ལི་ཆང་གིས་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གྲོས་མོལ་འཛད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཉིན་དེར། ལི་ཆང་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཁག་གི་ཨུ་ཡོན་མཉམ་འབྲེལ་རྩ་འཛུགས་ཀྱི་ཚོགས་འདུར་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ལི་ཆང་གིས་ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་འཕྲད་ཡོད་པའི་གཏན་འཇགས་མིན་པ་དང་གཏན་ཁེལ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པ་བསྟན། བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ཕན་བསྐྱེད་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས་ལ། སྲིད་ཇུས་ཀྱི་ཚོགས་སྒྲིག་རྣམ་པ་ལེགས་པོ་བསྒྲུབ་སྟེ། སྲིད་ཇུས་ཀྱིས་སྔ་མོ་ནས་ནུས་པ་འདོན་པ་དང་སྔ་མོ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ༼ལོ་ལྔའི་འཆར་འགོད་བཅོ་ལྔ་པའི༽རྩ་གནད་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་དྲ་སྦྲེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕན་ནུས་ལྡན་པའི་དངུལ་གཏོང་རྒྱ་བསྐྱེད་པར་ཤུགས་བསྣན་ནས། ཡུན་རིང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། འཛད་སྤྱོད་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱ་དགོས། བཟོ་སྐྲུན་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྒུལ་ནུས་གསར་པ་རྒྱུན་མཐུད་ངང་གསོ་སྐྱོང་དང་སྟོབས་ཆེར་བཏང་སྟེ། ལག་རྩལ་གསར་པ་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་བཀོལ་སྤྱོད་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྷོད་གཡེང་སྤུ་ཙམ་མེད་པར་འབྲུ་རིགས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱ་དགོས་པ་དང་། རྒྱུན་རྣམ་ཅན་གྱི་གནད་ཁེལ་རོགས་རམ་ཞབས་ཞུ་ལེགས་པོར་བསྒྲུབ་ནས། བདེ་སྡོད་དང་ལས་སྐྲུན་ལ་འཚམ་པའི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱ་དགོས།