

ཉི་འོད་འོག་ཏུ་སྐམ་པའི་ཕིང་དེ་ཀྲང་ཧྲི་ཚའེ་དང་སན་ཅའོ་ཁྲིན་གྱི་སྡེ་དམངས་རྣམས་ལ་མཚོན་ནས་བཤད་ན། དེ་ནི་བདེ་སྐྱིད་དང་རེ་བ་རེད།
དགུན་དུས་ཀྱི་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞང་ཧྭ་བོད་རིགས་ཡུལ་ཚོ་སན་ཅའོ་ཁྲིན་སྡེ་བ་རུ་གྱོན་གོས་དཀར་པོ་གྱོན་པ་དང་། ཁ་བ་མཐུག་པོ་ལས་ཉི་འོད་ལྡོག་འཕྲོ་བྱེད་པ་དེས་དེ་གའི་ཉི་འོད་དེ་ས་ཆ་གཞན་ལས་ཁྱད་དུ་འཕགས་པ་དང་འདྲ་ལ། ཐང་ཆེན་དུ་ཉི་མར་སྐམ་པའི་ཕིང་མང་པོ་དེ་ལས་ཀྱང་བཀྲག་མདངས་འཚེར་བ་ཞིག་རེད།
ཉིན་འདི་དག་གི་རིང་ལ་གནམ་གཤིས་ཇེ་བཟང་དུ་སོང་ཡོད་པས། སྡེ་མི་ཀྲང་ཧྲི་ཚའེ་ཡིས་དུས་ཚོད་དམ་འཛིན་བྱས་ཏེ་སྡེ་བའི་ནང་དུ་ཐོན་སྐྱེད་བྱས་པའི་ཕིང་ཉི་མར་སྐམ་པ་དང་སྐམ་རྗེས་བསྡམས་བུ་རྒྱག་བཞིན་ཡོད། “སྔོན་ཆད་དགུན་ཁར་སྒོ་འགྲམ་དུ་ཉི་མ་ལྡེ་ཞོར་ཁ་བརྡ་བྱེད་བཞིན་ཡོད་ལ། བྱ་བ་ཅི་ཡང་སྒྲུབ་བཞིན་མེད་པར་སྒྱིད་ལུག་བྱེད་ཀྱིན་ཡོད། ད་ལྟ་ལས་ཀ་ལས་རྒྱུ་ཡོད་པས་མི་ཚང་མའི་སྙིང་སྟོབས་ཀྱང་མི་འདྲ་བར་གྱུར་ཡོད།” སྐད་ཆ་དེ་ནི་གང་བྱུང་དུ་བཤད་པ་མ་ཡིན་པར་ལོ་དྲུག་ཅུ་ལ་སླེབས་པའི་ཀྲང་ཧྲི་ཚའེ་ནི་ཞིང་སྡེ་ནང་གི་ལོ་ཚོད་དེའི་མི་དང་གཏན་ནས་མི་འདྲ།
ཀྲང་ཧྲི་ཚའེ་ཡིས་བཤད་པའི་ཕིང་གི་བཟོ་གྲྭ་ནི་སན་ཅའོ་ཁྲིན་སྡེ་བས2020ལོའི་ཟླ་བཅུ་པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་བྱས་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་རེད། སན་ཅའོ་ཁྲིན་སྡེ་བའི“ཧྲུའུ་ཅི་དང་པོ”ཚའོ་ཧྲིག་ལིན་གྱིས་བཤད་རྒྱུར། མ་གཞི་ཕིང་གི་བཟོ་གྲྭ་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གདམ་ག་དང་པོ་མིན། སྐབས་དེ་དུས་སྡེ་བའི་ནང་དུའང་ཞིང་སྡེའི་ཡུལ་སྐོར་གཉེར་འདོད་ཡོད་མོད། འོན་ཀྱང་རང་སྡེ་བ་དང་ཐག་མི་རིང་པའི་ཅང་ཅོན་ཀིག་སྡེ་བའི་ཡུལ་སྐོར་གཞི་ཁྱོན་རགས་ཙམ་ཆགས་ཡོད་པས། སྤུས་ཚད་གཅིག་པའི་འགྲན་རྩོད་མི་ཡོང་བ་བྱ་ཆེད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་ཡང་ཡང་བྱས་པ་བརྒྱུད། མཇུག་མཐར་སྡེ་བའི་ནང་ཕིང་གི་བཟོ་གྲྭ་ཞིག་འཛུགས་རྒྱུའི་ཐག་བཅད་པ་དང་། ཐག་བཅད་པའི་རྒྱུ་རྐྱེན་ནི་གཉིས་ཡོད་དེ། དེ་ནི་རྒྱུ་ཆ་དང་ཁྲོམ་ར་གཉིས་རེད།
