
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་དང་རང་འགན་གཙང་སྒྲུབ་བྱས། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་བསྟན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁྲེན་ཅུན་གྱིས་བཤད་རྒྱུར། རྩ་གནད་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་ཡོད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་ནས་བློ་བརྟན་འགྱུར་མེད་སྒོས“སྲུང་སྐྱོང་གཉིས་”ཀྱི་ཆབ་སྲིད་མཐོ་ཚད་ལེགས་པོར་སྒྲུབ་པའི་ཕྱོགས་སུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་ལ། བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོས་པ་དང་དམིགས་ཚད་གཏན་འབེབས་བྱེད་པ་ལས་རང་ངོས་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་ངེས་གཏན་མིན་པའི་རང་བཞིན་ལ་གདོང་གཏོད་པའི་ཡིད་ཆེས་བརྟན་པོ་དང་འབད་འབུངས་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཡོད་པས། རང་རྒྱལ་གྱི་འཕེལ་རྒྱས་མདུན་ལྗོངས་ལ་སྔར་བས་རེ་བ་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལི་ཡིང་གིས་བཤད་རྒྱུར། སྙན་ཞུའི་ཁྲོད་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་པ་བྲིས་ཡོད། ང་ཚོའི་པན་ཆའོ་གྲོང་རྡལ་ལ་ལོའུ་ཧྲན་ཀོན་གྱི་གསར་བརྗེའི་ཐོན་ཁུངས་ལེགས་པོ་ཡོད། གསར་བརྗེ་རིག་གནས་དང་གྲོང་གསེབ་ཡུལ་སྐོར། ཐོན་ལས་འཕེལ་རྒྱས་བཅས་གཞི་གཅིག་བྱས་ནས། སྔོ་ལྗང་རི་ཆུ་དེ་ཕྱུག་འགྱུར་ཐོན་ཁུངས་སུ་འགྱུར་བར་བྱེད་དགོས། མི་མང་པོ་འགུག་པ་དང་ཡོང་འབབ་འཕར་བར་སྐུལ་ནས། ང་ཚོའི་དམངས་སྲོལ་སྡོད་ཁང་དང་བཟའ་བཏུང་། ཞིང་ལས་ཐོན་རྫས་ཕྱིར་ཚོང་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་ཀྱིས་སྒོ་འགྲམ་དུ་ཡོང་འབབ་ལེན་ཐུབ་པར་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་ཧུང་ལིང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”(འཆར་འགོད་)རྩ་གནད་ཀྱི་འཆར་ཟིན་འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྣེ་ཁྲིད་དུ་བཟུང་སྟེ། མ་འོངས་ལོ་ལྔའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རླབས་ཆེན་འཆར་གཞི་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁུང་ཧྥན་ཕིང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་། རང་རྒྱལ་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་མདུན་དུ་བསྐྱོད་པ་དང་། རྣམ་པ་གསར་བ་དང་སྤུས་ཀ་ལེགས་པའི་ཕྱོགས་སུ་འཕེལ་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སྙན་ཞུའི་ཁྲོད་རྒྱ་མཚོའི་ཐོན་ལས་སྟོབས་ལྡན་དང་ལེགས་བཅོས། ཇེ་ཆེར་གཏོང་བ་ལ་བཀོད་སྒྲིག་བྱས་ཡོད། ང་ཚོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། དེང་རབས་རྒྱ་མཚོའི་ཉ་ལས་ཀྱི་མུ་ཕྲེང་ཧྲིལ་པོའི་རིམ་སྤར་ཇེ་མགྱོགས་སུ་གཏོང་བ་དང་། རྒྱ་མཚོ་དང་འབྲེལ་བའི་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་གྱི་ཕྱོགས་སུ་སྐྱོད་ཐུབ་པར་བྱས་ཏེ། རྒྱ་མཚོའི་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་གསར་པ་འཕེལ་བར་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་གྱི་བརྗོད་བྱ་གོ་རིམ་ཧྲིལ་བོར་ཁྱབ་པ་དང་། བཀོད་སྒྲིག་དམ་ཟབ་སྦྲེལ་མཐུད་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་པ་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་བརྟན་པོ་དང་། ཇུས་འགོད་ཞིབ་ཚགས། དངོས་སྒྲུབ་དོན་གཉེར་བཅས་མངོན་ཡོད། སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་གནད་འཁེལ་ངང་གནས་ཐིག་གཏན་ཁེལ་དང་། གོ་སྐབས་དམ་འཛིན། དགེ་མཚན་འདོན་སྤེལ་བཅས་བྱས་ནས། འགན་ལྕི་མོ་ཁུར་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་བྱ་གཞག་གི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས་པའི་རེ་བ་བཏོན།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཆིང་ཝུའེ་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་ལ་ཡོངས་སུ་འཐད་པ་ཡིན། སྲིད་གཞུང་བྱ་བའི་སྙན་ཞུ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། ཡིད་ཆེས་བརྟན་པོར་གཏོང་བ། ཡར་བརྩོན་སྐུལ་འདེད་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་རེད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་གཞི》ཡི་དགོངས་དོན་དང་བསྡུར་ནས་ཚན་རིག་དང་མཐུན་པའི་ངང་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། དེ་ནི་འཕེལ་རྒྱས་ཀྱི་ཆོས་ཉིད་དམ་འཛིན་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་མཚོན་པ་བཅས་ཀྱི་འགུལ་སྐྱོད་རྩ་གནད་ཅིག་རེད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུར་ཡོངས་སུ་འཐད་པ་ཡིན། བོད་ལྗོངས་ཀྱིས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་ངང་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་བ། སྐྱེ་ཁམས་དང་མཐའ་མཚམས་བརྟན་བརླིང་འཕེལ་རྒྱས་གཏོང་བའི“དོན་ཆེན་བཞིར”དམིགས་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ལག་ལེན་གྱི་ལེའུ་གསར་པ་རྩོམ་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཧྲུའུ་དབྱང་གིས་བཤད་རྒྱུར། “གཏན་ཕབ་གཉིས”ནི་ངེས་གཏན་མེད་པའི་རང་བཞིན་མཐའ་དག་ལ་གདོང་གཏད་པའི་ངེས་གཏན་རང་བཞིན་ཆེ་ཤོས་དང་། གདེང་ཚོད་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ཡོངས་སུ་ར་སྤྲོད་བྱས་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བས། ང་ཚོས་རང་རྟོགས་སྒོས་བསམ་བློ་དང་། ཆབ་སྲིད། འགུལ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་བརྗིད་ཆེ་བའི་འཆར་གཞི་དེ་མཛེས་པའི་དོན་དངོས་སུ་བསྒྱུར་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཏུང་མིང་ཀྲུའུ་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་། རྒྱལ་སྤྱིའི་རྙོག་འཛིང་ཆེ་བའི་གནས་བབ་འོག ང་ཚོར་འདི་ལྟ་བུའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་བརྒྱ་ཆའི་ལྔ་ཡི་གྲུབ་འབྲས་ལེགས་པོ་ཐོབ་པ་ནི་ལས་སླ་མོ་ཞིག་མིན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། བཟོ་སྐྲུན་ལས་རིགས་ཀྱི་འཐུས་ཚབ་ཡིན་པའི་ཆ་ནས། ང་ཚོས་སྔར་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་དངོས་ཇི་ལྟར་མངོན་འགྱུར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཇི་ལྟར་མངོན་འགྱུར་བྱ་རྒྱུར་བསམ་བློ་གཏོང་དགོས་ལ། ང་ཚོས་འབད་བརྩོན་གྱིས་མཐར་ཐུག་གི་དམིགས་འབེན་མངོན་འགྱུར་བྱས་ཏེ། ང་ཚོའི་ཐོན་རྫས་ཀྱིས་འཛམ་གླིང་སྟེང་ཀྲུང་གོར་གཟི་བརྗིད་བརྩོན་ལེན་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིའུ་ཧུའེ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་ནི་ཁྱོན་ཡོངས་ལ་རྐང་ཚུགས་ནས་མ་འོངས་གཏན་འཁེལ་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ང་ཚོས་རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཀྱི་བཀོད་པ་དང་ཧུར་ཐག་གིས་མཉམ་འདྲེས་བྱས་ཏེ། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཁང་དང་ཐོན་སློབ་ཞིབ་གསུམ་མཉམ་ལས་ཀྱི་སྐྱེ་ཁམས་སྔར་ལས་དམ་ཟབ་འཛུགས་དགོས་ལ། ནུས་ཁུངས་གསར་པའི་རིག་ནུས་དྲ་སྦྲེལ་རླངས་འཁོར་གྱི་ལྟེ་བའི་ལག་རྩལ་གཙོ་གནད་དུ་འགག་སྒྲོལ་བྱས་ཏེ། འཕེལ་རྒྱས་ཀྱི་རང་འགུལ་བདག་དབང་དེ་རང་ཉིད་ཀྱི་ལག་ཏུ་འཛིན་རྒྱུ་ཡིན།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐི་ཀྲ་ཁེ་ཨེར་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་མོས་མཐུན་ཡོད་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་གཅིག་འདོམས་བྱས་པ་དང་། ངལ་བ་དང་དུ་བླངས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ལས་དོན་སོ་སོ་ཏན་ཏིག་ངང་ལེགས་པོར་བསྒྲུབས་པ་བཅས་བྱས་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་ཞིག་རྩོམ་པར་འགན་ལེན་བྱེད་དགོས་པ་བསྟན།
རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཟུར་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝུའུ་ཀྲེང་ལུང་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་བྱ་བའི་སྙན་ཞུ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་མཐའ་གཅིག་ཏུ་མོས་མཐུན་ཡོད་པ་དང་། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་དངོས་གནས་གཅིག་གྱུར་ཡོང་བ་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་དང་ལས་འགན་མངོན་འགྱུར་གང་ཐུབ་བྱེད་དགོས་ལ།“ ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ལེགས་པོ་རྩོམ་པར་འགན་ལེན་ཏན་ཏིག་དང་། དངོས་དོན་སྒྲུབ་པའི་གྲུབ་འབྲས་དངོས་ཀྱིས“གཏན་ཕབ་གཉིས་”ལ་གོང་བཀུར་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་དགོས།
རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཀོང་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་སྣེ་ཁྲིད་དེ་རྒྱལ་ཁབ་ཆེན་པོའི་བར་གྱི་འགྲན་རྩོད་ལ་གདོང་གཏད་པ་དང་། རྒྱལ་ཁབ་ཆེན་པོའི་སྟོབས་ཤུགས་ཇེ་ཆེར་བཏང་ལ། རྒྱལ་ཁབ་ཆེན་པོའི་སྦས་ཤུགས་སྔོག་འདོན་བྱས་པས། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་གལ་ཆེན་བླངས་ཡོད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། སྔར་བས་བློ་རྩ་བརྟན་ཞིང་རང་རྟོགས་ངང“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་དགོས། སྲིད་གཞུང་བྱ་བའི་སྙན་ཞུ་དོན་འཁྱོལ་བྱས་ནས། ལས་ཞུགས་བརྟན་པོ་ཡོང་བ་དེ་དོན་ཆེན་ཨང་དང་པོར་བརྩི་དགོས་པ་དང་། རིག་གནས་དང་ཡུལ་སྐོར། ལུས་རྩལ་བཅས་ཀྱི་འཛད་སྤྱོད་རྒྱུན་མཐུད་ངང་ཇེ་མཐོ་རུ་བཏང་ནས། དམངས་འཚོའི་ཚད་ཐིག་བརྟན་སྲུང་བྱེད་དགོས་པ་བསྟན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིན་ཧའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་གྱིས་སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་དགོས་པའི་མངགས་བཅོལ་གནང་ཡོད། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་གིས་ཀྱང་ང་ཚོའི་ཧའེ་ནན་སྐྱེ་ཁམས་ཞིང་ཆེན་འཛུགས་པར་རྩེ་རིམ་ཇུས་འགོད་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། ལྷག་པར་དུ་ཁྲིམས་གཞུང་གི་འཆར་ཟིན་ནང་ཚ་ཁུལ་ཆར་ནགས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། ཧའེ་ནན་གྱིས་དབུས་རྒྱུད་རི་ཁུལ་གྱི“གློ་ལྗང”དང་ལྷོ་མཚོའི་རྒྱ་མཚོ་སྔོན་པོ་འདི་སྲུང་བར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གསལ་པོ་ཞིག་མཁོ་འདོན་བྱས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པའེ་ཅིན་དབྱང་གིས་བཤད་རྒྱུར། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་གྱིས་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ལོ་ངོ་འདི་དག་རིང་གི་ཉམས་མྱོང་ལེགས་པོ་དག