསར་འགྱུར་ཆེ་གྲས་བཅུའི་ནང་བདམས་པར་སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཆེན་པོ་བྱས། འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་འཐུས་མི་ཝུའུ་ཞའོ་ཅུན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་ཁྲོད་དེས་ང་ཚོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བློ་སྒོ་ག་འདྲ་ཕྱེས་པ་དང་རིན་ཐང་གང་འདྲ་ཡོད་ཅེས་དྲིས་པ་ན།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཆིན་རྒྱལ་རབས་དུས་སྐབས་ཀྱི་རྡོ་བརྐོས་ནི་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཡིན་པ་དང་མི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་མཉན་དུ་མཐུན་སྒྲིལ་འབད་བརྩོན་བྱས་པ། མཉམ་དུ་དར་རྒྱས་གོང་འཕེལ་བཏང་བ་བཅས་བྱས་མྱོང་བའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་རེད། རྡོ་བརྐོས་གཅིག་གིས་གནའ་རབས་ཀྱི་ལོ་རྒྱུས་ཁུངས་སྣེ་དུ་མ་ཕྱོགས་གཅིག་ཏུ་བརྐོས་ཤིང་། དམངས་སེམས་གཅིག་ཏུ་བསྒྲིལ་ཏེ། རྒྱལ་ཁམས་ཡོངས་ཀྱིས་ཀྲུང་ཧྭ་ཆེན་པོ་བསྐྲུན་ཡོད་ཅེས་བཤད་ཆོག ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་རྙེད་པ་ནས་བཟུང་། ང་ཚོས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། རིག་དངོས་ཀྱི་སློབ་གསོའི་རིན་ཐང་འདོན་སྤེལ་བྱས་ཡོད། དེ་སྔའི་གནས་ཡུལ་སྲུང་སྐྱོབ་ཐད་མི་དམངས་ཀྱི་མཁའ་ཟོན་དང་དངོས་འགོག ལག་རྩལ་གྱི་འགོག་སྲུང་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་དངོས་དེ་ཉིད་ས་མཐོའི་ཁ་བ་བུ་ཡུག་ཁྲོད་སྔར་བཞིན་གྲ་མ་ཆག་གྲུ་མ་ཉམས་པར་སོར་ཆུད་བྱེད་ཐུབ་ཡོད། གཞི་གྲངས་ཅན་གྱི་འཛུགས་སྐྲུན་ཐད་རྩ་གསུམ་བཤེར་འབེབས་དང་གཞི་གྲངས་འཚོལ་བསྡུ་བྱས་པ་བརྒྱུད། “ཡུལ་དངོས་གཉིས་པ”རུ་མེས་པོ་ཚོའི་རྐང་རྗེས་བསྐྱར་དུ་མངོན་ཐུབ་ཡོད། དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་སློབ་གཞི་ཞིག་ཏུ་འགྱུར་དུ་འཇུག་དགོས། ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཀྱིས་ལོ་རྒྱུས་ཀྱི་འབྱུང་རྩ་ནས་ད་ཆའི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་གསོན་ཉམས་ལྡན་པའི་ལག་ལེན་བདེན་དཔང་བྱས་ཡོད་ཅིང་། མི་རིགས་ཕན་ཆུན་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་རྣམ་པ་གནའ་དེང་བར་ཀུན་ནས་ཁྱབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོ་གཅིག་རྒྱུན་གཅིག་འཛིན་བྱེད་ཀྱིན་ཡོད་པ་མངོན་པར་བསྟན་ཡོད