
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས། སྲིད་གྲོས་ཨུ་ཡོན14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་དང་། རྒྱལ་སྲིད་ཨུ་ཡོན་ཧྲེན་དབྱི་ཆིན་དང་། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་གཏམ་བཤད་ལ་ཉན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧོ་ཧོའུ་ཧྭ། ལེང་ཀྲེན་ཡིང་། པ་ཐར། སུའུ་ཧུའེ། ཀའོ་ཡུན་ལུང་། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་ཚོགས་འདུར་ཞུགས།
ཚོགས་འདུར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་འགོ་འཛིན་མཛད།
ཨུ་ཡོན་ལེན་དབྱི་མིན་གྱིས་གཏམ་བཤད་ནས། “ཁྲི་སྟོང་བཟོ་སྐྲུན”གྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དེ། རྫོང་མཁར་གཞི་རྟེན་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་དགོས་པ་དང་། “གྲོང་ཚོ་དར་རྒྱས་གཏོང་བར”བརྟེན་ནས་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། “མཉམ་འདྲེས”ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐས་རིམ་བཀོད་སྒྲིག་དང་གནད་སྨིན་དོན་འཁྱོལ་བྱེད་པ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གོམ་པ་བརྟན་པོ་སྤོ་དགོས་པ་བཅས་ཀྱི་གྲོས་གཞི་བཏོན།
ཨུ་ཡོན་ཁྲེན་ཞིན་དབྱིང་གིས་ཀྲུང་གོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་རྒྱུར། “ཐའེ་ཝན་རང་བཙན”གྱི་སྟོབས་ཤུགས་ནི“ཞི་བདེ་གཏོར་མཁན”དང་། “ཉམས་ཉེན་བཟོ་མཁན”“དམག་འཁྲུག་སློང་མཁན”བཅས་འཁྲུལ་མེད་ཅིག་ཡིན་པས། ངེས་པར་དུ་ངོགས་གཉིས་ཀྱི་སྤུན་ཟླས་དོགས་ཟོན་ཆེན་པོ་བྱེད་དགོས། ཐའེ་ཝན་གྱི་མདུན་ལམ་ནི་རྒྱལ་ཁབ་གཅིག་གྱུར་ལ་རག་ལས་ཡོད་པ་དང་། ཐའེ་ཝན་གྱི་སྤུན་ཟླའི་བདེ་སྐྱིད་ནི་མི་རིགས་བསྐྱར་དར་ཡོང་བ་དང་འབྲེལ་བ་ཡོད། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། ངོགས་གཉིས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་བསྐྱར་དར་གྱི་རླབས་ཆེའི་གཟི་བརྗིད་མཉམ་སྤྱོད་བཅས་བྱེད་དགོས།
ཨུ་ཡོན་དབྱང་མིང་ཅེས་གཏམ་བཤད་རྒྱུར། འཛམ་གླིང་ཇི་ལྟ་བུ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། འཛུགས་སྐྲུན་ཇི་ལྟར་བྱ་རྒྱུ་ནི་མིའི་རིགས་ཀྱི་མདུན་ལམ་དང་ལས་སྐལ་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད། འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་འབད་པས་དོན་འཁྱོལ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་དབང་ཟིལ་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ཀྲང་ཨེན་ཏི་ཡིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་ནས། ལམ་ལུགས་ཅན་གྱི་སྒོ་འབྱེད་ཀྱིས་སྣེ་ཁྲིད་དེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས་པ་དང་། གཉེར་སྐྱོང་གཙོ་ཤུགས་སྣ་ཚོགས་ལ་ཕྱི་གསལ་ནང་གསལ་དང་། བརྟན་བརླིང་། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཁོར་ཡུག་མཁོ་འདོན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྱེད་པ་བཅས་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཧྲི་རུང་ཧོའེ་ཡིས་གཏམ་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གོ་སྐབས་དམ་པོར་བཟུང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་གཏིང་ཟབ་དང་ཞབས་འདེགས་ཞུས་ནས། ཞང་ཀང་དང་རྒྱལ་ཁབ་མཉམ་དུ་དར་བའི་རྨང་རྡོ་ཇེ་བརྟན་དུ་གཏོང་པ་ནི་རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཁ་བྲལ་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དམངས་འཚོའི་དོ་ཁུར་ཐག་གཅོད་བྱེད་པ། འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཨུ་ཡོན་ཧོ་རུན་ཧྲེང་གིས་གཏམ་བཤད་རྒྱུར། ཨའོ་མོན་གྱིས་མེས་རྒྱལ་ལ་རྒྱབ་རྟེན་བཅོལ་ཞིང་འཛམ་གླིང་སྦྲེལ་མཐུད་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་བློ་རིག་ནང་འདྲེན་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོག་འཇོག་བྱེད་པའི་ཐད་ཧུར་བརྩོན་བྱེད་དགོས་པ། ཤེས་ལྡན་མི་སྣ་རང་བདག་གིས་གསོ་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་ནང་འདྲེན་དང་གཅིག་སྡུད་ཀྱི་ལས་སྟེགས་བསྐྲུན་ནས། ཤེས་ལྡན་མི་སྣའི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་ཤེས་ལྡན་མི་སྣ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་པ། རྒྱལ་སྤྱིའི་ཤེས་ལྡན་མི་སྣ་རྩེ་གྲ་བསྡུ་རུབ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྔར་ལས་མཉམ་འདྲེས་ཐུབ་པ་དང་དེར་ཞབས་འདེགས་ཞུས་ཏེ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་རྒྱུར་ཨའོ་མོན་གྱི་སྟོབས་ཤུགས་འབུལ་དགོས།
