
“བཟོ་གྲྭའི་ནང་གི་འཕྲུལ་འཁོར་གྱི་སྐད་སྒྲ་ཐོས་སྐབས་ངའི་བློ་སེམས་བདེ་ལ་འབབ་ཐུབ”ཅེས་བཤད། ཐར་སྲུང་གིས་ཐག་རིང་གི་བཟོ་ཁང་ལ་མཛུབ་མོ་བསྟན་ནས་བཤད་རྒྱུར། ལོ་ལྔའི་སྔོན་ལ། རིན་གོང་སྒོར་ས་ཡ་ལྷག་གི་ཐོན་སྐྱེད་སྒྲིག་ཆས་ག་ལ་ཡོད་དེ། ཡུལ་ཚོ་ཡོངས་སུ་ཐོན་སྐྱེད་འཁོར་ཁང་བཟང་བོ་ཞིག་ཀྱང་མེད་ཅེས་བཤད།
ཐར་སྲུང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡིན་ཞིང་། ཁོམ་པ་རེ་བྱུང་ཚེ་ཁོ་རང་ཡུལ་ཚོའི་སྐྱེ་ལྡན་ལུད་རྫས་བཟོ་གྲྭར་སོང་ནས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་རུ་འབྲོག་པས་གཟན་རྩྭའི་རྟེན་གཞི་རུ་རྩྭ་བསྡམས་འཕྲུལ་ཆས་ལ་བརྟེན་ནས་ལས་ཀ་ལས་ཀྱིན་པ།
རྐྱང་ཆད་ཡུལ་ཚོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པ་དང་། ཆ་སྙོམས་ཀྱི་ས་མགོའི་མཐོ་ཚད་མུས་སུམ་སྟོང་དགུ་བརྒྱ་ཡོད་པ་དང་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན། 2016ལོར། ཐར་སྲུང་རྐྱང་ཆད་ཡུལ་ཚོ་རུ་ཐོན་པ་དང་མིག་ལམ་དུ་མཐོང་བ་ལས་ཁོའི་སེམས་ལ་གཡོ་འགུལ་ཐེབས། བྱེ་རྡོའི་ལམ་ཁོད་མི་སྙོམས་པ་དང་མང་ཚོགས་ཀྱི་སྡོད་ཁང་རྙིང་ལ་བལྟ་ཐབས་བྲལ་བ་ཞིག་རེད། ཁྱིམ་ཚང་རེར་ཕྱུགས་རྫིའི་ངལ་རྩོལ་ནུས་པ་གཅིག་ཡོད་པ་ཕུད་མི་གཞན་ལ་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ཡག་པོ་མེད།
“ལོ་ངོ་མང་པོའི་རིང་། ཕྱུགས་ཟོག་ཚད་བརྒལ་གྱིས་འཚོས་པས་རྐྱང་ཆད་ཡུལ་ཚོའི་རྩྭ་ས་ཉམས་ཞན་དུ་གྱུར་བ་དང་། རྩྭ་ས་ཉམས་ཞན་དུ་གྱུར་ཏེ་ནོར་ལུག་འཚོ་གནས་ཐུབ་རྒྱུར་ཉེན་ཁ་བཟོས་ནས་འཁོར་སྐྱོད་ངན་པའི་ཕྱོགས་སུ་སོང་ཡོད”ཅེས་བཤད། དབུལ་ཐར་གྱི་ལམ་བུར་ཇི་ལྟར་བསྐྱོད་དགོས་སམ། བརྟག་དཔྱད་བྱས་ནས་གནས་ཚུལ་རྒྱུས་ལོན་བྱས་རྗེས།
ཐར་སྲུང་གིས་བསམ་པར་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་གསོ་སྤེལ་གྱི་གཞི་ཁྱོན་ཆུང་བ་དང་སྟོབས་ཤུགས་ཞན་པས། མཉམ་འབྲེལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཚེ་རྐྱང་ཆད་ཡུལ་ཚོའི་མ་འོངས་པ་སྔར་ལས་ཇེ་བཟང་དུ་འགྱུར་སྲིད།