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་རྒྱུ་ནི་མཚོ་སྔོན་གྱི་ལས་དོན་མཐའ་དག་གི་གཙོ་གནད་ཡིན། ང་ཚོས་ཐོན་ལས་འཕེལ་རྒྱས་ཁྲོད་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ཁྲི20མཐོ་སྒང་དུ་བསྐྱོད་དེ་རྒྱལ་ཡོངས་སུ་མཉམ་འདྲེས་ཐུབ་པར་བྱས་ཡོད། “མཛུབ་མོའི་རྩལ་ལས་ཐོན་པའི་འཚེམ་དྲུབ་སྔོན་པོ”ཡིས་འཚེམ་དྲུབ་བྱེད་མཁན་གྱི་བུད་མེད་འབུམ་གསུམ་ལ་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་པ་དང་། ས་མཐོའི་སྔོ་ཚལ་གྲང་མོ་དང་ཉ་སན་ཝུན་རྒྱལ་ཁབ་ཕྱི་ནང་གི་ཟས་ཅོག་སྟེང་དུ་བསྐྱལ། ང་ཚོས་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་ཁྲོད་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ། ས་ཆ་གཞན་དུ་སློབ་གྲྭ་གཉེར་ནས་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་མ་ཚོས་སྤུས་ལེགས་སློབ་གསོ་མཉམ་སྤྱོད་ཐུབ་པ་བཅས་བྱས་ཡོད། ང་ཚོས་རིག་གནས་དར་རྒྱས་ཁྲོད་ངོས་འཛིན་གཅིག་མཐུན་ཇེ་ཟབ་ཏུ་བཏང་བ་དང་། “ཐུན་མོང་ལྔའི”ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་དར་སྤེལ་གཏོང་བ། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ། “སེ་འབྲུའི་རྡོག་པོ་གཅིག་གནས་ཀྱི་ཁྱིམ་གཞིམ”མཉམ་དུ་བསྐྲུན་པ། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་མཛའ་མཉེས་དང་སོ་སྲུང་རོགས་རམ་བྱེད་པ་བཅས་མཚོ་སྔོན་གྱི་མཛེས་ལྗོངས་མཛེས་ཤོས་བསྐྲུན་ཡོད་ཟེར།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱི་མེ་ལྷ་གངས་དཀར་གྱི་འགུག་ཤུགས་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ལུགས་རྙིང་ལོ་སར་སྐབས་སུ་ཡུལ་སྐོར་བ་འབུམ་གཅིག་ལྷག་གནས་དེར་འདུས་ཡོད། ཀྲུང་གོ་དང་ཨ་རབ་སྲུང་སྐར་བརྙན་འཕྲིན་ཁང་གི་གསར་འགོད་པས་དེའི་ཐད་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ལ། ཁོས་འཐུས་མི་ལུའོ་ཏུང་ཁྲོན་ལ། མཚོ་སྔོན་གྱིས“གངས་འཁྱགས་ས་གནས”ཇི་ལྟར་བྱས་ནས་གསེར་རི་དངུལ་རིར་སྒྱུར་བཞིན་ཡོད་པ་དང་། མཚོ་སྔོན་ལ་གངས་འཁྱགས་ཐོན་ཁུངས་གང་དག་ཡོད་པ། གངས་འཁྱགས་དཔལ་འབྱོར་ཇི་ལྟར་བྱས་ནས་འཕེལ་རྒྱས་གཏོང་བཞིན་ཡོད་པ་སོགས་ཀྱི་ཐད་ནས་དྲིས་པ་ན།
