མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མཉམ་དུ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས། ཝུའུ་ཞའོ་ཅུན་དང་ཝང་ལི་མིང་། ཀྲང་ཅིན་ཀང་བཅས་ཀྱིས་གཏམ་བཤད་པ་དང་། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་པར་དམིགས་པ་དང་། གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ལ་དམིགས་ཡོད་པས། དཔལ་འབྱོར་གྱི་ཞིང་ཆེན་ཆེན་མོས་སྔོན་སྐྱོད་ཀྱི་ཁག་ཁུར་སྤྱོད་ཚུལ་ལ་རྐང་འཛུགས་པར་གནད་འཁེལ་མཛུབ་སྟོན་བྱས་ཤིང་། ཞིང་ཆེན་སོ་སོས་སྔར་ལས་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་འཇལ་བ་དང་རིམ་པ་ཟབ་པའི་འགལ་བ་སྔར་ལས་མང་པོ་ཐག་གཅོད་བྱེད་པ། འཕེལ་རྒྱས་ཀྱི་དམིགས་འབེན་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་བཅས་ལ་སྤྱིའི་གཞི་འཛིན་ས་གསལ་བོར་བསྟན་ཡོད་པར་མ་ཟད་ཤུགས་འདོན་ས་གཏན་འཁེལ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཚེ། ད་གཟོད་ཡུལ་བབ་དང་བསྟུན་ཞིང་ཐུན་མིན་དགེ་མཚན་འདོན་སྤེལ་བྱེད་པའི་ཐད་ཁ་ཕྱོགས་གསལ་སྟོན་དང་ཐོལ་བརྒལ་ལེགས་པོ་བྱེད་ཐུབ། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ལ་དམིགས་ནས། ཐོན་ལས་ཀྱི་གནས་བཞི་ཇེ་ལེགས་ཇེ་རྒྱས་དང་སྤུས་ལེགས་མཉམ་འདུས་བྱེད་པར་སྐུལ་འདེད་གཏོང་བ་དང་། གདོད་མའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བསྐྲུན་པ་བཅས་བྱས་ཏེ། གསར་གཏོད་དགེ་མཚན་གྱིས་ཐོན་ཁུངས་དགེ་མཚན་ལ་སྐུལ་འདེད་གཏོང་བ་དེ་ཐོན་ལས་དགེ་མཚན་དང་འཕེལ་རྒྱས་དགེ་མཚན་དུ་བསྒྱུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་མཉེས་གཤིས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཚེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འདེགས་སྐྱོར་བརྟན་པོར་གཏོང་བའི་ཐད་སྔར་ལས་ཁག་ཁུར་མངོན་པ་དང་བྱས་རྗེས་བཟང་པོ་འཇོག་ཐུབ། རང་རྟོགས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱེད་པ་དང་། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་སྟོབས་ཤུགས་ལེགས་པར་འདོན་པ།  ཐོན་ལས་མུ་ཕྲེང་རིང་དུ་བསྲིང་བ་དང་ཞིང་ཆེན་ཕྱི་ནང་གི་ཁྲོམ་ར་སྦྲེལ་མཐུད་བྱས་ནས། དཔལ་འབྱོར་གྱི་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཚེ། ད་གཟོད་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྡུད་ཐད་བརྩེ་སེམས་རྣལ་མ་བཅངས་པ་དང་ནུས་པ་ལེགས་པོ་འདོན་ཐུབ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་ལེགས་པོར་བསྐྱོད་པ་དང་། གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གཉིས་ལ་གཅིག་འདོམས་བྱེད་པ། ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། སྤྱི་བའི་ཞབས་ཞུའི་སྤུས་ནུས་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བཅས་བྱས་ཏེ། རིགས་སོ་སོའི་བུ་དང་བུ་མོར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཚེ། ད་གཟོད་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། དངོས་འཛིན་དངོས་སྒྲུབ་ཐད་བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་བརྩོན་ལེན་བྱེད་ཐུབ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དཔེ་བསྡུར་ཚད་བསྡུར་བྱེད་པ། བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་སོགས་ལས་ཡུལ་དང་པོར་ཁག་ཁུར་ལས་སྒྲུབ་བྱེད་པ་དང་། རྙོག་འཛིང་ཆེ་བའི་འགལ་བ་དང་དངོས་ཡོད་གནད་དོན་ཐད་གཅོད་པའི་བརྒྱུད་རིམ་ཁྲོད་འཇོན་ནུས་བསྐྱེད་པ་བཅས་བྱས་ཏེ། ཞིང་ཆེན་གོང་འོག་ཡོངས་ཀྱིས་དྲིན་ཤེས་པ་དང་བརྩེ་སེམས་ཡོད་པ། དངོས་སྒྲུབ་གཙོར་འཛིན་བྱེད་པ་བཅས་ལ་སྐུལ་མ་གཏོང་བ་དང་། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་ལས་འབྲས་བསྐྲུན་དགོས།