ས་གནས་དེ་གའི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ལ་འགྱུར་ལྡོག་གཏོང་ཆེད། ཐར་སྲུང་ཁྱིམ་ཚང་རེ་རེར་སོང་ནས་འབྲོག་པ་མང་ཚོགས་མཉམ་ལས་ཁང་དུ་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད། ཟླ་གཉིས་ཙམ་གྱི་དུས་ཚོད་སྤྱད་ནས་ཁོ་རང་ཡུལ་ཚོ་ཡོངས་ཀྱི་སྡེ་བ་བཞི་ལ་བསྐྱོད་དེ་བསམ་བློའི་ཐད་ཀྱི་སེམས་ཁྲལ་དང་ཞུགས་འདོད་མེད་པའི་འབྲོག་པ་ཁྱིམ་ཚང་ལ་ཡང་དང་བསྐྱར་དུ་སོང་ནས་ཁ་ཏ་སློབ་གསོ་ཡང་ཡང་བཏང་།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་རུ་སྡེ་དམངས་ཀྱིས་བསྡུ་ལེན་བྱས་པའི་གཟན་རྩྭ་ལེགས་སྒྲིག་བྱེད་བཞིན་པ།
རང་ཁྱིམ་གྱི་ནོར་གནག་མཉམ་ལས་ཁང་དུ་ཞུགས་རྗེས་སྤྱི་ལ་དབང་བའི་རྒྱུ་ནོར་དུ་འགྱུར་རྒྱུའི་སེམས་ཁྲལ་བྱེད་ཀྱིན་ཡོད། ལུང་སྐྱིད་སྡེ་བའི་འབྲོག་པ་རྡོ་ཚེ་མཉམ་ལས་ཁང་དུ་ཞུགས་རྒྱུར་ཐེ་ཚོམ་སྐྱེས་ཀྱིན་ཡོད། རྡོ་ཚེ་ཡིས་བཤད་རྒྱུར། “ཧྲུའུ་ཅི་ཐར་སྲུང་ཐེངས་གསུམ་པར་སླེབས་སྐབས་བྲང་ཁ་བརྡུངས་ནས་ང་ལ་ཁས་ལེན་ཞུ་ཡིག་འབྲི་སྲིད་པ་དང་། གྱོང་གུད་གང་ཡོད་ཀྱང་ཁོས་འགན་ཁུར”ཅེས་བཤད།
ཐར་སྲུང་གིས“འཛེར་མ་འབལ”བའི་སེམས་ཤུགས་བརྟན་པོ་བཅངས་ནས་རྡོ་ཚེ་ལ་གོ་སྐོན་བློ་འགུག་བྱས་ཏེ་ཁས་ལེན་བྱེད་དུ་བཅུག་པ་དང་། འབྲོག་པ་ཁྱིམ་ཚང་བརྒྱ་ལྷག་གིས་འབོད་སྐུལ་དང་ལེན་བྱས་ནས། རྩྭ་ས་དང་ཕྱུགས་ཟོག་དངུལ་ལ་ཕབ་སྟེ་མ་རྐང་ནང་ཞུགས་པའི་བྱ་ཐབས་སྤྱད་ནས་མཉམ་ལས་ཁང་ནང་ཞུགས་ཏེ། བསྡོམས་པས་རྩྭ་ས་མུའུ་འབུམ་བདུན་ལྷག་ཙམ་དང་ནོར་གནག་སྟོང་ལྔ་རིམ་གྱིས་ཧྲིལ་བསྡུས་བྱས་པ་རེད། མིག་སྔར། ཡུལ་ཚོ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཞི་པོ་ཚང་མ་མ་རྐང་ལམ་ལུགས་ལ་སྒྱུར་བཀོད་བྱས་པ་དང་། 2018ལོ་ནས་བཟུང་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་དགུ་ལྷག་ཙམ་བླངས་ཡོད།