འཐུས་མི་ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མེ་ལྷ་གངས་དཀར་གྱི་འགུགས་ཤུགས་གཙོ་བོ་ནི་ས་བབ་ཀྱི་མཐོ་ཚད་ལ་ཐུག་མེད་པར། མི་དཀྱུས་མ་ཡང་གངས་རི་དང་ཉེ་བར་བཅར་ནས་གངས་རིའི་ཕུགས་འདུན་མངོན་འགྱུར་ཡོང་བར་རག་ལས་ཡོད། མཚོ་སྔོན་དུ་གངས་རིར་འགོ་བའི་བརྒྱུད་རིམ་ནི་སྐྱེ་ཁམས་སློབ་གསོ་དང་སྙིང་སྟོབས་དང་གཤིས་རྒྱུད་ཀྱི་ཚོད་བགམ་གཏིང་ཟབ་ཅན་ཞིག་རེད། མི་རྣམས་ཀྱི་བག་ཆགས་ནང་མཚོ་སྔོན་གྱི་དགུན་དུས་ཅུང་རིང་བས། ས་ཆ་མི་ཉུང་བ་ཞིག་གིས་མཚོ་སྔོན་འདི་ཉིད“གྲང་ངར་ཆེ་བའི་ས་ཁུལ”དུ་བརྩི་གིན་ཡོད་པ་མ་ཟད། ཡུལ་སྐོར་ཡང་ཆེན་པོ་མེད་པ་ཞིག་ཏུ་བསམ་བཞིན་ཡོད་མོད། འོན་ཀྱང་མེ་ལྷ་གངས་དཀར་གྱི་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས། མཚོ་སྔོན་གྱི“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ”དང“གངས་འཁྱགས་ས་ཁུལ”དེའང་གསེར་རི་དངུལ་རི”ལ་བསྒྱུར་ཐུབ་པའི་འགག་རྩ་ནི། ཇི་ལྟར་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་ལ་རྒྱུན་མཐུད་ངང་རྩ་ཆེའི་ཐོན་ཁུངས་དེ་བེད་སྤྱོད་ཡག་པོ་བྱ་རྒྱུར་ཐུག་ཡོད་པ་ང་ཚོར་གསལ་བཤད་བྱས་ཡོད། ང་ཚོས་གནས་ཐིག་གཏན་འཁེལ་ཡང་དག་དང་སྤུས་རྟགས་བསྐྲུན་པ། མི་དམངས་ལ་ཕན་པ་ཐོབ་པར་བྱེད་པ་དང་ཁེ་ཕན་མཉམ་སྤྱོད་བྱེད་པ། ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཞབས་ཞུ་ལེགས་པོ་བསྒྲུབས་པ་བཅས་བྱས་ཏེ། དགུན་དུས་མཚོ་སྔོན་པོའི་དར་སྔོན་པོ་དང་མིན་ཡོན་གྱི་སྨུག་འཁྱིལ་གྱིས་དྲ་རྒྱ་ཧྲིལ་པོ་འུར་ཆིལ་ལེར་བཏང་ཡོད་པ་དང་། གངས་འཁྱགས་དཔལ་འབྱོར་དེ་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དུས་ཚོད་ཡོངས་དང་ས་ཁོངས་ཡོངས་ཀྱི “གྲགས་ཚད”དེ་མུ་མཐུད་རྒྱུན་འཁྱོངས་བྱ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱིས་གངས་འཁྱག་ལུས་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གངས་འཁྱག་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ། གངས་འཁྱག་ལུས་རྩལ་གྱི་རྗེས་གྲབས་འཇོན་མི་གསོ་སྐྱོང་གྲ་སྒྲིག་དང་གངས་འཁྱག་ལུས་རྩལ་གྱི་ཁྱད་ལྡན་སློབ་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་ཁག15བཀོད་སྒྲིག་བྱས་ཏེ། དམིགས་བསལ་ཆོག་མཆན་གཉེར་སྐྱོང་བྱེད་སྟངས་ཐོག་ནས་ཡུས་ཀྲུའུ་རི་བོ་སོགས་གངས་འཁྱག་ཐོན་ཁུངས་སྲུང་སྐྱོང་གསར་སྤེལ་བྱས་ཏེ། ཡུལ་སྐོར་བར་སྐྱིད་སྣང་སྟེར་དགོས་པར་མ་ཟད། གངས་འཁྱག་ཐོན་ལས་སྟོབས་ཤུགས་སྣོན་དགོས། མཚོ་སྔོན་གྱི་གངས་རི་དང་འཁྱགས་ཀླུང་། མཚེའུ། བརླན་ས། རྩྭ་ཐང་། བྱེ་ཐང་། བྱེ་ཁུགས་བཅས་ནི་རྒྱང་ཐག་རིང་བའི་མཛེས་ལྗོངས་ཤིག་མིན་པར། ང་ཚོའི་འཕེལ་རྒྱས་ཀྱི་རྒྱུ་ནོར་རྩ་ཆེ་ཤོས་ཤིག་ཡིན། སྔོ་ལྗང་གི་རི་ཆུ་དང་གངས་འཁྱགས་ཀྱི་ས་ཁུལ་དེ་སྲུང་སྐྱོང་ཡག་པོ་བྱས་པ་ཡིན་ན་གཞི་ནས་གསེར་རི་དངུལ་རི་ངོ་མ་རུ་འགྱུར་ཐུབ་པ་ཡིན། ལམ་འདིའི་སྟེང་ང་ཚོ་བློ་བརྟན་འགྱུར་མེད་སྒོས་མུ་མཐུད་དུ་བསྐྱོད་ངེས་ཡིན་ཟེར།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་འཐུས་མི་ཆའོ་ཡ་ཆུན་ལ། ན་ནིང་མཚོ་སྔོན་གྱིས་དམངས་བདེ་ཟམ་པ500བསྐྲུན་པ་དེར་འབྲོག་པ་མང་ཚོགས་ཀྱིས“ངའི་ཁྱིམ་གྱི་སྒོ་མདུན་གྱི་ཟམ་པ”ཞེས་བྱམས་བརྩེའི་ངང་གང་སར་སྒྲོག་བཞིན་འདུག ཟམ་པ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཇི་ལྟར་གཏོང་བའི་སྐོར་ནས་ཁྱེད་ལ་བག་ཆགས་ཟབ་མོ་བཞག་མྱོང་བའི་ཞིབ་ཕྲའི་གཏམ་རྒྱུད་ཅིག་མཉམ་སྤྱོད་བྱེད་ཐུབ་བམ། ཟམ་པ་ཆུང་ཆུང་འཛུགས་པའི་ལས་གཞི་འདིའི་རྒྱབ་ཏུ་མཚོ་སྔོན་གྱི་དམངས་འཚོར་མ་དངུལ་གཏོང་བའི་གཏན་ཚིགས་ཅི་འདྲ་ཞིག་མངོན་ཡོད་ཅེས་དྲིས་པ་ན།
འཐུས་མི་ཆའོ་ཡ་ཆོན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་རྒྱ་ཆེ་བ་དང་རི་ཀླུང་མུ་ཁྱུད་དུ་འབྲེལ་བ། ཆུ་ལག་མང་པོ་འཛོམས་པ། དུས་ཚིགས་རང་བཞིན་གྱི་ཆུ་བོ་ཁག་གཅིག་གིས་རོང་འབྲོག་ས་ཁུལ་གྱི་གྲོང་གསེབ་ཀྱི་བགྲོད་ལམ་བཅད་ནས། རོང་འབྲོག་མང་ཚོགས་ཕྱིར་སྐྱོད་བྱེད་པར་སྟབས་མི་བདེ་བ་ཆེན་པོ་བཟོ་གིན་ཡོད། གནད་དོན་དེ་ཐག་གཅོད་མཐར་ཕྱིན་པ་བྱ་ཆེད། 2025ལོར་མཚོ་སྔོན་ཞིང་ཆེན་གྱིས“ངའི་ཁྱིམ་གྱི་སྒོ་མདུན་གྱི་ཟམ་པ”ཞེས་པའི་ཆེད་དོན་དམངས་འཚོའི་བཟོ་བཀོད་ལག་བསྟར་བྱེད་འགོ་བརྩམས་པ་དང་། ངར་ལྕགས་ལས་བཟོས་པའི་དམངས་ཕན་ཟམ་པ500སྲིད་འཛིན་སྡེ་བ་བརྒྱ་ལྷག་ཙམ་དུ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པས། རོང་འབྲོག་མང་ཚོགས་འབུམ་གསུམ་ལྷག་ལ་ཕན་པ་ཐོབ་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཁུ་ཁུ་གྲོང་རྡལ་ཁུ་ཁུ་སྡེ་བ་ལྷོ་མས་ན་ནིང་གྲོག་རོང་དུ། རིང་ཚད་སྨི6ཡོད་པའི་ལྕགས་ཀྱིས་བཟོས་པའི་སྟབས་བདེའི་ཟམ་པ་ཞིག་བསྐྲུན་པས། འབྲོག་པ་རྣམས་རྫོང་གྲོང་དུ་འགྲོ་བའི་དུས་ཚོད་ཆུ་ཚོད2ནས་སྐར་མ50ཡིས་ཇེ་ཐུང་དུ་བཏང་ཡོད་པར་མ་ཟད། ད་དུང་འཕྲུལ་རྟ་ཞོན་ནས་ནོར་ལུག་དེད་དེ་ཟམ་པ་བརྒལ་ནས་ཐད་ཀར་འབྲོག་ས་རུ་བསྐྱོད་ཐུབ་ཀྱི་ཡོད་། མཚོ་སྔོན་གྱི་དམངས་བདེའི་ཟམ་པས་མ་དངུལ་ཆུང་ཆུང་ལ་བརྟེན་ནས་གནད་དོན་ཆེན་པོ་ཐག་གཅོད་བྱེད་པ་དང་། དམངས་འཚོ་ཆེན་པོ་ཐག་གཅོད་བྱེད་པ། ཕན་འབྲས་ཆེ་བའི་སྒོ་ནས་མང་ཚོགས་ཀྱིས་ཕན་པ་དངོས་ཚོར་ཐུབ་པར་བྱེད་པ་བཅས་ནི། མི་དམངས་ལ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཇོག་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།