རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཐུས་མི་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་ལྟར། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་བཅས་ལ་གཅིག་གྱུར་གྱིས་གྲོས་ཞིབ་བྱས།

རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་། ལམ་ལུགས། ལག་ལེན་གྱི་གྲུབ་འབྲས་བཅས་ཁྲིམས་གཞུང་ཅན་གྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པའི་ཁྲིམས་གཞུང་ཞིག་ཆགས་པར་བྱེད་པ་ནི། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་པར་འདོད། 

 འཆར་ཟིན་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལྟེ་བའི་དོན་སྙིང་དང་། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་མཚོན་ཡོད། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་པའི་ཆ་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ཁྱབ་བསྒྲགས་བྱེད་པ་དེས་རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ནས།  སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་གིས་སྤྱི་འདོམས་བྱེད་པ་དང་། འབྲེལ་ཡོད་ཆེད་དམིགས་བཅའ་ཁྲིམས་ཀྱིས་མཉམ་དུ་གྲུབ་པའི་སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་སྡེ་ཁག་ཅིག་གྲུབ་ཡོད། 

རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་བལྟས་ན། 

 རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཅིག་གྱུར་གྱིས་བལྟས་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བར་གཞི་ཚུགས་པའི་ལོ་རྒྱུས་ཁ་ཕྱོགས་ཤིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཁ་བླངས་པའི་ཉམས་མྱོང་དེ་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་འཛུགས་བྱེད་ཐབས་གལ་ཆེན་གྱི་རིམ་པར་ཇེ་མཐོ་རུ་བཏང་ལ། དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཚོན་ན་དོན་སྙིང་གལ་ཆེན་ལྡན།

 འཆར་ཟིན་ལས་དུས་རབས་གསར་པའི་ཏང་གིས་མི་རིགས་བྱ་བའི་ཁྲོད་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྲུབ་འབྲས་སྤྱི་སྡོམ་དང་མངོན་པར་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་ཞིང་། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་བྱ་བའི་ཆབ་སྲིད་བླང་བྱ་མངོན་པར་བསྟན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤྱིའི་བླང་བྱ་དང་རྩ་དོན་གལ་ཆེན། ཞིབ་ཕྲའི་བྱེད་ཐབས་བཅས་གཏན་འཁེལ་གསལ་བོ་བྱས་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས། 

རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ལོ་ལྔའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱ་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་གཏན་འབེབས་བྱས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པར་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་དོན་སྙིང་གལ་ཆེན་ལྡན་པར་འདོད། 

 འཆར་ཟིན་ལས་དུས་ཡུན་རིང་བོ་དང་ལྷག་པར་དུ་དུས་རབས་གསར་བའི་ཚུན་གྱི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བྱ་བའི་ལེགས་འགྲུབ་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། ལོ་མང་རིང་གི་ལག་བསྟར་ནུས་ལྡན་གྱི་བྱེད་ཐབས་དེ་བཅའ་ཁྲིམས་ལམ་ལུགས་ཀྱི་ཚད་ལྡན་དུ་བརྩིས་ན།  རྒྱལ་ཁབ་འཕེལ་རྒྱས་འཆར་གཞིའི་བྱ་བ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་ཕན་པ་དང་། རྒྱལ་ཁབ་འཕེལ་རྒྱས་འཆར་གཞིའི་འཐབ་ཇུས་བྱེད་ཕྱོགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། 

 རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཁྲིམས་འཛུགས་བྱ་བའི་བརྒྱུད་རིམ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་དེ་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་ལག་ལེན་དུ་བསྟར་ནས།  ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད་པ་དང་།  བཅའ་ཁྲིམས་འཆར་ཟིན་གསུམ་པོས་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་བསྡུ་ལེན་ལེགས་ཙམ་བྱས་ཡོད་པས་ཅུང་གནད་སྨིན་དང་འཐུས་ཚང་བྱུང་ཡོད་པར་འདོད། 

  འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པར་སོ་སོར་བཅའ་ཁྲིམས་འཆར་ཟིན་གསུམ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གྲུབ་འབྲས་སྙན་ཞུ་དང་བཟོ་བཅོས་མ་ཡིག་འབུལ་རྒྱུ་དང་། ཀྲུའུ་ཞིའི་ཚོགས་པས་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་མ་ཡིག་གསུམ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་སྤྲོད་རྒྱུའི་ཐག་བཅད།