
མཚོ་སྔོན་ཞིང་ཆེན་གྱི་དུར་མཆོད་དུས་ཆེན་སྐབས་སུ་མང་ཚོགས་ཀྱིས་དུར་མཆོད་དུར་ཕྱགས་བྱ་བ་བདེ་འཇགས་དང་གོ་རིམ་ལྡན་པར་སྤེལ་བར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་སྲུང་དེ་རྒྱུན་རྣམ་ཅན་གྱི་འགོག་སྲུང་དོ་དམ་དུ་བསྒྱུར་བར་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་བྱ་བའི་ཐད་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
གཅིག ཡུལ་བབ་དང་བསྟུན་ནས་དུར་མཆོད་དུས་ཆེན་སྐབས་མང་ཚོགས་ཀྱི་དུར་མཆོད་དུར་ཕྱགས་བྱ་བ་བཟང་བོར་བསྒྲུབ་དགོས། རིམས་ནད་འགོག་སྲུང་དང་མང་ཚོགས་ཀྱི་དུར་མཆོད་དུར་ཕྱགས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་། མང་ཚོགས་ཀྱི་རེ་འདོད་དང་དགོས་མཁོ་གཙོར་བཟུང་ནས་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ནས། ས་ཁུལ་སོ་སོས་བྱ་བར་མཐུན་སྦྱོར་བཟང་བོ་བྱ་དགོས་ལ། དམངས་བསམ་པ་དང་དམངས་ལ་གཅེས་པའི་བརྩེ་བ་ཟབ་མོ་ཆགས་པ་དང་བྱ་བའི་ཁག་ཁུར་མངོན་པར་བྱ་དགོས། འདས་མཆོད་ཞབས་ཞུའི་ལས་ཁུངས་སོ་སོས་དུར་ཕྱགས་མང་ཚོགས་ལ་འཐུས་སྒོ་ཚང་བའི་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་པ་དང་། དུར་འཇུག་གི་ཚད་དང་བར་སྟོང་གི་རྒྱ་ཁྱོན། རླངས་འཁོར་འཇོག་ས་སོགས་རྒྱུ་རྐྱེན་ལ་གཞིགས་ཏེ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་མང་ཚོགས་ཀྱིས་སྐོར་ཁག་བགོས་ནས་དུར་མཆོད་དུར་ཕྱགས་བྱེད་པར་སྣེ་ཁྲིད་བྱས་ནས། མི་སྣ་མང་བོ་མཉམ་འདུས་ཀྱི་སྣང་ཚུལ་ཇེ་ཉུང་དུ་གཏོང་དགོས།
གཉིས། མང་ཚོགས་རང་བཞིན་གྱི་དུར་མཆོད་དུར་ཕྱགས་བྱ་འགུལ་རྩ་འཛུགས་བྱ་མི་རུང་། ས་ཁུལ་སོ་སོས་ཐུན་མོང་གིས་དུར་མཆོད་བྱེད་པ་དང་། མཉམ་དུ་གྱེས་ཕྱག་འབུལ་བ། རུས་ཐལ་གཅིག་བསྡུས་སྒོས་འཇོག་པ། ཡུལ་དངོས་ཀྱི་དྲིལ་སྒྲོག་འགྲེམ་སྟོན་སོགས་མང་ཚོགས་རང་བཞིན་གྱི་བྱ་འགུལ་རྩ་འཛུགས་བྱེད་མཚམས་བཞག་སྟེ། གང་ནུས་ཀྱིས་ཞིང་ཆེན་བརྒལ་ནས་དུར་ཕྱགས་བྱེད་དུ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས། དུར་མཆོད་དུས་ཆེན་སྐབས་སུ། ས་ཁུལ་སོ་སོས་གྲོང་ནང་དུ་གནས་སྐབས་ཀྱི་དུར་མཆོད་བྱེད་ས་བཙུགས་ཏེ། སྒོ་འབྱེད་དུས་ཚོད་གསལ་བོར་བསྒྲགས་པ་དང་མང་ཚོགས་ཀྱིས་ཉེ་ས་ནས་དུར་མཆོད་དུར་ཕྱགས་བྱེད་པར་ཁྲིད་སྟོན་བྱ་དགོས། འདས་མཆོད་ཞབས་ཞུའི་ལས་ཁུངས་སུ་འདས་མཆོད་ཤོག་སྒོར་བསྲེག་པ་དང་། ཤོག་སྦགས་འགད་པ་གཏན་འགོག་བྱ་དགོས་ལ། ཤོག་བུ་བསྲེག་སའི་སྣོད་དང་ཤོག་བསྲེག་མེ་ཐབ་གང་ཡང་བཀོལ་སྤྱོད་བྱེད་མི་རུང་།