ཚའོ་ཧྲིག་ལིན་གྱིས་བཤད་རྒྱུར། སྐབས་དེ་དུས་ཁོ་ཚོ་ཏ་ཐུང་རྫོང་གི་ས་གནས་གཞན་དག་ཏུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས་ཁྱིམ་ཚང་མང་པོས་ཕིང་ལས་ནས་ཁྲོམ་རའི་ཐོག་ཚོང་ཧ་ཅང་བྲིན་པོ་ཡོད་པ་མ་ཟད། ལོ་གཅིག་ནང་ཡོང་འབབ་ཀྱང་ཧ་ཅང་མང་པོ་ཡོད་པ་ཤེས་རྟོགས་བྱུང་། གཞན་ཡང་། ཞང་ཧྭ་ཡུལ་ཚོའི་ལོ་རེའི་ཞོག་ཁོག་གི་ཐོན་ཚད་ནི་ཧ་ཅང་བཟང་པས་ཕིང་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་གནད་དོན་མེད་པར་གྱུར། དེ་དང་ཆབས་ཅིག ཕིང་གི་བཟོ་གྲྭ་བཙུགས་ཚེ་དབུལ་ཕོངས་ཁྱིམ་ཚང་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱེད་ཐུབ་པ་མ་ཟད། སན་ཅའོ་ཁྲིན་སྡེ་བའི་ཉེ་འགྲམ་གྱི་ལིག་ཧྲེ་ཁིག་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་བྱེད་ཐུབ་ཟེར།
ཕྱོགས་མང་པོ་ནས་བསམ་གཞིགས་བཏང་བ་བརྒྱུད། སན་ཅའོ་ཁྲིན་སྡེ་བའི་ནང་ལས་སྣོན་དང་བྲིན་ཚོང་གཞི་གཅིག་ཅན་གྱི་ཕིང་གི་བཟོ་གྲྭ་ཞིག་བཙུགས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་ཁག་ཐེག་བྱས།
དེ་བས། 2020ལོའི་ཟླ་ལྔ་པར། སྡེ་བའི་ནང་དུ་ཕིང་གི་བཟོ་གྲྭ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ལོ་དེའི་ཟླ་བཅུ་པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་བྱེད་མགོ་བརྩམས། “ཐོན་སྐྱེད་བྱེད་མགོ་བརྩམས་རྗེས་ང་ཚོས་ཞོག་ཁོག་ཏུན་ལྔ་བརྒྱ་ཉོ་སྒྲུབ་བྱས་པ་དང་། མིག་སྔར་བལྟས་ན་ཡོང་འབབ་ཧ་ལམ་མ་རྐང་འཇོག་སྐབས་དང་དོ་སྙོམས་བྱུང་ཡོད། རྗེས་མཐུད་ཐོན་འབབ་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག་ཡོང་འབབ་ཀྱང་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད”ཅེས་ཚའོ་ཧྲིག་ལིན་གྱིས་དེ་ལྟར་བཤད།
ད་ལྟ། ཕིང་གི་བཟོ་གྲྭའི་ནང་ལས་ཀ་ལས་མཁན་མི་དོན་བཞི་ནི་སན་ཅའོ་ཁྲིན་སྡེ་བ་དང་ལིག་ཧྲོས་ཁིག་སྡེ་བའི་ཡིན་པ་མ་ཟད། བཟོ་གྲྭའི་ནང་གི་ལས་མི་བསྡུ་སྐབས་སྔོན་ལ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ལ་བསམ་བློ་གཏོང་གིན་ཡོད་པ་མ་ཟད། ལས་བགོས་མི་འདྲ་བ་ལྟར་ཚད་གཞི་མི་འདྲ་བའི་གླ་ཕོགས་སྟེར་གྱིན་ཡོད། “སྤྱིར་བཏང་དུ་བཟོ་གྲྭའི་ནང་ཐོན་སྐྱེད་འགན་འཁུར་མཁན་གྱི་བཟོ་བའི་ཉིན་རེའི་གླ་ཆ་སྒོར་བརྒྱ་དང་ལྔ་བཅུ་ཡིན་པ་དང་། དོ་དམ་མི་སྣ་ཉིན་གཅིག་ལ་སྒོར་བརྒྱ་ཡིན”ཞེས་ཚའོ་ཧྲིག་ལིན་གྱིས་དེ་ལྟར་བཤད་པ་དང་། གལ་སྲིད་ལས་ཀ་ཡག་པོ་ལས་ཚེ་སྡེ་བའི་ནང་གི་ཡུན་རིང་ལས་ཀ་ལས་མཁན་དུ་བརྩི་བཞིན་ཡོད།
རགས་རྩིས་བྱས་ན། ཀྲང་ཧྲི་ཚའེ་ཡིས་ཕིང་གི་བཟོ་གྲྭའི་ནང་ཧ་ལམ་ཟླ་བ་གཉིས་ལྷག་ལ་ལས་ཀ་ལས། “ངས་བཟོ་གྲྭའི་ནང་དོ་དམ་དང་རྩིས་གཉེར་ལས་དོན་གྱི་འགན་འཁུར་གྱིན་ཡོད། ཉིན་རེར་གླ་ཆ་སྒོར་བརྒྱ་ཡིན།” ཀྲང་ཧྲི་ཚའེ་ཡིས་བཤད་པ་ལྟར་ན། ཟླ་གཉིས་ལྷག་ཙམ་གྱི་དུས་ཚོད་ནང་ཁོས་ཡོང་འབབ་སྒོར་སྟོང་དྲུག་ལྷག་ཙམ་བླངས། ཀྲང་ཧྲི་ཚའེ་ཡི་ཁྱིམ་དུ་ཁོའི་ལོ་གཅིག་གི་ཡོང་འབབ་ཁོ་ན་སྒོར་ཁྲི་གཉིས་ལྷག་ཙམ་ཡོད། “ད་ལྟའི་འཚོ་བ་སྔོན་ཆད་ལས་ཇེ་བཟང་དུ་སོང་ཡོད།”
ཕིང་གི་བཟོ་གྲྭ་ནི་སན་ཅའོ་ཁྲིན་སྡེ་བའི་མཐོ་ས་ཞིག་ཏུ་གནས་ཡོད། ཕྱི་རོལ་ནས་བལྟས་ན་ཁུ་སིམ་པའི་བཟོ་ཁང་ཞིག་ཡིན་མོད། དེའི་ནང་དུ་ཚ་རླངས་ཀྱིས་ཁེངས་བའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་རེད།
ཞོག་ཁོག་གི་ཕྱེ་དེ་འཕྲུལ་ཆས་ཀྱི་གོ་རིམ་བཞིན་ལེགས་འགྲུབ་བྱུང་བའི“ལམ་བུ”དེ་འཕྲུལ་ཆས་ཀྱི་མཇུག་མཐའི་དུས་སུ་སླེབས་སྐབས་བཟོ་དབྱིབས་སུ་གྱུར་ཡོད་པ་རེད། འོན་ཀྱང་མཐར་ཆུའི་ནང་སྦངས་པའི་བརྒྱུད་རིམ་དེ་དབྱི་ཧྲོང་མེ་དང་མི་གསུམ་གྱིས་མཉམ་དུ་སྒྲུབ་དགོས། “ད་ལྟ་འདི་གར་ལས་ཀ་ལས་ན་ཧ་ཅང་བཟང་། ཁྱིམ་དང་ཐག་ཉེ་བས་ཁྱིམ་མིར་བདག་སྐྱོང་ཡང་བྱེད་ཐུབ”ཟེར།