ཐད་ཀར་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྒྲིག་ལམ་བཙན་པོ་ཞིག་ཏུ་གྱུར་པ་རེད། འཕེལ་རྒྱས་འཆར་འགོད་བཟོ་འགོད་དང་དོན་འཁྱོལ་ལག་བསྟར་བྱེད་པ་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་དཔྱད་ཞིབ་བྱེད་པའི་བར་དུ་བརྒྱུད་རིམ་ཧྲིལ་བོ་ཚད་ལྡན་དུ་གྱུར་ཏེ། “འཆར་འགོད་གཅིག་མངོན་འགྱུར་མཐར་ཕྱིན་བྱས་ཡོད།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་ཧོ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསྐྱོད་པར་གོམ་པ་གསར་པ་བརྟན་པོ་སྤོས་ཡོད། སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན། མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ལག་བསྟར་དོན་འཁྱོལ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས་ཁྲིམས་འཛིན་གྱི་འགན་ནུས་བཏོན་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་ཞིག་འཛུགས་དགོས།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡོན་ཀྲང་དབྱིང་ཡུང་གིས་ཨན་ཧུའེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན། འདས་ཟིན་པའི་ལོ་གཅིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་བླངས་པ་དང་། “གཏན་ཕབ་གཉིས”དང“སྲུང་སྐྱོང་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་ནུས་པ་མངོན་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་ཞིག་འཛུགས་རྒྱུར་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱས་ཡོད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱེད་སྐབས་འཐུས་མི་ཚོས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་དམིགས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་སྟེ། ཕྱོགས་གང་ཅིའི་ལས་དོན་ལ་གྲུབ་འབྲས་གསར་པ་བླངས་ཡོད།
རྒྱལ་ཡོངས་དམངས་ཆེན་འཐུས་མི་དབྱང་རུང་གིས་བཤད་རྒྱུར། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། འགན་འཁྲི་འཁུར་ཕོད་པ། ཁྲིམས་འཛུགས་བྱ་བ་གནད་དུ་འཁེལ་ཞིང་དངོས་དོན་གཉེར་བ། ལྟ་སྐུལ་བྱ་བ་ཞི་དྲག་མཉམ་སྤྱོད། འཐུས་མིའི་བྱ་བ་གཏིང་ཟབ་རྒྱ་བསྐྱེད་ཏུ་བཏང་ནས། ཕྱོགས་སོ་སོའི་བྱ་བར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་བླངས་ཡོད། ང་ཚོས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་གཏིང་ཟབ་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར་རོགས་འདེགས་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་འཐུས་མི་ཁེ་ཁེ་ཡིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་འགན་ལེན་བྱེད་དགོས། རང་རྒྱལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་དང་གསོན་ཤུགས་ཆེན་པོ་གསལ་པོར་མངོན་དགོས། ང་ཚོས“གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོ་སྒྲུབ་ཏེ། ཁྲིམས་སྐྱོང་གི་དྲོད་ཁོལ་ལ་བརྟེན་ནས་མི་དམངས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་མཐོ་རུ་གཏོང་དགོས།