འཚོ་བའི་འགྱུར་ལྡོག་དེ་ཡུལ་ཚོ་ཡོངས་ཀྱི་ཕྱོགས་གང་སར་ཁྱབ་ཡོད་པ་དང་། རྐྱང་ཆད་ཡུལ་ཚོའི་ཆ་ཆུ་ནག་སྡེ་བའི་འབྲོག་པ་བསོད་རིན་དེ་སྔོན་སྡེ་བའི་ནང་གི་ཕྱུགས་ཟོག་མེད་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་ཤིག་རེད། ད་ལྟ་མཉམ་ལས་ཁང་དུ་ལུག་འཚོས་ནས་འཚོ་བ་རོལ་གྱིན་ཡོད་པས་ཟླ་རེར་གླ་ཕོགས་སྒོར་སྟོང་གཉིས་དང་ལྔ་བརྒྱ་ལེན་གྱིན་ཡོད། ལོ་གསར་གྱི་སྔོན་ལ། ཁོ་ལ་ད་དུང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་སྟོང་གཉིས་ལྷག་གི་བགོ་བཤའ་བརྒྱབ། བསོད་རིན་གྱིས་བཤད་རྒྱུར། ད་ལོའི་དཔྱིད་གསར་དུས་ཆེན་སྐབས། བཟའ་མི་ཚང་མས་གྱོན་གོས་གསར་པ་ཉོས་པ་མ་ཟད་ད་དུང་ལུག་ཤ་རྒྱ་མ་ལྔ་བཅུ་ལྷག་ཙམ་ཉར་གསོག་བྱས་ཡོད་ཟེར།
“དེ་སྔོན་སྡེ་མི་མང་ཆེ་ཤོས་ས་ཁང་དུ་བསྡད་ཡོད་པ་དང་། སྡེ་བའི་ནང་དུ་སྲ་འགྱུར་ལམ་དང་གློག་སྒྲོན་སོགས་རྨང་གཞིའི་སྒྲིག་ཆས་གཅིག་ཀྱང་མེད།”ཆ་ཆུ་ནག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུ་བྷོ་ཡིས་བཤད་རྒྱུར། ད་ལྟ། ཆ་ཆུ་ནག་སྡེ་བར་སྤྱི་ལེ་གསུམ་དང་གྲངས་ཆུང་བཞི་ཡི་སྡེ་བའི་ནང་ཁུལ་གྱི་བགྲོད་ལམ་ལས་ཡོད་པ་དང་། ཁྱིམ་ཚང་མང་པོ་སྡོད་གནས་གསར་པར་སྤར་ཡོད་པ་མ་ཟད། ཉེ་རིང་གང་སར་སྐད་གྲགས་ཆོད་པའི“འབྱོར་འབྲིང་དཔེ་སྟོན་སྡེ་བར”གྱུར་ཡོད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་རུ་འབྲོག་པས་གཟན་རྩྭ་སྐྱེལ་འདྲེན་བྱེད་བཞིན་པ།
མཉམ་ལས་ཁང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། འབྲོག་པའི་ཡོང་འབབ་རིམ་བཞིན་ཇེ་མང་དུ་སོང་མོད། འོན་ཀྱང་ཐར་སྲུང་གིས་རྐྱང་ཆད་ཡུལ་ཚོའི་འཕེལ་རྒྱས་ཀྱི་འགག་རྩ་མཐོང་ལ། ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ནུས་པ་མེད་པས་ཁྲོམ་རའི་འགྲན་རྩོད་ནུས་པ་ཞན།
གོ་རིམ་རྗེས་མའི་ལམ་གང་དུ་ཡོད་དམ། “གལ་ཏེ་ཁེ་ལས་ཀྱི་རོགས་སྐྱོར་ཡོད་ཚེ། གཅིག་བསྡུས་བྱས་རྗེས་ཀྱི་རྩྭ་ས་དང་ནོར་ལུགས་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད”ཅེས་ཐར་སྲུང་གིས་དེ་ལྟར་བཤད།
