ཁཱ་ཐར་གྱི་མགོ་ཁྲིད་པས་རྒྱལ་ཁབ་སོ་སོས་འདྲ་མཉམ་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བགོ་བཤའ་བྱེད་དགོས་པའི་འབོད་སྐུལ་བཏང་། 
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཚེས་ཉེར་གཅིག་ཉིན་ཏའོ་ཧཱ་ཡིས་རྒྱལ་ཁབ་སོ་སོས་འདྲ་མཉམ་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བགོ་བཤའ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཐཱ་མུས་མུའུ་ཡིས་ཉིན་དེར་མགོ་བརྩམས་པའི་ཁཱ་ཐར་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་རིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། དགོས་མཁོའི་ཁ་གྲངས་ལས་བརྒལ་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པར་འགྲན་རྩོད་བྱས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཛམ་གླིང་ཁྱབ་ཁོངས་ནང་གི་རིམས་འགོག་བྱ་བར་བཀག་རྒྱ་བཟོ་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དབུལ་ཕོངས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཕེལ་རིམ་ལ་བར་ཆད་བཟོ་ངེས་རེད་ཟེར། ཁོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་རྒྱལ་སྤྱིའི་སྒྲིག་ལམ་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཧུར་ཐག་སྒོས་འགན་འཁྲི་ཁུར་དུ་བླངས་ཤིང་། འགོག་སྨན་འདྲ་མཉམ་གྱིས་ཡོངས་ལ་བགོ་བཤའ་བྱས་ནས། འཛམ་གླིང་གཞི་གཅིག་ཅན་གྱི་སྤྱི་ཚོགས་དང་དཔལ་འབྱོར་མ་ལག་འཛུགས་དགོས་པའི་འབོད་སྐུལ་བཏང་། 

ཐཱ་མུས་མུའུ་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་དངུལ་ལོར་གནས་བབ་མི་བཟང་བས། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལྷག་ཏུ་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་ལ། ཁྱད་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསལ་བྱེད་པའི་ཐད་ཤུགས་སྣོན་དགོས་ཟེར། 

ཐེངས་འདིའི་ཁཱ་ཐར་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་ཞིང་། ཀཱ་ནཱ་དང་དབྱིན་ཇི། ཨ་ཧྥེ་རི་ཁ་ལྷོ་མ། རུ་ཝང་ཏཱ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་འདུས་པའི་མི་བརྒྱ་ལྷག་གིས་གླེང་སྟེགས་སྟེང་གཏམ་བཤད་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ཆབ་སྲིད་ལས་རིགས་དང་ཚོང་དོན་ལས་རིགས་སོགས་ཀྱི་འཐུས་མི་སྟོང་གཉིས་ལྷག་བྱ་འགུལ་ལ་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།