

སྒྲ་སྙན་རྡུང་ལེན་ནི་ཀྲུང་ཧྭ་རིག་གནས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་སྒྱུ་རྩལ་ཞིག་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་ལ། མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འདི་ཉིད་སྲུང་སྐྱོབ་དང་རྒྱུད་འཛིན་དར་སྤེལ་བྱ་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ད་བར་དུ་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཆེན་མོ་སྐབས་དྲུག་ལ་སྤེལ་བ་རེད། ཀྲུང་དབྱང་གི་སྐབས་བདུན་པའི་བོད་ལྗོངས་བྱ་བའི་ཚོགས་འདུ་འཚོགས་པར་གཞོགས་འདེགས་དང་། མི་རིགས་སོ་སོ་ཐུན་མོང་སྒོས་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་ཡོང་བར་སྐུལ་འདེད།“ཁ་འབྲལ་ཐབས་མེད་པ་གསུམ་”དང་“ངོས་འཛིན་ལྔ་”ཡི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བར་དམིགས་ནས། ད་ལོའི་ཟླ་6པ་ནས་ཟླ་10པའི་བར། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་སྤེལ་རྒྱུ་རེད།
སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་ནི་མངའ་ཁོངས་དང་ཞིང་ཆེན་ལས་བརྒལ་བའི་འགྲན་སྡུར་ཞིག་ཡིན་པས། ཐོག་མའི་འགྲན་སྡུར་གྱི་ཡན་ལག་འགྲན་ཁུལ་དུ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་འགྲན་ཁུལ་དང་མཚོ་ལྷོ་འགྲན་ཁུལ། རྨ་ལྷོ་འགྲན་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་གཙོས་འགྲན་ཁུལ་དང་། ཀླུ་ཆུ་འགྲན་ཁུལ། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁྱུང་མཆུ་འགྲན་ཁུལ། དཀར་མཛེས་ཁུལ་གྱི་གསེར་རྟ་འགྲན་ཁུལ། བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་འགྲན་ཁུལ་དང་ལྷ་ས་འགྲན་ཁུལ་བཅས་འགྲན་ཁུལ་དགུ་རུ་བགོས་ཡོད་པ་རེད།
ད་ལོའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་ལེགས་འགྲུབ་ཡོང་བར་ཐོག་མའི་འགྲན་སྡུར་གྱི་ཡན་ལག་འགྲན་ཁུལ་ཁག་གི་འཛུགས་གཉེར་བྱ་ཡུལ་གྱི་འབྲེལ་ཡོད་ལས་ཁུངས་དག་གི་གཞོགས་འདེགས་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཆེད། ཟླ5པའི་ཚེས6ཉིན་ནས་ཚེས15ཉིན་བར། སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱ་བའི་སྣེ་ཁྲིད་ཚན་ཆུང་ཐེངས་འདིའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་གྱི་ཐོག་མའི་འགྲན་ཁུལ་དག་ལ་སོང་ནས་འབྲེལ་ཡོད་ལས་ཁུངས་དག་དང་འབྲེལ་གཏུགས་དང་འགྲན་སྡུར་སྤེལ་ཡུལ་གྱི་ཚོགས་ར་གཏན་འཁེལ་བྱས།
དེ་ཡང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྒྱབ་སྐྱོར་བརྒྱུད་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་སྤེལ་ཡུལ་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་གཏན་འཁེལ་བྱས་པ་དང་། རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་། རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་བཅས་ཀྱི་རྒྱབ་སྐྱོར་བརྒྱུད་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་སྤེལ་ཡུལ་རྨ་ལྷོ་གངས་ཀྱི་པདྨོ་ཟློས་གར་འཁྲབ་སྦྱོང་ལྟེ་གནས་གཏན་འཁེལ་བྱས། ཀན་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྒྱབ་སྐྱོར་བརྒྱུད་གཙོས་འགྲན་ཁུལ་གྱི་འགྲན་སྡུར་སྤེལ་ཡུལ་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་གཏན་འཁེལ་བྱས། ཀན་ལྷོ་ཀླུ་ཆུ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་། ཀླུ་ཆུ་རྫོང་མཉམ་འདྲིས་སྨྱན་བྱད་ལྟེ་གནས་ཀྱི་རྒྱབ་སྐྱོར་བརྒྱུད་ཀླུ་ཆུ་འགྲན་ཁུལ་གྱི་འགྲན་སྡུར་སྤེལ་ཡུལ་ཀླུ་ཆུ་མི་དམངས་ཚོགས་ཁང་གཏན་འཁེལ་བྱས། ཟི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་། ཁྱུང་མཆུ་རྫོང་མཉམ་འདྲིས་སྨྱན་བྱད་ལྟེ་གནས་ཀྱི་རྒྱབ་སྐྱོར་བརྒྱུད་རྔ་བ་འགྲན་ཁུལ་གྱི་འགྲན་སྡུར་སྤེལ་ཡུལ་ཁྱུང་མཆུའི་ཚོགས་ཁང་ཆེན་མོ་གཏན་འཁེལ་བྱས།
མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་སྤྱི་ཟླ་དྲུག་པའི་ཟླ་འགོ་ནས་དངོས་སུ་མགོ་རྩོམ་རྒྱུ་ཡིན་པས། རྒྱ་ཆེའི་འགྲན་ཞུགས་རྡུང་ལེན་མཁན་དག་གིས་གྲ་སྒྲིག་གང་ལེགས་གནང་རོགས།