2017ལོར། ཐར་སྲུང་གིས་རྐྱང་ཆད་ཡུལ་ཚོར་རྟོག་ཞིབ་བྱེད་དུ་ཡོང་མཁན་གྱི་ཁེ་ལས་པ་ཡུས་ཞའོ་ཧྲན་ངོ་ཤེས། རྟོག་ཞིབ་དང་བསམ་བློ་བརྗེ་རེས་ཐེངས་མང་བྱས་རྗེས། ཡུས་ཞའོ་ཧྲན་གྱིས་གནས་དེའི་ནོར་གནག་དང་སྐྱེ་ལྡན་ལུད་རྫས། རྩྭ་ས་སོགས་ཐོན་ཁུངས་ཀྱི་འཕེལ་རྒྱས་སྦས་ཤུགས་མཐོང་བ་མ་ཟད། མ་དངུལ་བཏང་སྟེ་དགའ་བདེ་རྫོང་གངས་རི་ཞིང་ཕྱུགས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་རེད། མིག་སྔར། རྐྱང་ཆད་ཡུལ་ཚོའི་མཉམ་ལས་ཁང་སོ་སོའི་འབྲོག་པའི་ཕྱུགས་ཟོག་དང་རྩྭ་སར་སྦྲེལ་མཐུད་བྱས་ཏེ། རྒྱུན་ཆད་མེད་པར་རྒྱུ་ཆ་མཁོ་འདོན་བྱེད་ཀྱིན་ཡོད་མོད། འོན་ཀྱང་གངས་རི་ཀུང་སིས་རྒྱུ་ཆ་ལས་སྣོན་ཞིབ་ཚགས་བྱས་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་གིན་ཡོད།
རྒྱུས་ལོན་པ་ལྟར་ན། གངས་རི་ཀུང་སིས་འབྲོག་པར་རྩྭ་ས་མུའུ་སྟོང་ལྔ་བོགས་མར་བཏང་བ་དང་། གཟན་རྩྭ་འདེབས་འཛུགས་མཉམ་ལས་ཁང་ལ་སྐུལ་ཁྲིད་བྱས་ནས་འཕྲུལ་ཆས་ཅན་གྱི་ལས་ཀ་ལས་སུ་བཅུག ལོ་རེའི་སྔོ་རྩྭ་ཐོན་ཚད་ཏུན་སྟོང་གཅིག་དང་ལྔ་བརྒྱ་ཟིན་གྱིན་ཡོད། “རྩྭ་བསྡམས་བུ་གཅིག་ལ་ཡོང་འབབ་སྒོར་གཉིས་ཡོད་པ་དང་། གལ་སྲིད་རྩྭ་འབྲེག་འཕྲུལ་འཁོར་ཡོད་ཚེ་ཉིན་གཅིག་ལ་ཡོང་འབབ་སྒོར་བདུན་བརྒྱ་ལེན་ཐུབ”ཅེས་ལུང་སྐྱིད་སྡེ་བའི་འབྲོག་པ་རིག་གསལ་བསྟན་པས་དེ་ལྟར་བཤད།
“ཚང་མའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་མཐོང་བས། ངས་བསམ་ན་ལོ་ལྔའི་རིང་གི་བྱ་བ་ཚང་མ་རིན་ཐང་ཡོད་པ་ཞིག་རེད”ཅེས་ཐར་སྲུང་གིས་དེ་ལྟར་བཤད་པ་དང་། རྗེས་ཕྱོགས་འོ་མའི་ཐོན་རྫས་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་སྔར་ལས་མང་པོ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་ཏེ། ཞིང་སྡེ་དར་སྤེལ་གཏོང་བའི་དམིགས་འབེན་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཟེར།
ལོ་ཙཱ་བ། ཤ་བོ་རིན་མཚོ།