གསུམ། ལྷད་མེད་དང་དཔལ་ཡོན། བདེ་འཇགས་བཅས་ཀྱི་དུར་མཆོད་དུར་ཕྱགས་དར་སྤེལ་བྱ་དགོས། དུར་མཆོད་དུས་ཆེན་སྐབས་ཀྱི་དུར་མཆོད་དུར་ཕྱགས་དང་འདས་པོའི་སྙིང་སྟོབས་རིག་གནས་ཀྱི་རྒྱུན་འཛིན་ཟུང་འབྲེལ་བྱས་ཏེ་དུར་མཆོད་དུར་ཕྱགས་བྱེད་ཐབས་གསར་གཏོད་བྱ་དགོས། མང་ཚོགས་ཀྱིས་གཞི་རྒྱ་ཆུང་བའི་ཁྱིམ་ཚང་གི་མྱ་ངན་ཚོགས་འདུ་དང་དུར་མཆོད་མེ་ཏོག་འབུལ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་འདས་པོར་མྱ་ངན་ཞུ་བར་སྐུལ་མ་གཏོང་དགོས། འདས་མཆོད་ཞབས་ཞུའི་ལས་ཁུངས་སོ་སོས་དྲ་རྒྱའི་དུར་མཆོད་དུར་ཕྱགས་དང་དུར་མཆོད་དུར་ཕྱགས་ཚབ་བྱེད་ཞབས་ཞུ་སྤེལ་བ་དང་། གླ་རིན་མེད་པར་དམིགས་བསལ་གྱི་མང་ཚོགས་ལ་གཙང་ཕྱགས་དང་། དུར་རྡོ་གཙང་མར་བྱེད་པ། མེ་ཏོག་འབུལ་བ་སོགས་གཞི་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་ཡོད། སྲིད་འཛིན་ལས་དོན་སྡེ་ཁག་དང་ཁེ་ལས་ཀྱིས་བབ་བསྟུན་གྱིས་ལས་བྱེད་པ་དང་ལས་བཟོ་བའི་དུར་མཆོད་དུར་ཕྱགས་དུས་ཚོད་བཀོད་སྒྲིག་བྱེད་པ་དང་། བྱ་བར་གནོད་པ་མེད་པའི་གནས་ཚུལ་འོག་ཏུ་རེས་མོས་ཀྱིས་དུར་མཆོད་དུར་ཕྱགས་བྱེད་དུ་འཇུག་པར་སྐུལ་མ་ཡོད།
བཞི། ཚན་རིག་དང་མཐུན་ཞིང་ཡང་དག་པའི་སྒོ་ནས་དུར་མཆོད་དུར་ཕྱགས་བྱ་བའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། འདས་མཆོད་ཞབས་ཞུའི་ལས་ཁུངས་ཀྱིས་ཚོགས་ར་གཙོ་བོ་དང་ས་ཁུལ་གཙོ་བོ། ལས་རིམ་གཙོ་བོ་བཅས་ཀྱི་མི་མངོན་པའི་ཉེན་ཁ་རྩད་ཞིབ་བྱ་དགོས། དམངས་སྲིད་སྡེ་ཁག་གིས་ཞིབ་བཤེར་ལྟ་རྟོག་བྱ་བ་བཟང་བོར་བསྒྲུབ་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་འདས་མཆོད་བྱ་འགུལ་ཁྲོད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཆམ་ཕབ་ནན་མོ་བཏང་སྟེ། ཚོང་རའི་སྒྲིག་ལམ་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས། སྤྱི་བདེ་དང་འགྲིམ་འགྲུལ། འཕྲལ་སྒྲུབ་སོགས་སྡེ་ཁག་གིས་ས་ཁོངས་གཙོ་བོའི་སྤྱི་ཐུན་སྒུལ་ཤུགས་དང་གཞུང་ལམ་དུ་ཤར་བགྲོད་ཐུབ་པར་འགན་སྲུང་བྱེད་པ་དང་། རྒྱུན་ལྡན་གྱི་འགྲིམ་འགྲུལ་དང་དུར་མཆོད་དུར་ཕྱགས་ཡུལ་དངོས་ཀྱི་བདེ་སྲུང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ནས། ས་ཁོངས་གཙོ་བོའི་ལས་རེས་སྐོར་ཞིབ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་པའི་བྱ་བ་བཟང་བོར་བསྒྲུབ་དགོས།
