ན་གོར་མོ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་དམངས་སེམས་འགན་སྲུང་ལས་གཞི་ཆེན་པོ་ལྔར་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 108

 ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་།“དམངས་སེམས་འགན་སྲུང་ལས་གཞི་ཆེན་པོ་ལྔ”རྩ་འཛུགས་བྱས་ནས་ལག་བསྟར་བྱས་ཏེ། ཧུར་ཐག་དང་རང་འགུལ་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས།

ཁྱོན་ཡོངས་ནས་ཉེན་ཚབ་ཁྲོད་ཞུགས་པའི་ཁྱབ་ཁོངས་རྒྱ་བསྐྱེད་པའི“ སེམས་ཤུགས་འདོན་པའི”ལས་གཞི་ལག་བསྟར་བྱས།  གྲོང་ཁྱེར་དེས་དམངས་ཡོངས་ཉེན་ཚབ་ཁྲོད་ཞུགས་པའི་མཛོད་ལ་བརྟེན་ནས་གྲངས་གཞིའི་ཐོན་ཁུངས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། ཉེན་ཚབ་ཁྲོད་ཞུགས་མེད་པའི་མི་སྣ་དང་གྲོན་དངུལ་སྤྲོད་མཚམས་ཆད་པའི་མི་སྣ་གནད་སྨིན་གཏན་འཁེལ་བྱས་ཤིང་། ཧུར་ཐག་གིས་མང་ཚོགས་ཉེན་ཚབ་ཁྲོད་ཞུགས་ནས་གྲོན་དངུལ་སྤྲོད་པར་སྐུལ་སློང་བྱས་པར་མ་ཟད། སྤྱི་ཚོགས་འགན་སྲུང་ཉེན་ཚབ་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་། མིག་སྔའི་བར་གསར་དུ་ལས་འགོ་ཚུགས་པའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི35ལ་ལས་རྨས་ཉེན་ཚབ་ཁྲོད་ཞུགས་པའི་འགྲོ་ལུགས་སྒྲུབ་པ་དང་ཉེན་ཚབ་ཁྲོད་ཞུགས་ཚད100%ཟིན་ཡོད་པ་རེད།

ཁེ་ལས་ལ་རོགས་སྐྱོར་བྱས་ནས་འཕེལ་རྒྱས་གཏོང་བའི“ཡིད་ཆེས”ལས་གཞི་ལག་བསྟར་བྱས།  གྲོང་ཁྱེར་དེས་དུས་མཚམས་རང་བཞིན་གྱི་ལས་རྨས་དང་ལས་ཤོར་ཉེན་ཚབ་ཀྱི་གྲོན་དངུལ་གྱི་ཚད་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས་ཁེ་ལས་ཀྱི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་བ་དང་། ཁེ་ལས་ཀྱིས་ལས་ཐོན་སླར་གསོ་བྱེད་པར་རོགས་རམ་བྱས་པ་རེད། ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཡོད་པའི་ཁེ་ལས་ལ་སྤྱི་ཚོགས་ཉེན་ཚབ་གྲོན་དངུལ་དུས་འགྱངས་ཀྱིས་སྤྲོད་ཆོག་པ་དང་།  དཀའ་ཁག་ཆེ་བའི་ཁེ་ལས་དཀའ་ཁག་ལས་ཐར་བར་རོགས་རམ་བྱས།  ལས་མི་ཉུང་འཕྲི་མི་བྱེད་པའམ་ཡང་ན་ལས་མི་ཇེ་ཉུང་དུ་མི་གཏོང་བའི་ཁེ་ལས་ལ་ལས་གནས་ཇེ་བརྟན་དུ་བཏང་ནས་མ་དངུལ་ཕྱིར་སློག་བྱས། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཉེན་ཚབ་ཁྲོད་ཞུགས་པའི་ལས་ཁུངས་ལ་ལས་ཤོར་དང་། ལས་རྨས་མ་གནས་སྒོར་ས་ཡ་བརྒྱད་འབུམ་གཉིས་ཁྲི་དགུ་དང་སྒོར་ས་ཡ་དྲུག་འབུམ་གཉིས་ཁྲི་བརྒྱད་ལྷག་གྲོན་ཆུང་བྱས་པ་དང་། ཁྱོན་སྡོམ་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་དྲུག་ཟིན་ཡོད་པ་རེད།

ཐོབ་ཐང་ཆུ་ཚད་བརྟན་པོའི་ངང་འཕར་བར་བྱེད་པའི“དྲོད་ཁོལ”ལས་གཞི་ལག་བསྟར་བྱས། གྲོང་ཁྱེར་དེས་ལས་ཤོར་ཉེན་ཚབ་ཀྱི་འགན་སྲུང་ཁྱབ་རྒྱ་ཇེ་ཆེ་དང་ཚད་གཞི་ཇེ་མཐོར་བཏང་སྟེ་ལས་ཤོར་མ་དངུལ་གྱི་ཚད་གཞི་དང་། རྨས་སྐྱོན་ཁ་གསབ་མ་དངུལ། གཉེན་ཉེར་བསྙེན་བཀུར་བྱེད་པའི་འཆི་གོད་གྱོང་གསབ་རོགས་དངུལ་བཅས་ཀྱི་ཐོབ་ཐང་བརྟན་པོའི་ངང་ཇེ་མཐོར་བཏང་།  དམིགས་བསལ་གྱི་དོན་དག་དམིགས་བསལ་གྱིས་སྒྲུབ་པ་དང་། ཛ་དྲག་ཆེ་བའི་དོན་དག་འཕྲལ་མར་སྒྲུབ་པའི་རྩ་དོན་ལྟར།  ཐོབ་ཐང་གཏོང་སྤྲོད་ཀྱི་སྟབས་བདེའི་ལམ་བུ་བཏོད་པ་མ་ཟད། གསལ་བཤད་ཁས་ལེན་ལམ་ལུགས་ཀྱི་བླང་བྱ་ལྟར་དཔང་ཡིག་ཇེ་ཉུང་དུ་བཏང་བ་དང་།  དུས་ཐོག་ཏུ་འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་བྱས་ནས་སྤུས་ལེགས་ནུས་ཆེའི་སྤྱི་ཚོགས་འགན་སྲུང་ཞབས་ཞུ་མཁོ་འདོན་བྱས། མིག་སྔའི་བར་གྲོང་ཁྱེར་དེའི་མི་ཁྲི་གཅིག་སྟོང་དགུ་བཞི་བརྒྱ་ཉེར་གཅིག་ལ་རིམ་བསགས་ཀྱིས་རྒན་གསོའི་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་ལྔ་སྤྲད་པ་དང་། ལས་ཤོར་མི་སྣར་ལས་ཤོར་མ་དངུལ་དང་། ཁ་གསབ་མ་དངུལ། སྨན་རིན་ཚབ་སྤྲོད་བཅས་ཁྱོན་སྡོམ་མ་དངུལ་སྒོར་ས་ཡ་གཉིས་འབུམ་དགུ་ཁྲི་གཉིས་སྟོང་དྲུག་བདུན་བརྒྱ་སྤྲད་པ་རེད།

ཉེན་ཁ་སེལ་ནས་བདེ་འཇགས་འགན་སྲུང་བྱེད་པའི“བློས་འཁེལ”ལས་གཞི་ལག་བསྟར་བྱས། གྲོང་ཁྱེར་དེས་ནང་ཁུལ་གྱི་ཚོད་འཛིན་ལམ་ལུགས་གཞི་རྩའི་ཆ་ནས་ཚད་ལྡན་དུ་བཏང་བ་དང་།“ཁྱོན་ཡོངས་ནས་མེད་པར་བཟོ་བ་གསུམ་”དང་།   ཁེ་ལས་ཀྱི་ལས་བཟོ་བའི་རྒན་གསོ་ཉེན་ཚབ་སྔ་སྣུར་དུ་ལས་འཁྱུར་ངལ་གསོ་དང་ལས་རྨས་ཉེན་ཚབ་སོགས་གཙོ་གནད་དོན་ཚན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ལས་ཤོར་གྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་ཇུས་གཞི་དོན་འཁྱོལ་བྱས་ནས། གཞི་ཁྱོན་ཅན་གྱི་ལས་ཤོར་མི་ཡོང་བར་འགན་ལེན་བྱས། མིག་སྔའི་བར་དུ། མི་ལྔ་ཡིས་གཡོ་ལེན་དང་སྒྲིག་འགལ་ངང་བླངས་བའི་རྒན་གསོ་མ་དངུལ་སྒོར་འབུམ་གསུམ་ཁྲི་བདུན་སྟོང་བཞི་ཕྱིར་བླངས་ཡོད།

ཞབས་ཞུའི་ཕན་ནུས་དང་ཆུ་ཚད་མཐོ་རུ་གཏོང་བའི“ཉེར་བཅར”ལས་གཞི་ལག་བསྟར་བྱས། གྲོང་ཁྱེར་དེས་རྒན་གསོའི་ཐོབ་ཐང་གི་ཐོབ་ཐང་བདེན་དཔང་ར་སྤྲོད་དང་། ས་གཞན་དུ་སྨན་བཅོས་དང་རྩིས་ཞུ་སོགས་སྤྱི་ཚོགས་ཉེན་ཚབ་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་སྒྲུབ་གཉེར་བྱས་ཤིང་། ཐོག་མ་སྒྲུབ་མཁན་གྱི་འགན་འཁུར་ལམ་ལུགས་དང་དུས་བཀག་ནང་སྒྲུབ་པའི་ལམ་ལུགས་དོན་འཁྱོལ་བྱས་པ་དང་། “གསར་གཏོད་གསུམ་དང་བརྩོན་ལེན་གསུམ”གྱི་ཏང་འཛུགས་སྐྲུན་སྤུས་རྟགས་གོ་སྐབས་སུ་བྱས་ནས།  “ཏང་ཡོན་དཔེ་སྟོན་ལས་གནས”དང“ས་མཐོའི་གདོང་མཆོང་ལས་གནས”བཙུགས་པ་དང་།  སྤྱི་ཚོགས་ཉེན་ཚབ་ལས་སྒོའི“ ཉེན་ཚབ་གསུམ་གཅིག་བསྡུ”དང་། “དྲ་གཅིག་ཀུན་སྒྲུབ”ཀྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། རྒན་གསོ་དང་། ལས་རྨས། ལས་ཤོར་བཅས་དྲ་བ་གཅིག་ནས་སྒྲུབ་པ་བརྒྱུད་དེ།  བསྡོམས་པས་ལས་སྒོ་སྣ་ཚོགས7365སྒྲུབ་པ་དང་།  མི1108ལ་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ལས་བརྒལ་བའི་རྒན་གསོའི་ཉེན་ཚབ་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་བྱས་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།