
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཞང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཚོ་ཆུང་མཉམ་འབྲེལ་ཚོགས་འདུར་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་ནན་ཏན་སྒོས་གསན་རྗེས་ཏིང་ཞུའེ་ཞང་གིས་བསྟན་དོན། འདས་ཟིན་པའི་ལོ་ངོ་གཅིག་གི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”རྒྱལ་ཁའི་ངང་མཇུག་བསྒྲིལ་བ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པ་འགོ་ཡག་པོ་ཞིག་བརྩམས། ཞང་ཀང་དང་ཨའོ་མོན་གྱི་བྱ་གཞག་སོ་སོ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་སྟེ་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་ལེགས་པོ་བསུས། ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ”དང་“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། ཞང་ཀང་དང་ཨའོ་མོན་གྱིས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པས”འཁྱེར་ཡོང་བའི་གོ་སྐབས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་རྒྱ་ཇེ་ཆེར་བཏང་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་མཉམ་འདྲེས་བྱས་ཏེ་དེར་ཞབས་འདེགས་ཞུ་དགོས། ཨུ་ཡོན་རྣམ་པས་ལས་རིགས་སོ་སོའི་མི་སྣ་དང་ཡོངས་ཁྱབ་ཏུ་མཐུན་སྒྲིལ་བྱས་ཏེ། ཐུན་མོང་སྒོས་ཞང་ཀང་དང་ཨའོ་མོན་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རྒྱུའི་ཐུགས་རེ་བཏོན།