དབྱི་ཧྲོང་མའེ་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། འོན་ཀྱང་ད་ལྟའི་འཚོ་བ་སྔོན་གྱི་དཀའ་ཁག་ཆེ་བ་ནས་ཇེ་བཟང་དུ་གྱུར་ཡོད་པ་དང་། ཁོ་ཚོས་དེའི་ཁྲོད་ནས་སྤྲོ་སྣང་ཕྲན་བུ་མྱོང་ཚོར་བྱེད་ཀྱིན་ཡོད། “ད་ལྟ་ཉིན་ལྟར་གནས་འདིར་ལས་ཀ་ལས་སུ་ཡོང་ཚེ་ཡོང་འབབ་བཙལ་ཐུབ་པ་མ་ཟད། ཁྱིམ་ཚང་ལའང་ལྟ་རྟོག་བྱེད་ཐུབ་པས་སེམས་ནས་ཧ་ཅང་དགའ་བ་ཞིག་རེད”ཅེས་བཤད།
དབྱི་ཧྲོང་མའེ་ཚང2018ལོའི་ལོ་མཇུག་ཏུ་དབུལ་ཐར་བྱས་ཡོད་མོད། འོན་ཀྱང་ཕིང་གི་བཟོ་གྲྭའི་བྱ་བ་དེས་ཁོ་མོ་ཚང་གི་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་རུ་བཅུག
སན་ཅའོ་ཁྲིན་སྡེ་བ་ནི་རི་ཁུལ་དུ་གནས་ཡོད་པ་དང་། ལོ་བཅུའི་ནང་ལོ་དགུ་ལ་ཐན་པ་ཡིན་པའི་དབུལ་ཕོངས་སྡེ་བ་ཞིག་རེད། ད་ལྟ་རང་ཉིད་ལ་དབང་པའི་དཔལ་འབྱོར་མ་ལག་ཆ་ཚང་ཞིག་བཙུགས་ཡོད། “མིག་སྔར་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཕིང་གི་བཟོ་གྲྭ་མ་གཏོགས་ད་དུང་འོད་ཤུགས་དང་ས་ཞིང་འཁོར་རྒྱུག ཤར་ནུབ་རོགས་ལས་སོགས་ཡོད་པ་དེས་རྗེས་མཐུད་ཀྱི་ཞིང་སྡེ་དར་སྤེལ་འགྲོ་རྒྱུར་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ཐོན་ངེས་རེད།”
ཚའོ་ཧྲིག་ལིན་གྱིས་བཤད་རྒྱུར། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་འཁོར་རྒྱུག་བཟང་པོ་ཡོང་ཆེད། སན་ཅའོ་ཁྲིན་སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་གཞི་རྩའི་ཆ་ནས་ལག་བསྟར་བྱས་པའི“532”བགོ་བཤའི་ལམ་སྲོལ་ལག་བསྟར་བྱས་པ་དང་། བརྒྱ་ཆའི་ལྔ་བཅུ་ཡི་ཡོང་འབབ་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུའི་ཐད་སྤྱོད་པ་དང་། བརྒྱ་ཆའི་སུམ་ཅུ་ཡི་ཡོང་འབབ་དེ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་པ། ལྷག་མའི་བརྒྱ་ཆའི་ཉི་ཤུ་དེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་སོགས་ཀྱི་ཐད་བཀོལ་སྤྱོད་བྱེད་ཀྱིན་ཡོད་ཟེར།
ད་ལྟ། སན་ཅའོ་ཁྲིན་སྡེ་བའི་སྡེ་མི་ལ་མཚོན་ནས་བཤད་ན། ཉི་འོད་འོག་ཏུ་སྐམ་པའི་ཕིང་དེ་ནི་དགུན་ཁའི་ཁ་བ་དང་མཚུངས་ལ། དེས་ལོ་རྗེའི་མའི་རེ་བ་མཚོན་ཡོད།
ལོ་ཙཱ་བ། ཤ་བོ་རིན་མཚོ།