འཐུས་མི་ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་གསལ་ཞིང་ལངས་གནས་མཐོ་ལ། ནང་དོན་ཕུན་སུམ་ཚོགས་པས། ང་ཚོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་ལེགས་པོ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཞིང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་བཅས་བྱས་ནས། སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་དུ་དམ་འཛིན་ལེགས་པོ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཤུགས་འདོན་ས་དམ་འཛིན་ནན་མོ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་བསྐྲུན་པའི་བརྒྱུད་རིམ་ཁྲོད་ལྗང་མདོག་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པ། ཚན་རྩལ་གསར་གཏོད་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བའི་བརྒྱུད་རིམ་ཁྲོད་ནང་གནས་སྒུལ་ཤུགས་བསྐྱེད་པ། བཅོས་སྒྱུར་ཟབ་སྤེལ་ཁྲོད་ལམ་ལུགས་རྐྱེན་སྲོལ་གྱི་བཀག་རྒྱ་སེལ་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། དཔལ་འབྱོར་མཉེན་གཤིས་ཇེ་དྲག་ཏུ་གཏོང་བའི་འགོ་རྩོམ་ས་དམ་འཛིན་ནན་མོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གཅིག་གྱུར་ཁྲོམ་ར་ཆེན་མོའི་ཁྲོད་ངེས་གནས་ཡང་དག་འཚོལ་བ་དང་དགེ་མཚན་འདོན་སྤེལ་བྱེད་པ། ནུས་ཤུགས་ཡོད་རྒུས་ནང་སྦྲེལ་ཕྱི་མཐུད་ཀྱི་འགག་རྩའི་བྱེད་ནུས་མཐོར་འདེགས་གཏོང་བ། ནུས་ཤུགས་ཡོད་རྒུས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་སྤྱོད་ཚུལ་མངོན་པར་བྱེད་དགོས། དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་བའི་རྐང་འཛུགས་ས་དམ་འཛིན་ནན་མོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལེགས་པོར་གནད་འཁེལ་ནུས་ལྡན་གྱིས་སྐུལ་འདེད་གཏོང་བ། བྱེད་ཐབས་སྣ་མང་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་པ། གཞི་རྩའི་སྤྱི་བའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་བསྟུད་མར་ཇེ་མཐོར་གཏོང་བ་བཅས་བྱས་ནས།  སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དང་ཏང་བཅོས་སྐྱོང་བྱེད་པའི་ཤུགས་འདོན་ས་དམ་འཛིན་ནན་མོ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་མཐའ་གཅིག་ཏུ་གཙོ་བོར་འཛིན་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ལེགས་པོར་སྤེལ་བ་བཅས་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་དང་སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་དགོས།

འཐུས་མི་ཝང་ལི་མིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་ལངས་གནས་མཐོ་ལ་བསམ་བློ་གཏིང་ཟབ་པར་མ་ཟད་ནང་དོན་ཕུན་སུམ་ཚོགས་པར་བརྟེན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཀྱི་མཉེས་གཤིས་ཇེ་དྲག་ཏུ་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ནན་མོ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དང་ཏང་བཅོས་སྐྱོང་བྱེད་པ་སོགས་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་གནད་དོན་གལ་ཆེན་མང་པོར་འགྲེལ་བཤད་ཟབ་མོ་བྱས་ཏེ། ང་ཚོས་འཕེལ་རྒྱས་ཀྱི་གནས་བབ་དམ་འཛིན་བྱེད་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བ་ལེགས་པོར་སྒྲུབ་པར་ཚན་རིག་གི་མཛུབ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གཙོ་བོ་དང་ལག་ལེན་བླང་བྱར་གོ་བ་ཟབ་མོ་བླངས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་བར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མི་སྒེར་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལ་གཞིགས་ཤིང་། ལག་ལེན་བྱེད་ཐབས་གསལ་བོར་བཟོས་པ་དང་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་ཡོད་ལ། ཡར་བརྩོན་གྱི་འཆར་འགོད་སྒྲིག་བཟོ་གནང་ཡོད་པས། ཅང་སུའུ་ཞིང་ཆེན་གྱིས་འགན་འཁྲི་གཙོ་བོ་ཁུར་ནས་མདུན་ཕྱོགས་སུ་བསྐྱོད་པར་ཁ་ཕྱོགས་གསལ་སྟོན་གནང་བར་མ་ཟད། རྒྱལ་ཡོངས་ཀྱི་ས་གནས་སོ་སོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་སྟབས། ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་དྲག་པོ་ལྡན། ང་ཚོས་ཁྱོན་ཡོངས་ལ་གཞིགས་པ་དང་། ནང་སྙིང་གཙོ་བོ་དམ་འཛིན་ནན་མོ་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་སོགས་གསར་དར་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་བཅས་བྱས་ཏེ། དངོས་འཛིན་དངོས་གཉེར་གྱི་བརྒྱུད་རིམ་ཁྲོད་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས་ཟེར།

ཏི་ཆིང་ཡོན་དང་། ཝང་ཀའོ་ཏུང་། ཞུས་ཆིང་མིན། མ་ཧྲི་ཀུང་། མ་ཧྥུ་ཁྲང་། རིན་ཆེན་བཀྲ་ཤིས། ཤ་བོ་སྒྲོལ་མ་སོགས་འཐུས་མིས་གཏམ་བཤད། 

ལྷ་མོ་འཚོས་བསྒྱུར།