ལྔ། ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བ་དམ་འཛིན་ནན་མོ་བྱ་དགོས། ས་ཁུལ་སོ་སོས་དཔྱིད་ཀར་ནགས་ཚལ་དང་རྩྭ་སར་མེ་སྐྱོན་འབྱུང་ཚད་མཐོ་བའི་དོན་དངོས་དང་ཟུང་འབྲེལ་སྒོས། རིམ་པ་བཞིན་དུ་མེ་འགོག་འགན་འཁྲི་དང་མེ་འགོག་བྱེད་ཐབས་དངོས་འབེབ་བྱེད་པ་དང་། ཐབས་ལམ་མང་བོས་དཔལ་ཡོན་དང་ཁོར་སྲུང་གི་དུར་མཆོད་དུར་ཕྱགས་ཀྱི་དར་སྲོལ་གསར་བ་དར་སྤེལ་དུ་གཏོང་བ། དུར་ས་ནས་འདས་མཆོད་ཤོག་སྒོར་བསྲེག་པ་དང་སྤོས་སྒྲོན་པ། ཤོག་སྦགས་འགད་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱས་ཏེ། མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ས་ཁོངས་གཙོ་བོ་དང་གནད་འགག་གི་གནས་སུ་ཆེད་མི་བཀོད་སྒྲིག་བྱས་ཏེ་ལྟ་རྟོག་བྱེད་པ་དང་། དོགས་ཟོན་ནན་མོ་བྱས་ནས་དུས་ཆེན་སྐབས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བདེ་འཇགས་ལ་ཁག་ཐེག་བྱ་དགོས།
དྲུག སྤྱི་ཐུན་ཚོགས་རའི་དུག་སེལ་བྱ་བ་ནན་སྒྲུབ་བྱ་དགོས། འདས་མཆོད་ཞབས་ཞུའི་ལས་ཁུངས་སོ་སོས་ལས་བྱེད་མི་སྣའི་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། རང་སྟེང་གི་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགོག་སྲུང་སྒྲིག་ཆས་འདང་ངེས་བཀོད་སྒྲིག་བྱེད་པ། སྣེ་ལེན་ཚོམས་ཁང་དང་རུས་ཐལ་ཁང་སོགས་ཀྱི་གནས་སུ་ཐེངས་མང་བོར་དུག་སེལ་བྱ་དགོས་པར་མ་ཟད། དུག་སེལ་བྱས་པའི་ཐོ་འགོད་བྱ་བ་བཟང་བོར་བསྒྲུབ་དགོས། སྤྱིའི་སྤྱོད་ཁང་སོགས་སུ་ལག་འཁྲུད་འདག་རྫས་སྒྲིག་སྦྱོར་བྱས་ཏེ་མང་ཚོགས་ཀྱིས་བེད་སྤྱོད་བྱེད་པར་སྟབས་བདེ་བཟོ་དགོས།
བདུན། རིམ་པ་དང་ས་ཁུལ་དགར་ནས་བྱ་བའི་ཇུས་གཞི་གཏན་འབེབས་བྱ་དགོས། ས་ཁུལ་སོ་སོས་ས་ཁོངས་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་པ་དང་། གཅིག་གྱུར་བཀོད་འདོམ་དང་། གཅིག་འདོམ་འཆར་འགོད། རོགས་ལས་མཉམ་འབྲེལ་བཅས་བྱས་ཏེ། འདས་མཆོད་ཞབས་ཞུའི་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། ས་ཁུལ་དང་རིམ་པ་དགར་ནས་དུར་མཆོད་དུས་ཆེན་སྐབས་ཀྱི་དུར་མཆོད་དུར་ཕྱགས་བྱ་བའི་ཇུས་གཞི་དང་འཕྲལ་སྒྲུབ་འགན་སྲུང་ཇུས་གཞི་གཏན་འབེབས་བྱ་དགོས་པ་དང་། དཔལ་ཡོན་ལྡན་པའི་དུར་མཆོད་དུར་ཕྱགས་ཀྱི་འདུ་ཤེས་གསར་བ་དང་བྱེད་ཐབས་གསར་བ་དྲིལ་སྒྲོག་གང་ལེགས་བྱས་ཏེ། དུས་ལྟར་མང་ཚོགས་ཀྱི་ལུགས་མཐུན་བསམ་འཆར་གྲོས་གཞི་དང་ལེན་སྒོས། རིམས་ནད་འགོག་བཅོས་དང་མང་ཚོགས་ཀྱི་དུར་མཆོད་དུར་ཕྱགས་ཀྱི་དགོས་མཁོ་བསྐོང་བ་གཉིས་ཟུང་འབྲེལ་བྱེད་པར་མངོན་འགྱུར་བྱ་དགོས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།
2020ལོའི་ཟླ3པའི་ཚེས31ཉིན།
ཡིག་སྒྱུར་བ། བསོད་ནམས་ཚེ་རིང་།