
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས11ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་ལས་སྒྲུབ་པའི་འཐུས་མིར་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས།
མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། མི་དམངས་སྲིད་གྲོས་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ། དེ་བཞིན་ཀྲུང་གོ་སྲིད་གྲོས་དུས་དེབ་ཁང་གི་འགན་འཁུར་བློ་མཐུན་དང་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་གི་ལས་ལ་ཞུགས་པའི་གསར་འགོད་པ་དང་རྩོམ་སྒྲིག་པའི་འཐུས་མི་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གསར་འགྱུར་དྲིལ་སྒྲོག་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་བདེ་བླག་ངང་འཇུག་བསྒྲིལ། འདི་ནི་གསར་འགྱུར་ལས་ཁུངས་དང་གསར་འགྱུར་ལས་སྒྲུབ་པའི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད། གྲོས་ཚོགས་ཀྱི་སྐབས་སུ། གསར་འགྱུར་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་གསར་འགྱུར་ཁག་གཅིག་སྒྲོག་སྤེལ་བྱས་ཏེ། གྲོས་ཚོགས་ཀྱི་གནས་ཚུལ་གཟབ་རྒྱས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གྲུབ་འབྲས་ཕྱོགས་ཡོངས་ནས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་མངོན་པར་བྱས་ཡོད། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་མུ་མཐུད་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། མི་དམངས་སྲིད་གྲོས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་རྒྱུན་འཁྱོངས་སྒོས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་པ་དང་“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”སྐུལ་འདེད་གཏོང་བར་དམིགས་ནས་སྲིད་གླེང་ཇུས་འདོན་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་སོགས་ཀྱི་ཐད་རང་འགན་གཙང་སྒྲུབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྒྱ་ཁྱབ་ངང་མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་པའི་ཐུགས་རེ་བཏོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའི་པུའུ་ཀྲང་ལི་ཧྲུའུ་ལེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་བའི་ཝང་ཏུང་ཧྥེང་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།