མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་འབྲེལ་ཡོད་བཅའ་ཁྲིམསའཆར་ཟིན་ལ་གྲོས་བསྡུར་ནན་མོ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཟླ3པའི་ཚེས8ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་མུ་མཐུད་དུ་ལས་རིགས་སོ་སོའི་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་ཏེ།     《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང(འཆར་ཟིན)》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས(འཆར་ཟིན)》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས(འཆར་ཟིན)》བཅས་ལ་དམིགས་ནས་ཧུར་ཐག་གིས་གྲོས་གཞི་བཏོན་པ་དང་།     མཚོ་སྔོན་གྱི་དོན་དངོས་དང་དམ་སྦྲེལ་ནས་བསམ་འཆར་བཟང་བོ་བཏོན། 

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ཆ་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། ཨུ་ཡོན་རྣམས་ཀྱིས་བལྟས་ན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་གཏན་འབེབས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐུགས་ལ་དམ་དུ་བཟུང་ཡོད་པ་དང་། ཐེངས་མང་པོར་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གནང་ནས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གཏན་འབེབས་བྱས་པ་དེས་མཚོ་སྔོན་གྱིས“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུར་སྐུལ་འདེད་བཏང་ཡོད།

མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་སྣ་མང་མཉམ་གནས། རིག་གནས་སྣ་མང་མཉམ་འདྲེས་ཀྱི་ཞིང་ཆེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་བསྡུར་བྱེད་སྐབས། ཨུ་ཡོན་རྣམས་ཀྱིས་བལྟས་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲིམས་སྐྱོང་གི་མཚོན་ཚུལ་ཞིག་ཡིན་པ་དང་། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིངས་ཡོད་པར་འདོད།

རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་བསྡུར་བྱེད་སྐབས། ཨུ་ཡོན་རྣམས་ཀྱིས་བལྟས་ན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཟོས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་འཐབ་ཇུས་དང་འཆར་འགོད་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་ལག་བསྟར་དོན་འཁྱོལ་བྱེད་པའི་ལམ་ལུགས་ཀྱི་གྲུབ་འབྲས་ཤིག་ཡིན་པས། མཚོ་སྔོན་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་སྔར་ལས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱེད་པ་དང་། མཐོ་སྒང་ཐོན་ཁུངས་ཀྱི་ནུས་ཁུངས་ཁྱད་སྟོབས་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པར་ལམ་ལུགས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཏེ། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་པར་སྣེ་ཁྲིད་བྱེད་དགོས་པའི་ངོས་འཛིན་བྱས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་བསྟན་དོན། བཅའ་ཁྲིམས་གསུམ་གྱི་གཏན་འབེབས་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་།     རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པས།  མཚོ་སྔོན་གྱི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད།     ཨུ་ཡོན་རྣམས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ལག་ལེན་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་བསམ་འཆར་དང་གྲོས་གཞི་སྔར་ལས་འཐུས་ཚང་དུ་བཏང་ནས། བཏོན་པའི་གྲོས་གཞི་རྣམས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲིད་སྟོན་དང་འཚམ་ལ་མཚོ་སྔོན་གྱི་དོན་དངོས་དགོས་མཁོ་དང་ཡང་ཧ་ཅང་མཐུན་པར་ཁག་ཐེག་བྱས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ལས་འགན་ལྕི་མོ་སྔར་ལས་ལེགས་པའི་སྒོ་ནས་ཕྲག་ཏུ་ལེན་པར་རོགས་རམ་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་བརྟན་བགྲོད་རྒྱང་འཁྱོལ་བྱེད་པར་སྲུང་སྐྱོང་བྱེད་དགོས། 

ཤ་བོ་རིན་མཚོས་བསྒྱུར།