ཨུ་ཡོན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གསུང་བཤད་གནང་ནས། རྒྱལ་ཁབ་དར་རྒྱས་དང་བརྟན་བརླིང་ཡོང་བ་ནི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་རྩ་བའི་འགན་ལེན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་དད་ལྡན་མང་ཚོགས་དང་དད་ལྡན་མ་ཡིན་པའི་མང་ཚོགས་ཀྱི་ཐུན་མོང་གི་བདེ་སྐྱིད་ཡིན། བོད་བརྒྱུད་ནང་བསྟན་ལས་རིགས་སྔར་ལས་རང་རྟོགས་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་པར་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་སྐུལ་འདེད་བཏང་ནས། རྒྱལ་གཅེས་རིང་ལུགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་མཁན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་མཁན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་བཅས་བྱེད་དགོས་ཞེས་གསུངས།
ཨུ་ཡོན་དབྱི་ལི་ཀྲ་ཐི.ཨེ་ཧི་མའེ་ཐི་ཅང་གིས་གཏམ་བཤད་ནས། མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་པ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཞིན་ཅང་གི་མི་རིགས་ཁག་གི་ཁྲག་རྒྱུན་མཉམ་འདྲེས་དང་། དད་སེམས། རིག་གནས། དཔལ་འབྱོར། བརྩེ་བ་བཅས་ཕྱོགས་གང་ཅིའི་ཐད་ནས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཝུའུ་ཝེ་ཧྲན་གྱིས་གཏམ་བཤད་དེ། དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས། ཀྲུང་གོའི་སྙིང་སྟོབས་དང་དུས་རབས་ཀྱི་མཛེས་དཔྱད་མཚོན་པའི་སྒྱུ་རྩལ་སྤུས་དག་གསར་རྩོམ་དང་། དཔལ་ཡོན་བརྗེ་རེས་དང་མཛའ་བརྩེ་ཟུང་འབྲེལ་གྱི་སྣོལ་ཟམ་བསྐྲུན་ཏེ། ཕྱོགས་མང་ཟབ་ཞུགས་དང་ལག་རྩལ་ནུས་སྩོལ་གྱི་རྣམ་པ་བསྐྲུན་ནས། ཀྲུང་ཧྭའི་དཔལ་ཡོན་གྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཕན་ཅན་ཝུའེ་ཡིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་རྒྱུར། སློབ་གསོའི་དཔེ་སྟོན་དེ་ཤེས་བྱ་ཁྱབ་སྤེལ་ནས་བྱང་ཚད་ཆགས་པའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། སློབ་མའི་ཚན་རིག་གི་བསམ་གཞིགས་དང་འཚོལ་ཞིབ་བྱེད་ནུས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐྱེད་སྲིང་བྱ་དགོས། བཅོས་བསྒྱུར་ལ་དཔྱད་འཇོག་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པ་དང་། ལམ་ལུགས་ཇུས་འགོད་ལ་བརྟེན་ནས་ཕམ་ཁའི་ཉམས་མྱོངས་འཚོལ་ཞིབ་བྱེད་པ། རིག་གནས་རྒྱུན་འཛིན་ལ་བརྟེན་ནས་གསར་གཏོད་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ་བཅས་བྱས་ཏེ། དཔལ་ཡོན་ལ་བརྟེན་ནས་གསར་གཏོད་ཀྱི་རིག་གནས་གསོ་སྐྱོང་བྱེད་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཐེན་ཆིན་ཞིན་གྱིས་གཏམ་བཤད་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རིག་རྩལ་གྱི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་། མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ནས། གསར་རྩོམ་པ་གཞི་རིམ་གྱི་ལས་ཡུལ་དང་པོར་སོང་ནས། ཀྲུང་གོའི་སྙིང་སྟོབས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པའི་གསར་གཏོད་བརྩམས་ཆོས་སྔར་ལས་མང་པོ་འདོན་དགོས་པར་སྐུལ་སློང་བྱེད་དགོས།
ཨུ་ཡོན་ཞུས་ཞིན་རུང་གིས་གཏམ་བཤད་རྒྱུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་དགོས། འཕར་སྟངས་གསར་གཏོད་དང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། མང་ཚོགས་ཕྱུག་འགྱུར་དང་སྐྱེ་ཁམས་མཛེས་སྡུག་གཅིག་གྱུར་ཡོང་བ་བྱེད་དགོས།
ཨུ་ཡོན་ཝང་ཅིན་ནན་གྱིས་བཟོ་ཞིང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྐབས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་མ་ལག་ཅན་གྱི་ལྟ་བ་རྒྱུན་འཁྱོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་ནས། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་འགྱུར་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ལ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བར་ཡར་སྐུལ་བྱས་ཏེ། རབ་མཛེས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཝུན་ཧྲུའུ་ཀང་གིས་གཏམ་བཤད་སྐབས། འགྱུར་རྡོ་མ་ཡིན་པའི་ནུས་ཁུངས་མཁོ་སྤྲོད་གཙོ་བོར་བྱེད་པ་དང་། འགྱུར་རྡོའི་ནུས་ཁུངས་མཐའ་སྐྱོང་འགན་སྲུང་བྱེད་པ། གློག་ཤུགས་མ་ལག་གསར་པ་འདེགས་སྐྱོར་གཙོ་བོར་བྱེད་པའི་ནུས་ཁུངས་མ་ལག་གསར་པ་རིམ་བཞིན་འཛུགས་པ་དང་། ནུས་ཁུངས་གསར་པ་དང་སྲོལ་རྒྱུན་ནུས་ཁུངས་མཐུན་སྦྱོར་བྱེད་པ། ལག་རྩལ་གསར་གཏོད་དང་ཐོན་ལས་རིམ་སྤོར་མཐུན་སྦྱོར་བཅས་རྒྱུན་འཁྱོངས་བྱས་ནས། ནུས་ཁུངས་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།