སྤུས་ཚད་མཐོ་བའི་གྲོས་མོལ་ལ་བརྟེན་ནས་ཁྲིམས་བཟང་ལེགས་སྐྱོང་ལ་རམ་འདེགས་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཚེས་བརྒྱད་ཉིན།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཨུ་ཡོན་ཚོས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་བཅས་ལ་དམིགས་ནས་གྲོས་མོལ་དང་ཐབས་འདོན་ཇུས་འབུལ་བྱས། ཚང་མས་བསྟན་དོན། སྤུས་ཚད་མཐོ་བའི་གྲོས་མོལ་ལ་བརྟེན་ནས་ཁྲིམས་བཟང་ལེགས་སྐྱོང་ལ་རམ་འདེགས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ལེགས་པོ་རྩོམ་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མུའུ་ཧུང་གིས་ཕྱི་ཕྱོགས་མཛའ་མཐུན་ལས་རིགས་ཨུ་ཡོན་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་བཤད་རྒྱུར། སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་བཅས་ལ་ཡོངས་སུ་མོས་མཐུན་ཡོད་པས། ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་བསྟར་དང་ཏང་ཀྲུང་དབྱང་གི་འགོ་རྩོམ་པའི་ལོའི་བྱ་བའི་བཀོད་སྒྲིག་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅེ་ཡིས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ།  ཁྲིམས་གཞུང་གི་མིང་བཏགས་པའི་བཅའ་ཁྲིམས་གཉིས་པ་ཡིན་ལ། ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས།  མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་ཅིང་རྒྱས་པའི་ལན་བཏབ་ནས།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་པར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཡན་གྱིས་བཤད་རྒྱུར། བཅའ་ཁྲིམས་གྲོས་གཞི་ཁག་གསུམ་གྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་གོམ་པ་བརྟན་པོས་རྒྱང་རིང་དུ་བསྐྱོད་པའི་འགན་སྲུང་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཞིང་། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་སྟེ།  ཚད་མཐོའི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་ཐོག་ནས་ཏང་གི་འདོད་ཚུལ་དེ་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་གོ་རིམ་བརྒྱུད་རྒྱལ་ཁབ་ཀྱི་འདོད་འདུན་དུ་འགྱུར་བར་ཁག་ཐེག་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞན་ཧུའེ་ཡིས་དམིགས་བསལ་གདན་ཞུའི་ཞང་ཀང་མི་སྣའི་ཚན་ཆུང་གྲོས་བསྡུར་ལ་ཞུགས་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞང་ཀང་གི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བ་དང་། ཞང་ཀང་གི་མི་དམངས་ལ་ཐུགས་ཁུར་གནང་ཞིང་།  མངག་བཅོལ་བློ་ལ་བརྟན་པོར་ངེས་ནས། ཕྱོགས་ཡོངས་ནས་ཡང་དག་པ་དང་བློ་བརྟན་འགྱུར་མེད་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  སྲིད་འཛིན་འགོ་ཁྲིད་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་པ། ཀོང་ཏུང་དང་ཞང་ཀང་ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ནང་ཟབ་ཞུགས་བྱས་ཏེ།  ཞང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཕིན་གྱིས་བཤད་རྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་བཟོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བྱས་པའི་བྱེད་ཐབས་གལ་ཆེན་ཡིན་པས།  ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ་དང་།  བློ་སེམས་གཅིག་མཐུན་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན།

 རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པཱ་དབྱིན་ཁེ་ཞི་ཡིས་བཤད་རྒྱུར།  ང་ཚོས“གཏན་ཕབ་གཉིས”ལ་གོང་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ།  མི་རིགས་མཐུན་སྒྲིལ་སྣེ་ཁྲིད་ལ་སྲུང་སྐྱོང་བྱེད་པ་དང་།  མི་རིགས་ཁག་སེ་འབྲུ་ལྟར་མཐུན་སྒྲིལ་ཡོང་བར་སྐུལ་འདེད་བཏང་སྟེ།  ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྟོབས་ཤུགས་འབུལ་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིན་ཀྲི་ཡིས་ཀྲུང་གུང་ལས་རིགས་ཚན་ཆུང་གྲོས་བསྡུར་ལ་ཞུགས་སྐབས་བཤད་རྒྱུར། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པར་བྱས་རྗེས་གསར་པ་འཇོག་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཞའོ་ཡུན་གྱིས་བཤད་རྒྱུར།  རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་གཏན་འབེབས་བྱས་པ་དེས་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་དང་ལག་བསྟར།  ལྟ་སྐུལ་སོགས་རིམ་པ་སོ་སོར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ནས།  རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་། དབང་གྲགས་རང་བཞིན། བརྟན་ལྷིང་རང་བཞིན་བཅས་ཁག་ཐེག་ཐུབ་པས།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱས་ཡོད།

 རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་དབྱིན་གྱིས་བཤད་རྒྱུར། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱིས་རང་རྒྱལ་འཕེལ་རྒྱས་འཐབ་ཇུས་ཀྱི་ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་དང་དེ་མིན་བར་མཐོངས་བཅོས་སྐྱོང་གི་འཆར་གཞི་ཐོག་མར་རྒྱལ་ཁབ་ཀྱི་འདོད་བློ་རུ་མཐོར་འདེགས་བཏང་ནས།  འཆར་འགོད་ལ་སྔ་ན་མེད་པའི་བཅའ་ཁྲིམས་ཀྱི་དབང་ཟིལ་སྤྲད་པ་དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་འདེགས་སྐྱོར་ཞིག་རེད།