
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི“ཨུ་ཡོན་རྒྱུ་ལམ”ཚེས7ཉིན་ཡང་བསྐྱར་འགོ་བརྩམས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན9“ཨུ་ཡོན་རྒྱུ་ལམ”དུ་བསྐྱོད་དེ་གསར་འགོད་པའི་གཅིག་བསྡུས་བཅར་འདྲི་དང་ལེན་བྱས།
ཉིང་ཞ་རུ་རྐང་ཚུགས་ནས་ལོ30ཙམ་གྱི་རིང་ལ། བཟོ་ལས་འཕྲུལ་འཁོར་མ་གྲུ་བཟོ་སྐྲུན་གྱི་ལས་ཀ་གཉེར་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཞའོ་ལུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཁོ་དང་ཚོགས་པས་ལག་རྩལ་འགག་སྒྲོལ་བྱས་པ་བརྒྱུད། ཀྲུང་གོའི་བཟོ་ལས་མ་གྲུའི་སྟེང་ངེས་པ་དོན་གྱིས་ཀྲུང་གོའི་ཉིང་ལེབ་སྤྱད། ད་ལྟ། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་རྩེར་སོན་འཁོར་སྟེགས་དེ་གནམ་གྲུ་ཆེ་གྲས་དང་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་སོགས་རྒྱལ་ཁབ་ཀྱི་མཆོག་ནོར་བཟོ་བའི་ཐད་སྤྱོད་ཀྱིན་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཝང་ཞའོ་ལུང་གིས་བཤད་རྒྱུར།
ཡར་ཐོན་འདི་དག་ནི་རང་རྒྱལ་གྱི་བཟོ་ལས་མ་ལག་ཆ་ཚང་དང་ཚོང་རའི་དགོས་མཁོ་ཆེན་པོ། རྒྱུན་མཐུད་ཀྱི་ལག་རྩལ་གསར་གཏོད། ལྷག་ཏུ་ང་ཚོའི་ལས་སྒྲུབ་པའི་རང་སྟོབས་རང་སྤེལ་ལས་བྱུང་བ་རེད། རྗེས་མར་ང་ཚོའི་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཏེ། རྒྱུན་མཐུད་གསར་གཏོད་དང་མགྱོགས་མྱུར་ཐོད་བརྒལ་བྱས་ནས། ལྟེ་བའི་ལག་རྩལ་གྱི་རང་བརྟེན་རང་འཛིན་མངོན་འགྱུར་བྱ་རྒྱུ་ཡིན།
ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་ཡོན་སྤེལ་རེས་ཀྱི་བསླབ་ཚན་ལ་ཡུན་རིང་ཞིབ་འཇུག་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲའོ་མེ་ཡིས། དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཏམ་རྒྱུད་བཤད། མོས་ངོ་སྤྲོད་བྱས་པ་ལྟར་ན། ལི་ཁྲ་ཏེ·ཞི་ཨེར་སི་ཡིས་གསར་དུ་བཙུགས་པའི་རྒྱ་ཡིག་གི་ཡིག་གཟུགས་དྲ་ཚིགས་སུ། གནའ་རབས་རྒྱ་ཡིག་གི་ཡིག་གཟུགས་ཆིག་འབུམ་ཙམ་བསྡུས་ཡོད་པ་དང་། སྤྱོད་མཁན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ170ལྷག་ལ་ཁྱབ་ནས། འཛམ་གླིང་གི་མི་སྔར་ལས་མང་པོར་ཀྲུང་གོའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ངོ་མཚར་མཐོང་དུ་བཅུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲའོ་མེ་ཡིས་བཤད་རྒྱུར།
དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་བརྩེ་ལ་ཐུག་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་རྣམ་པའི་ཐོག་ནས་འཛམ་གླིང་ལ་འབྲེལ་བ་བྱས་ཏེ། དཔལ་ཡོན་མི་འདྲ་བ་དང་བསྟུན་མཁས་མཉམ་གནས་དང་། ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་བཟུང་སྟེ། དམངས་དང་ཉེ་བར་བཅར་ནས་གཅིག་སེམས་གཅིག་སྦྲེལ་ཡོང་བར་སྐུལ་འདེད་གཏོང་ངེས།
བོད་ལྗོངས་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མི་འགྱུར་མཚོ་མོ་ཡིས་ལོ་འདི་དག་གི་རིང་བོད་ལྗོངས་ས་ཆའི་འཕོ་འགྱུར་དངོས་ངོ་སྤྲོད་བྱས། རྒྱལ་ཁབ་ཀྱིས་གཞི་རིམ་གྱི་སྤྱི་པའི་སྒྲིག་བཀོད་དང་སྨན་བཅོས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱུན་འབྱུང་ནད་རིགས་མང་ཆེ་བ་དེ་ས་གནས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་པ་དང་། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ལྡབ་གཅིག་ལྷག་འཕར་ནས་རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དབང་ཆར་རྩ་བའི་འགན་སྲུང་ཐོབ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མི་འགྱུར་མཚོ་མོ་ཡིས་བཤད་རྒྱུར།
བདེ་སྐྱིད་ལྡན་པའི་འཚོ་བ་འདི་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ཅིང་། དེ་ནི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱུན་དུ་བཤད་པའི་བྱང་སྐར་སྤུན་བདུན་ལ་བལྟས་ན་ལམ་མི་ནོར་བ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་ཟེར་བ་ནང་བཞིན་རེད། མ་འོངས་པའི་བོད་ལྗོངས་ཇེ་དགའ་ཇེ་ལེགས་ཡིན་པའི་ཡིད་ཆེས་ཡོད།
དེ་རིང་གི་ཨུ་ཡོན་རྒྱུ་ལམ་དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཀྲི་ཀང་དང་། ཝང་ཞོན། ཀྲང་ཆའོ། ནན་ཚུན་ཧུའེ། ལིའུ་ཀྲེང་། ཞུས་ཞིན་བཅས་ཀྱིས་ཚན་རྩལ་གསར་གཏོད་དང་། མཐོ་སྒང་གསོ་རིག་ཞིབ་འཇུག ཚན་རྩལ་གྲུབ་འབྲས་གཞན་སྒྱུར། བཟོ་སྐྲུན་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤར། མཁའ་སྐྱོད་ཚན་རྩལ། སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོ་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ།